ལའོ་ཉིན་དུ་བོད་ཡིག་དཔེ་རྙིང་པོད་བཞི་བརྒྱ་ལྷག་ལེགས་སྒྲིག་གནང་།

ལའོ་ཉིན་ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་གིས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ་ལགས་གདན་དྲངས་ནས་བོད་ཡིག་དཔེ་རྙིང་པོད་བཞི་བརྒྱ་ལྷག་ལེགས་སྒྲིག་གནང་།

ཉེ་ཆར།  ལའོ་ཉིན་ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་གིས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ་ལགས་གདན་དྲངས་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱས། འདི་ནི་ན་ནིང་ཟླ་དགུ་བའི་རྗེས་སུ་ཐེངས་གཉིས་པར་ཞིབ་འཇུག་པ་གཞོན་པ་བྱམས་པ་ལོ་རྒྱུས་ཡིག་ཚགས་ཁང་དེ་གར་གདན་དྲངས་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱས་པ་ཡིན། ཕྱོགས་གཉིས་ཀྱིས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་པར་སྐྲུན། འགྲེམས་སྟོན། ཞིབ་འཇུག་བཅས་ཀྱི་ལས་ཀའི་ཁྲོད་མཉམ་འབྲེལ་བྱ་རྒྱུ་གྲོས་མཐུན་བྱུང་།

རེབ་འདིར་བོད་ཡིག་གི་དཔེ་རྙིང་རིགས་དབྱེའི་ལེགས་སྒྲིག་བྱས་རྗེས་དཔེ་སྣ་པོད་བཞི་བརྒྱ་ལྷག་ཡོད། པར་གཞིའི་ངོས་ནས་པེ་ཅིན་པར་མ་དང་སོག་ཡུལ་པར་མ་གཙོ་བོ་ཡིན་པ་དང་། པོ་ཏ་ལ་དང་བླ་བྲང་།  སྐུ་འབུམ་གྱི་པར་མ་རེ་འགའ་འདུག  དེ་བཞིན་རིན་ཆེན་སྣ་མང་གི་བྲིས་མ་དང་གསེར་བྲིས་མང་པོ་ཡོད།  ནང་དོན་ལ་གསོ་རིག་རྒྱུད་བཞི་དང་མན་ངག་ལྷན་ཐབས། བཻཌཱུརྱ་སྔོན་པོ་གཙོ་བྱས་པའི་གསོ་རིག་གི་སྐོར་དང་། ཏིང་འཕགས་བསྐལ་གསུམ། ཆིན་རྒྱལ་རབས་ཁཱང་ཞིས་བཀའ་བསྟན་པར་མ། ཁུ་རེན་ཆེན་མོའི་བཀའ་འགྱུར།  ཆིན་གོང་མ་ཁཱང་ཞིས་དགུང་ལོ་དྲུག་ཅུར་སོན་པར་ཆེད་དུ་པར་ཏུ་བཏབ་པའི་གཟུངས་བསྡུས་པོད་ཆེ་བ་གཅིག  གཟུངས་གྲྭ་ལྔབཅས་རྒྱལ་པོའི་བཀའ་གསུང་གི་སྐོར། དེ་བཞིན་དགའ་ལྡན་ཕུན་ཚོགས་གླིང་ཏུ་པར་ཏུ་བཏབ་པའི་ཀླུ་འབུམ་དཀར་པོ་གཙོ་བྱས་པའི་བོན་གྱི་སྐོར།   ཨུ་རུ་སིའི་ཨར་ཅིན་སི་སོག་པོའི་དགོན་པར་པར་ཏུ་བཏབ་པའི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་རྣམ་ཐར་དང་མི་ལ་རས་པའི་རྣམ་ཐར་བཅས་ལོ་རྒྱུས་རྣམ་ཐར་སྐོར་བཅས་ཡོད།  པར་མ་ལས་ཁཱང་ཞིས་སྐབས་ཀྱི་པར་གཞི་རྒྱ་ཆེ་ལ་བརྐོས་ལེགས་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད། བྲིས་མའི་ཁྲོད་ཚེ་མདོ་དང་རྡོ་རྗེ་གཅོད་པ། ཐར་མདོ་གཙོ་བོ་རེད། ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ་བྲིས་མ་པོད་རྙིང་གཉིས།  དབྱངས་ཡིག་དང་སྐར་རྩིས་སྐོར། དེ་བཞིན་ཆོས་སྤྱོད་འདོན་སྐོར་དང་བོན་གྱི་འབུམ་བཅས་ཡོད། དཔེ་ཚུགས་ཀྱི་ངོས་ནས་སྣ་རིང་གཙོ་བོ་ཡིན་པ་དང་།  དབྱངས་ཡིག་དང་རྩིས་ཀྱི་དཔེ་ཆ་རེ་འགའ་མགོ་བཙེམ་གྱི་རྣམ་པ་ཆགས་ཡོད། གཞན་གདུགས་དཀར་མཆོག་གྲུབ་མ་དང་འཇམ་དཔལ་མཚན་བརྗོད། སྒྲོལ་བསྟོད། རྟེན་ཐོ་སྣ་ཚོགས་བཅས་དཔེ་འགའ་ཆིན་རྒྱལ་རབས་སྐབས་པར་ཏུ་བཏབ་པ་ལྟེབས་ཟུར་མའི་རྣམ་པ་རེད།

