བོད་མེ་མོ་བྱ་ལོའི་བོན་བརྒྱ་དགོན་པའི་སྨོན་ལམ་ཆེན་མོ།

བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བོད་མེ་བྱ་ལོའི་སྨོན་ལམ་ཆེན་མོ་ལ་བསྟོད་པ་ཡིད་སེམས་མགུ་བའི་དབྱངས།

རྩོམ་པ་པོ། མང་བུ་བློ་གྲོས་རྒྱལ་མཚན།  རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

སྔ་དུམ།
རྒྱལ་རོང་ཡུལ་དུ་བལྟམས་པའི་ཚེས་བཟང་གི་སྐབས་ལ།།
རྒྱལ་བཟང་གོས་སྐུ་ཆེན་མོ་རྔམ་བརྗིད་ཀྱིས་བཤམས་སྟེ།།
རྒྱལ་བ་སངས་རྒྱས་ཀུན་ལས་རྣམ་པར་ནི་རྒྱལ་བའི།།
རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་ནི་བསུའོ།།

རྒྱལ་མོ་ཚ་བ་རོང་གི་སྟེགས་ཅོག་ཏུ་འབོད་པས།།
རྒྱལ་ཆེན་ཡབ་ཡུམ་ཟུང་གི་ཟུངས་ཁྲག་ལས་འཁྲུངས་རྗེས།།
རྒྱལ་ཁམས་མཐའ་དག་འགྲིམས་པའི་ངེས་དོན་གྱི་སྲས་པོ།།
རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་ནི་བསྟོད་དོ།།

རྒྱལ་གསུང་བདུད་རྩིའི་ཐིགས་པ་སྲིད་རྩེ་རུ་འཕྱོ་བ།།
རྒྱལ་བ་གཤེན་རབ་མི་བོའི་ཡང་ཤུལ་གྱི་མཛད་རྗེས།།
རྒྱལ་གཤེན་བསྟན་པ་འདི་ཡི་སྲོག་ཤིང་དུ་གྱུར་བའི།།
རྒྱལ་སྲས་ཐུ་བོ་རྣམས་ནི་སྐྱབས་ཡུལ་གྱི་གཞི་མ།།

བོན༵་གཤེན་བརྒྱ་༵སྟོང་འབུམ་ཁྲིའི་དགེ༵་ལེག༵ས་ཀྱི་གཞུང་ལུགས།
བོན་སྟོན་གཤེན་རབ་ཇི་བཞིན་ལྷུན༵་གྲུབ༵་ཀྱིས་མཁྱེན་ཞིང་།
བོན་གཞུང་རྒྱ་༵མཚོ༵འི་སྡེའང་རང་གཟུགས་ཀྱིས་རྟོགས་པའི།
བོན་གྱེར་གདངས་ཀྱིས་འདུད་ས་གསེར་མདོག་གི་ཉི་མ།

སྐུ་༵བརྗིད་མི་འགྱུར་གཏེར་གྱི་ཞིང་ཁམས་སུ་བྱོན་ན།།
སྐུ་༵གཟུགས་བདེ་ཞིང་སྐྱིད་པའི་སྨོན་ལམ་ནི་ངས་འདེབས།།
སྐུ་༵མཆོག་མི་འགྱུར་ལྷུན་པོ་རི་རབ་བཞིན་བརྟན་ནས།།
སྐུ་༵ཚེ་བསྐལ་བརྒྱར་བཞུགས་རོགས་ཡིད་བཞིན་གྱི་ནོར་བུ།།

མཁའ་མཐའི་མགུལ་དུ་བརྒྱན་པའི་གསེར་མདོག་གི་འོད་ཟེར།།
མཁའ་ཁྱབ་སེམས་ཅན་ཀུན་ལ་རིས་མེད་དུ་སྦྱིན་ཡང་།།
མཁའ་ལམ་དབྱིངས་སུ་བཀྲ་བའི་དཀར་གསལ་གྱི་ཟླ་བ།།
མཁའ་མཉམ་འགྲོ་བའི་མགོན་དུ་རྟག་བརྟན་གྱིས་འཚོ་རོགས།།

