རེབ་གོང་བོན་བརྒྱ་དགོན་པའི་དགུན་དུས་ཀྱི་རྒྱུགས་སྤྲོད་ཆེན་མོ།  

མདོ་སྨད་རེབ་གོང་བོན་བརྒྱ་དགོན་ལྔ་རིག་གཞུང་ཆེན་ཐོས་བསམ་བཤད་སྒྲུབ་སློབ་གླིང་གི་དགུན་དུས་ཀྱི་རྒྱུགས་སྤྲོད་ཆེན་མོའི་ངང་ཚུལ་ཁུ་བྱུག་སྔོན་མོའི་མགྲིན་དབྱངས།

མང་བུ་བློ་གྲོས་རྒྱལ་མཚན།    ༼   རེབ་གོང ༽

      དེ་ཡང་ལྷོ་འཛམ་བུ་གླིང་གི་ཡུལ་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད། རི་ཆུ་ནགས་གསུམ་དང་ལྗོན་ཤིང་གཡུ་ལོ་སྣ་ཚོགས་ཕུན་སུམ་ཚོགས་པའི་ཞིང་། གོང་ན་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ལ་འགྲན་ཟླ་བྲལ་བའི་ངེས་དོན་གྱི་སྐྱེས་ཆེན་དམ་པ་དབུ་རུ་བཞུགས་ཤིང་བར་ན་འཆད་རྩོད་རྩོམ་གསུམ་གྱི་དྲི་ངད་ཕྱོགས་བཅུར་ལྡིང་བའི་ངུར་སྨྲིག་གི་དཔུང་ཚོགས་ལྷན་སྐྱེས་ཀྱིས་འཛོམས་ཤིང་། མཐའ་ན་དད་ལྡན་མང་ཚོགས་ཀྱི་ཕྱག་ཟུང་ཐལ་མོ་སྙིང་ཁར་སྦྱར་སའི་གནས་མཆོག་གམ་བཤད་སྒྲུབ་གཉིས་འཛོམས་ཀྱི་བོན་དགོན་ཆེན་མོ་རི་སྨན་རི་སྨུག་པོའི་ཉེ་འདབས་སུ་ཆགས་པའི་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ཞེས་གྲགས་པ་དེའི་ལྔ་རིག་གཞུང་ཆེན་ཐོས་བསམ་བཤད་སྒྲུབ་སློབ་གླིང་གི་དགུན་དུས་ཀྱི་མཇུག་རྒྱུགས་ཆེན་མོ་ཡི་ངང་ཚུལ་མཐའ་དག་ནི་བཅུ་ཕྲག་རིག་པའི་གཞུང་ལུགས་ལ་ནང་བྱན་མ་ཆུད་པའི་བློ་རྨོངས་པ་བདག་ལྟ་བུ་ཞིག་གིས་འབྲི་མི་བཏུབ་ཀྱང་མ་གསང་མ་མཁྱུད་པའི་ངང་ནས་ཤེས་ཚོད་ཙམ་པོ་བ་རེ་གླེང་བར་བྱ། ང་ཚོ་བོན་བརྒྱ་དགོན་གྱི་ལྔ་རིག་གཞུང་ཆེན་ཐོས་བསམ་བཤད་སྒྲུབ་སློབ་གླིང་ནི་འཛིན་ཁག་བཞི་དང་དགེ་སློབ་བཞི་བཅུར་ཉེ་བ་ལྷག་གིས་གྲུབ་ཡོད་ལ་སྤྱི་ལོ་ཉིས་སྟོང་བཅུ་དྲུག་གི་དགུན་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ཉིན་མོར་ད་ལོའི་དགུན་ཟླ་འདི་དག་གི་རིང་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་ཁྲོད་ནས་དཔེ་ཀློག་བྱས་པའི་གྲུབ་འབྲས་དང་བློ་རིག་གི་རྩལ་ཤུགས་དེ་དབེན་ཞིང་ཉམས་དགའ་བའི་སྐྱེད་ཚལ་ལྷོ་འདོད་འབྱུང་གསས་ཁང་ཆེན་མོའི་རྒྱུགས་ར་ནས་མངོན་པ་ཡིན་ལ།སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ཚོགས་ཆེན་འདུ་ཁང་ཆེན་མོའི་གཤམ་འོག་གི་རྒྱུགས་ར་ལ་འཛོམས་སྟེ་མཁན་པོ་ཡེ་ཤེས་བློ་གྲོས་དང་ཀྲུའུ་རིན་རྩེ་གཞུང་གཡུང་དྲུང་བསྟན་འཛིན། དགེ་བསྐོས་སྐལ་བཟང་ལྷུན་གྲུབ་རྣམ་པ་ཚོས་བཀོད་སྒྲིག་ལེགས་པར་མཛད་ནས་དུས་ཚོད་དགུ་ཡི་སྟེང་དངོས་སུ་ཡིག་རྒྱུགས་ཀྱི་མགོ་བརྩམས་དེ་འཛིན་གྲྭ་གོང་མ་དག་ལ་མཛོད་དང་ཕར་ཕྱིན་གྱི་ཡིག་རྒྱུགས་བླངས་ཤིང་འཛིན་གྲྭ་ཞོལ་མ་དག་ལ་སྡུད་གྲྭ་དང་དག་ཡིག་སོགས་ཀྱི་ཡིག་རྒྱུགས་ཕུན་སུམ་ཚོགས་པ་བླངས། ཞོགས་པའི་ཉི་འོད་དྲོ་ཙམ་ལ་བསྟུན་ནས་ཡང་བསྐྱར་བསྟུད་མར་འཛིན་གྲྭ་གོང་མ་རྣམས་ལ་རྩིས་ཀྱི་ཡིག་རྒྱུགས་བླངས་ཤིང་འཛིན་གྲྭ་ཞོལ་མ་དག་ལ་བརྡ་སྤྲོད་ཉེར་བདུན་གྱི་ཡིག་རྒྱུགས་བླངས་ནས་དབེན་ཞིང་ཉམས་དགའ་བའི་རྒྱུགས་ར་ནས་རིག་པའི་རྩལ་ཤུགས་མངོན་པ་ལེགས། ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་ལྷོ་འདོད་འབྱུང་གསས་ཁང་ཆེན་མོའི་གཤམ་འོག་གི་སྐྱེད་ཚལ་ནས་གཞལ་བྱ་དབུ་ཚད་རིག་པའི་རྩོད་རྒྱུགས་ལ་འཚོགས་ནས་འཛིན་ཁག་སོ་སོའི་བློ་གསལ་སློབ་བུ་དག་གིས་ཀྱང་རིམ་བཞིན་ཕར་ཕྱིན་དང་། ས་ལམ། ཚད་མ་། སྡུད་གྲྭ་སོགས་ཀྱི་སྐོར་ནས་རྩོད་པ་རྒྱ་ཆེར་བྱེད་སྐབས་གཟན་དམར་དཔྱི་བར་དཀྱུས་ཤིང་ཕྲེང་བ་ལག་པར་བླངས་ནས་ལག་ཟུང་གི་ཐལ་བརྡབ་ཀྱི་ཁྲོད་ནས་བརྗིད་ཉམས་ཀྱང་ཧ་ལས་པ་བསྟན།བར་སྐབས་སུ་མཁན་པོ་ཡེ་ཤེས་བློ་གྲོས་མཆོག་དང་རྩེ་གཞུང་གཡུང་དྲུང་བསྟན་འཛིན་བློ་གསལ་དོན་གཉེར་ཅན་གྱི་སློབ་བུ་བསྟན་འཛིན་མཆོག་སྒྲུབ་དག་ནས་གཞུང་ལུགས་ཀྱི་དཀའ་གནད་ཐམས་ཅད་རབ་ཏུ་བསལ་ནས་ཡང་དག་པའི་སློབ་གསོ་གཙོ་ཆེར་གནང་།དེ་རྗེས་བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས་དང་རང་དགོན་གྱི་ཀྲུའུ་རིན་རྩེ་གཞུང་གཡུང་དྲུང་བསྟན་འཛིན་དག་ནས་དྲི་མེད་ཀྱི་བསླབ་བྱ་རབ་དང་རིམ་པ་གནང་ནས་མཇུག་མཐར་བསྟན་དར་སྨོན་ལམ་གྱི་དབྱངས་རྟའི་ཁྲོད་ནས་མཇུག་རྫོགས་སོ། ། དྲིན་ཆེན་དགེ་རྒན་དམ་པའི་བཀའ་སློབ་དང་།། བརྩེ་ལྡན་འཛིན་གྲོགས་དག་གི་རྣམ་དཔྱོད་ཀྱིས།། སློབ་གྲྭར་བསྟོད་ཚིག་རགས་ཙམ་བྲིས་པ་ལས།། འཛད་མེད་སྙིང་སྟོབས་བསྩལ་འདི་ཁྱེད་ཚོའི་དྲིན།། མང་བུ་བློ་རྒྱལ་འབོད་པའི་བློ་རྨོངས་ངས།། དེང་གི་ངང་ཚུལ་འདི་ཙམ་བྲིས་པ་འདི།། སེམས་ཅན་སྡུག་གི་མཚོ་མོ་ལས་གྲོལ་ནས།། ཡོད་ཚད་བདེ་བའི་རྒྱུ་རུ་གྱུར་ཅིག་གུ།།

2016 .12 .1  ཉིན་བཟང་པོར་བྲིས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།