ལའོ་ཉིན་ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་དུ་ཉར་ཚགས་བགྱིས་པའི་བོད་ཡིག་དཔེ་རྙིང་འབོར་ཆེ་བ་པེ་ཅིན་དང་སོག་ཡུལ།  ཨུ་རུ་སིའི་ཨར་ཅིན་ས་ཁུལ་གྱི་པར་མ་གཙོ་བོ་ཡིན་པས་བོད་རིགས་ས་ཁུལ་ཕུད་པའི་ནང་ལོག་དང་སོག་ཡུལ།  ཨུ་རུ་སིའི་ཨར་ཅིན་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་རིག་གནས་དང་བོད་ཡིག་པར་བསྐྲུན་ལ་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན།

ཞིབ་འཇུག་པ་གཞོན་པ་བྱམས་པས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ལོ་བཅུ་ལྷག་གི་ཡུན་ལ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ཕྱག་ལས་གནང་།  བོད་ཡིག་དཔེ་རྙིང་ཐད་ཀྱི་དཔྱད་རྩོམ་མང་པོ་དུས་དེབ་ཁག་ཏུ་བཀོད། སྔ་ཕྱིར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དཔེ་མཛོད་ཁང་དང་ཏཱ་ལེན་མི་རིགས་སློབ་ཆེན།  ཨུའར་ཏའོ་སི་དཔེ་མཛོད་ཁང་བཅས་སུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ལས་གཞི་སྒྲུབ་མྱོང་།  ༼རྒྱལ་ཁབ་གནའ་དཔེ་རྩ་ཆེན་གྱི་མིང་ཐོ་༽ཞིབ་བཤེར་ཆེད་མཁས་ཚོགས་པའི་ཁོངས་མི་བྱས་ཏེ་སྔ་ཕྱིར་ཐེངས་ལྔའི་ཞིབ་བཤེར་ལས་ཀར་ཞུགས།

དཔེ་རྙིང་པར་རིས་བདམས་བཀོད།

སྨན་གཞུང་ཁུངས་མ་རྣམས་ལས་ནད་ཀྱི་རྟགས་བཅོས་སོགས་ཐོར་བུར་འབྱུང་བ་ཕྱོགས་གཅིག་ཏུ་བསྒྲིགས་པ་གཅེས་བཏུས་སྙིང་ནོར་ཞེས་བྱ་བ་བཞུགས། །

བཙུན་གཟུགས་བནྡེ་བློ་བཟང་ཆོས་འཕེལ་གྱིས་བྲིས།

རྨད་བྱུང་ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོའི་མཐུས། །

རྨད་བྱུང་སྐལ་བཟང་གདུལ་བྱ་ཚོགས་པ་ལ། །

རྨད་བྱུང་སྨན་གྱི་བཅུད་ཀྱིས་ཚིམ་མཛད་པའི། །

རྨད་བྱུང་སྨན་པའི་རྒྱལ་པོར་གུས་པས་འདུད། །

ལྷ་བཙུན་ཆོས་འཕེལ་མཛད་པའི་སྨན་སྦྱོར་འདི། །

ཁུ་རི་ཆེན་མོའི་བཀྲ་ཤིས་བསྟན་དར་གླིང་། །

ཁམས་ཚན་དགེ་སློང་བསྟན་པ་དར་རྒྱས་ཀྱིས། །

མཐུན་རྐྱེན་སྦྱར་ཏེ་ཀུན་དགའ་ཆོས་གླིང་དུ། །

པར་དུ་བསྒྲུབས་པའི་དགེ་འདིས་ཡོན་མཆོད་ཀྱི། །

ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། །

རྒྱལ་བསྟན་དར་ཞིང་རྒྱས་པའི་རྒྱུར་འགྱུར་ཞིང་། །

བདག་སོགས་རྫོགས་བྱང་མྱུར་དུ་ཐོབ་པར་ཤོག །

འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །

བོན་རིན་པོ་ཆེ་འཕྲུལ་དག་བདེན་པ་གཙང་མ་ཀླུ་འབུམ་དཀར་པོ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ།
ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད་དུ་ཐུན་མོངས་ཞེས་པ་ལྕགས་ཕོ་ཕྱིའི་ལོ་དུས་འཁོར་བའི་དཔྱིད་ཟླ་གཉིས་པའི་ཚེས་འཕལ་ཆོས་གྲྭ་ཆེན་པོ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་གྲུབ་པར་བྱ་གྱིས་སོ། །

འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

ཏིའི་ཆིང་ཡུང་ཅེང་རྒྱལ་པོ་ལོ་བརྒྱད་ཟླ་བ་བཞི་བ་ལ་ཡར་ཚེས་ལ། །

ཆ་ཧན་བླ་མ་ལྷ་ཁང་དགའ་ལྡན་ཆོས་འཁོར་གླིང་དུ་ལེགས་པར་བསྒྲུབས། །

དགེ་སློང་ཡེ་ཤེས་རྒྱལ་མཚན་བཀའ་བཅུ་ལྷ་ཁང་དུ། །

ཡི་གེ་པ་ནི་དགེ་ཚུལ་དགེ་ལེགས་འབྱུང་ནས་བྲིས་པའོ། །

དགེ་བས་འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་གཏྤཱུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི

སྨན་གྱི་བླ་མའི་འཕྲིན་ལས་ས་བོན་མཐུ། །

ལས་འོངས་ནད་སེལ་རྣམ་རྒྱལ་སྨན་གྱི་ཆ། །

དུས་མིན་འཆི་བའི་ཞགས་པ་གཅོད་བྱེད་པའི། །

རལ་གྲི་ལྟར་རྣོ་གསོ་རིག་བསྟན་བཅོས་འདི། །

པར་དུ་བསྐྲུན་སོགས་དུས་གསུམ་དགེ་བའི་ཚོགས། །

པདྨའི་རྩ་བ་ལྟར་དཀར་དེ་ཡི་མཐུས། །

ལུས་ཅན་ཀུན་ལ་འདུ་བ་འཁྲུགས་པའི་ནད། །

ནམ་ཡང་མིང་ཙམ་མི་དྲག་གཞི་གྱུར་ཅིག །

རིང་ནས་སེམས་ལ་ཞུགས་པའི་དུག་གསུམ་གཅོད། །

ཐབས་ཤེས་ཟུང་དུ་འཇུག་པའི་སྨན་མཆོག་གིས། །

མྱུར་དུ་སྦྱངས་ནས་འགྲོ་བ་མ་ལུས་པ། །

བྱང་ཆེན་བདེ་བ་མཆོག་ལ་རོལ་གྱུར་ཅིག །

ཅེས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོས་སྩལ་པའི་སྨོན་ཚིག

སླར་ཡང་། ཆུ་འབྲུག་ལོར་བཀའ་བསྒྱུར་དགོངས་དོན་ཉེ་ཆར་གསར་བརྐོས་སྨན་དཔེ་རྒྱུད་བཞི་རྩ་འགྲེལ་ལེ་ལག་དང་བཅས་པ་སྐབས་དེར་རྟོག་ཞིབ་ཆུང་སྐྱོན་གྱིས་ཤླཽ་ཀ་སོགས་ཆད་པ་དང་། ཚིག་འབྲུར་ནོར་སྐྱོན་ལྷག་ཆད་ཇི་སྙེད་ཅིག་འདུག་པར་རྟེན་སྐྱེ་འགྲོའི་སྲོག་བཟུང་གི་རྩ་བར་སོང་གཤིས་ད་ལམ་བཞག་པས་མ་ཐུས་ཤིང་བསྐྱར་ཞུས་ནན་ཏན་དགོས་རྒྱུ་སྤྱི་ཕེབས་བཞིན་ཀུན་མཁྱེན་༧རྒྱལ་བའི་དབང་པོ་ཕྱག་ན་པདྨོའི་བླ་སྨན་པ་ཨྱོན་བསྟན་འཛིན་རྒྱ་མཚོ་དང་། ལྕགས་རིའི་དགེ་ཟུང་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་དགེ་ལེགས་བཅས་ནས་ཞུས་དག་ཞུ་སྐབས་ཤླཽ་སོགས་ཆད་པ་པར་ཤིང་གསར་བརྗེས་དང་། ཚིག་འབྲུར་ལྷག་ཆད་ནོར་འཁྲུལ་ཡོད་རིགས་རྣམས་བཅོས་ཏེ་ཞུས་ལེགས་པར་དག་པས་སརྦ་ཛ་ག་ཏཾ། །དགེའོ། །པར་འདི་ལྕགས་རིའི་འགྲོ་ཕན་གླིང་དུ་བཞུགས།

བར་བཅུག་གི་ལྷ་སྐུ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་ན་མོ།

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་གཏྤཱུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་བྱ་བའི་གསང་སྨན་གབ་ཚིག་ཞལ་ཤེས་སྦྱོར་ཚད་སོགས་མ་སྦས་ལྷུག་པར་བཤད་པ་བདུད་རྩིའི་གཏེར་བུམ་མཁའ་འགྲོའི་གཏད་བྱའི་རྒྱ་མདུད་དཀྲོལ་བའི་རིན་ཆེན་གསེར་གྱི་ལྡེ་མིག