བར་དུམ།

སྨན་ལྗོངས་སྨན་རི་ལྷུན་པོའི་དཔངས་ཚད་དེ་མཐོ་ཞིང་།།
སྨན་ཁུག་དཔག་བསམ་ལྗོན་པའི་འཇོ་སྒེག་གིས་མཛེས་པ།།
སྨན་ཆབ་གཙང་ཆུ་སྔོན་མོའི་བཞུར་རྒྱུན་གྱིས་བརྒྱན་པའི།།
སྨན་རི་བཤད་སྒྲུབ་སྨིན་གྲོལ་དགའ་ཚལ་འདི་བསྟོད་དོ།།

སྐྱབས་གཅིག་རྗེ་བཙུན་བླ་མའི་ཀུན་མཁྱེན་ཀྱི་དགོངས་རྟོགས།།
སྐྱབས་གནས་ཡུལ་མཆོག་གནས་བཞིའི་དགོངས་པ་དང་འཁུ་ཞིང་།།

སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་བརྗིད་ཀྱི་ལང་ཚོ།།
སྐྱབས་མཆོག་མཚུངས་མེད་ངང་ནས་བཞུཊ་པ་ནི་བསྟོད་དོ།།

འདུ་འཛི་ལང་ལོང་དབེན་པའི་དགོན་གླིང་གི་གཞི་ལ།།
འདུ་ཁང་གསེར་གྱི་རྒྱ་ཕིབས་སྲིད་རྩེ་ན་བརྗིད་ཅིང་།།
བླ་སྤྲུལ་དགེ་བའི་གཉེན་དང་དད་ལྡན་གྱི་མང་ཚོགས།།
བླ་མེད་མཁའ་རུ་འཕགས་པའི་སྐར་ཚོགས་ཀྱི་དོ་ཡ།།

ལྔ་རིག་གཞུང་བ་ཆེན་པོའི་སློབ་གླིང་གི་ཚལ་ན།།
ན་གཞོན་བློ་གསལ་ཅན་རྣམས་ལྷན་སྐྱེས་ཀྱིས་འདུས་ཤིང་།།
ཤིང་གཟོང་རྣོ་ངར་ལྟ་བུའི་ཤེས་རབ་ཀྱི་རྣམ་དཔྱོད།།
དཔྱོད་ལྡན་པཎྚིའི་ཐུགས་ལས་རྣོ་བ་ནི་ཨེ་མཚར།།

འཆད་པ་གློག་ཞགས་དམར་པོའི་འཁྱུག་རྩལ་ལ་འདྲིས་ཤིང་།།
རྩོད་པ་གཡུ་འབྲུག་སྔོན་མོའི་ངར་སྐད་ལ་བཅིབས་ཏེ།།
རྩོམ་པ་དབྱངས་ཅན་ལྷ་མོའི་རྒྱུད་སྐུད་ཀྱི་གདངས་དབྱངས།།
སུམ་རྩེན་གོ་ལ་ཟླུམ་པོའི་ཡང་རྩེ་ལ་གྲགས་ཡོད།།

མདོ་སྨད་གསེར་ལྗོངས་ཕྱུག་མོའི་ལུང་སྟོད་ཀྱི་ཞིང་ནས།།
མདོ་སྔགས་རྫོགས་གསུམ་ཀུན་ལ་སྦྱངས་བརྩོན་ཞིག་བྱས་མཐར།།
མདོ་ཁམས་ཆུ་བཞི་སྒང་དྲུག་རྣམ་དཔྱོད་ཀྱིས་བསྐོར་ཏེ།།
མདོ་དོན་རེ་འགའ་ཨེ་མཆིས་གདོད་མ་ཡི་འཆར་སྒོ།

ཕྱི་དུམ།

སྐྱ་རེངས་དང་པོའི་འོད་སྣང་མཁའ་མཐའ་ནས་འཛུམ་ཞིང་།།
ཁྲི་གདུགས་ཉི་མའི་གཟི་བྱིན་རི་རྩེ་ནས་མཆེད་དེ།།
དཔྱིད་ཟླ་སྟག་གིས་ཚེས་པའི་སྐལ་བཟང་གི་ཉིན་མོ།།
ང་ཉིད་དགའ་སྤྲོའི་ཀློང་ནས་སོས་དལ་གྱིས་བསུའོ།།