ཅེས་བྱ་བ་འདི་ནི། རིང་མོ་ནས་ཚེ་རིག་ལ་མཁྱེན་རབ་ཀྱི་སྣང་བ་རྒྱས་པ་དགེ་སློང་རིན་པོ་ཆེ་ནམ་མཁའི་མཚན་ཅན་གྱིས་ལྡོག་ཏུ་མེད་པའི་བཀའ་ནན་དང་གྱ་ནོམ་པའི་དངོས་པོའི་རྟེན་དང་བཅས་བསྐུལ་བ་དང་། ཉེ་ཆར་གསོ་རིག་སྨྲ་བའི་དབང་ཕྱུག་ངག་དབང་རྒྱ་མཚོས་བསྐུལ་བའི་ངོ་མ་ཆོག་པར་གངས་ཅན་ཆོས་སྲིད་ཡོངས་ཀྱི་མངའ་བདག་མི་རྗེ་བུངྷ་སཱ་རའི་བཀའ་འབངས་ཐ་ཤལ་པ་ཤིན་ཐིངྒའས་བྲིས་པ་དེས་ལུང་དང་ལག་ལེན་མེད་པར་འཆལ་བར་སྤྱོད་པ་ནམས་ཞང་བློན་སོགས་སྨན་སྲུང་རྣམས་ཀྱིས་དེའི་སྙིང་ཁྲག་རོལ་པར་གཉེར་དུ་གཏད་པའོ། །གོང་གསལ་སྦྱོར་ཚད་མ་དཔེ་བྲིས་མ་རྒྱུན་འབྱམས་སུ་སོང་ནས་ཆད་ལྷག་མང་པོ་བྱུང་བ་རྣམས་དཔེ་རྙིང་ཁུངས་དག་ཉི་ཤུ་ལྷག་ཙམ་ལ་གཅགས་ནས་བུས་དག་ལེགས་པར་བྱས་ཁུལ་ཟིན་པས། ལག་ཏུ་ལེན་སྐབས་སྨན་ལ་མཁས་པ་དག་སྨན་གྱི་ཞུས་པ་དང་། ནད་སྟབས་ཆེ་ཆུང་དང་། བསིལ་དྲོད་གང་འཕྲོད་དང་བསྟུན་ནས་སྦྱར་བ་མ་གཏོགས་འདི་ཁོ་ན་ལྟར་སྨན་གྱི་ཚད་མཐའ་གཅིག་རྩ་བྱས་པའི་ངེས་པ་མེད་པའང་ཐུགས་ལ་བསྟི་པ་འཚལ། འདི་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ། དེས་ཉམས་དང་རྨི་ལམ་གྱི་ཚུལ་དུ་བྱིན་གྱིས་བརླབས་ནས་པཎྡི་ཏ་ཆེན་པོ་མི་དབང་སངས་རྒྱས་རྒྱ་མཚོ་ལ་སྩལ། དེ་ལ་ཚེ་རིག་པ་ཝ་གིནྡྲ་ཤྲཱི་བྷ་ཏྲས་འདི་སྐོར་གྱི་ཞལ་ཤེས་ཆིག་རྒྱུད་རྣམས་ཡོངས་སུ་རྫོགས་པ་དམར་ཁྲིད་དུ་མནོས། དེ་ལ་རྒྱལ་མཆོག་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་སྐུ་མདུན་པ་བླ་སྨན་སངས་རྒྱས་སྲིད་སྒྲུབ་ཀྱིས་ཞུས། དེ་ནས་འཚོ་བྱེད་འཇམ་དབྱངས་རྒྱལ་མཚན། བླ་མ་བློ་བཟང་མི་འགྱུར་རྡོ་རྗེ། བླ་མ་བློ་བཟང་རྣམ་རྒྱལ། བློ་བཟང་བསྐལ་བཟང་། རབ་འབྱམས་པ་བློ་བཟང་དགེ་ལེགས། བླ་མ་བློ་བཟང་བྱམས་པ་ཕུན་ཚོགས། དེས་བདག་༧དགའ་ལྡན་བསྟན་པའི་གསལ་བྱེད་ལྕང་ལུང་ཨརྱ་པཎྡི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ལའོ། །མན་ངག་རྒྱུད་ཀྱི་ལྷན་ཐབས་ཀྱི་གསང་སྨན་ཆིག་རྒྱུད། པར་བསྡུས་ཤན་སྦྱར། སྙན་རྒྱུད་ཕྱག་ལེན། སྦྱོར་ཚད་འདི་རྣམས་༧གོང་མ་སྲིད་གསལ་ཁྲི་བཞུགས་དགུང་ལོ་ཉེར་ལྔ་བ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཟླ་བ་དང་པོའི་ཚེས་གཅིག་ལ། བཀའ་བསྔགས་བསོད་ནམས་ཀུན་སྡུད་གླིང་གི་བླ་བྲང་ནས་གང་ཅིའི་མཐུན་རྐྱེན་སྦྱར་ཏེ་པར་དུ་བསྒྲུབས་པ་འདིས་ཀྱང་མ་གྱུར་ལུས་ཅན་ཀུན་ལ་ཕན་བདེ་རྒྱ་ཆེན་པོ་བྱུང་བའི་རྒྱུར་གྱུར་ཅིག

གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་ཞེས་བྱ་བ་བཞུགས་སོ། །
པདྨ་བཀའ་ཐང་འདི་ཉིད་རྒྱུད་པ་བཀའ་སྲུང་ཀྱིས་པར་ཤིང་སུམ་བརྒྱ་ཞེ་བརྒྱད་ཀྱི་རྒྱུ་ཡོན་སྦྱར་ནས་གྲུབ་པ་དང་། ཕྱིས་སུ་བཀའ་བཅུ་བློ་བཟང་ཕྱག་རྡོར་གྱིས་ཐུན་མོང་གི་ཞལ་འདེབས་བཅས་རྒྱུ་ཡོན་སྦྱར་ཏེ་ཨུ་ཆུ་ཐུའི་བདེ་ཆེན་རབ་རྒྱས་གླིང་དུ་རབ་འབྱུང་བཅོ་ལྔའི་ཆུ་བྱི་ལོའི་དབྱར་ནས་ནང་དུ་རྫོགས་པར་དཔར་དུ་བསྒྲུབས་པའི་དགེ་བས་ཚུལ་འདིར་བྲེལ་ཐོགས་བྱེད་པ་ཀུན་མ་རིག་པའི་དགྲ་ལས་རྒྱལ་ཏེ་བླ་མེད་རྫོགས་བྱང་ཐོབ་པར་འགྱུར་ཅིག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།