རྒྱ་ལོ་ཚེས་པ་གསུམ་ལྔའི་ཉིན་བཟང་གི་དུས་ལ།།
ཡར་ངོའི་སྨོན་ལམ་ཆེན་མོར་ལྷན་ཅིག་ཏུ་འཚོགས་ཏེ།།
རྒྱལ་བའི་གོས་སྐུ་ཆེན་མོ་བཤམས་པ་ཡི་མདུན་དུ།།
ཕར་ཕྱིན་ཚད་མའི་རྩོད་པ་བྱས་པ་ཡང་རྨད་དོ།།

འཕན་གདུཊ་རྒྱལ་མཚན་དར་སོགས་མཐོང་དབྱིངས་སུ་སྒྲེང་དེ།།
སྦུབ་ཆ་རྔ་གཤང་རོལ་མོའི་སྒྲ་དབྱངས་འདི་སྙན་སྙན།།
རིམ་བཞིན་ཚར་དུ་དངར་བའི་སེར་འཕྲེང་གི་མཆོད་པ།།
ལྷ་ཚོགས་དགྱེས་པའི་དཔྱིད་དུ་བསྟིམ་པ་ནི་བསྟོད་དོ།།

སྐར་ཚོགས་དབྱིངས་སུ་བཀྲ་བའི་མཚན་ལྗོངས་ཀྱི་དུས་སུ།།
བདུག་སྤོས་མར་མེ་རྐང་གཅིག་མེ་སོན་ལ་བསྒྲོན་ཞིང་།།
གསོལ་འདེབས་ཚིག་བཞི་ངག་གི་མགྲིན་དབྱངས་སུ་གྱེར་ནས།།
རང་དང་ཕས་སུ་རྒོལ་བའི་ངང་ཚུལ་འདི་བརྗིད་པ།།

འཛམ་གླིང་སོག་ཁར་གྲགས་པའི་བྱང་ཕྱོགས་ཀྱི་སྡེ་ནས།།
འཛམ་གླིང་སྤྱི་བསང་ཆེན་མོ་གསལ་དག་གིས་བཏོན་དེ།།
དུང་དང་རྒྱ་གླིང་ཆ་ཡི་རོལ་དབྱངས་ཀྱི་ཁྲོད་ནས།།
གླིང་སྐོར་སེར་འཕྲེང་བརྒྱུད་པའི་སྟངས་སྟབས་འདི་མཛེས་པ།།

བཀྲ་ཤིས་གནམ་ལོ་གསར་བའི་བསྟོད་ཚིག་གི་མེ་ཏོག།
བཀྲ་ཤིས་དཔྲལ་བའི་མིག་གི་དགའ་སྟོན་དུ་ཕུལ་ན།།
བཀྲ་ཤིས་བདེ་ཞིང་ལེགས་པའི་སྨོན་ཚིག་གི་ཁྲོད་ནས།།
བཀྲ་ཤིས་ཕུན་སུམ་ཚོགས་པའི་འདུན་པའང་ཉག་ཅིག།

ཞེས་རང་ལོ་བཅོ་བརྒྱད་ཀྱི་ཕ་རོལ་དུ་བརྒལ་རྗེས་འཕྲུལ་སྒྲོན་རྣམ་ལྔའི་བདག་པོ་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་སྐར་དང་བསྟུན་ཏེ་བྲིས་པ་འདིའང་མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་མཚོ་མོ་ལས་གྲོལ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་ཆེད་དང་ལྷག་པར་དུ་རང་ཅག་གི་རྩ་བའི་བླ་མའམ་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ཤེས་རིག་གི་མཚོ་མོ་ལ་གཞལ་མཐའ་བྲལ་བའི་ སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བ་བརྒྱ་རུ་བཞུགས་ཏེ་མཐར་ཐུག་འདོད་པའི་བསམ་དོན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས་ལ་རམ་མམ་མང་བུ་བློ་གྲོས་རྒྱལ་མཚན་དུ་འབོད་པས་ཐལ་བའི་སྙིང་པོ་བཞད་པའི་ཤག་ཆུང་དུ   2017 :1 : 9  བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།