བོན་བརྒྱ་དགོན་གྱི་སྐབས་བཅུ་བའི་ལོ་གསུམ་སྒྲུབ་གྲྭ་བ་རྣམས་ལ་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་ནས་རྒྱལ་བའི་བཀའ་ལུང་དང་སེམས་བསྐྱེད་མཆོད་པའི་ཆོ་ག་མཛད་པ།

སྙིགས་དུས་ཀྱི་འདྲེན་པ་མཆོག་སྐྱབས་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་ནས་རྒྱལ་བའི་བཀའ་ལུང་དང་སེམས་བསྐྱེད་མཆོད་པའི་ཆོ་ག་མཛད་པའི་གནས་ཚུལ་ལ་བསྟོད་པ་གངས་སེང་དཀར་མོའི་ང་རོ།

འགྱུར་མེད་སྐུ་ལ་ཁྲི་གདུགས་ཉི་མའི་འོད་ཀྱིས་སྤྲས།།
འགག་མེད་གསུང་ལ་དཔྱིད་ཀྱི་ཕོ་ཉའི་དབྱངས་ཀྱིས་རྒྱན།།
འཁྲུལ་མེད་ཐུགས་ལ་མཁྱེན་པའི་ཡེ་ཤེས་མདངས་ཀྱིས་གསལ།།
སྨྲ་དབང་བོན་བརྒྱ་སྒོ་གསུམ་དད་པས་ཡང་ཡང་བསྔགས།།

ལྔ་རིག་གཞུང་ལ་དཀར་ནག་མིག་གི་མཁྱེན་དཔྱོད་ཡངས།།
བསིལ་ལྡན་ལྗོངས་ནས་དགུང་ལོ་གྱ་བཞིའི་ཐེམ་ལ་འཛེགས།།
རྒྱལ་བའི་བཀའ་ལུང་ཚེགས་མེད་གསུང་གིས་བསྩལ་བ་འདི།།
བསམ་ཞིང་བསམ་ན་བོན་འབངས་ཀུན་གྱི་ལས་སྐལ་ལེགས།།

ཅེས་སྙན་པའི་བ་དན་དཀར་པོ་འཛམ་གླིང་རིག་པའི་སྲིད་རྩེ་རུ་འཕྱོ་ཞིང་སྡེ་སྣོད་ཀྱི་རྒྱ་མཚོ་གང་ལའང་མཁས་ཤིང་གྲུབ་པའི་བཀའ་དྲིན་བཞི་ལྡན་གྱི་བླ་མ་དམ་པ་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ་མེ་ཏོག་ཨུ་དུམ་ཝ་རའི་མཆོད་ཚིག་སྔོན་དུ་གཏོར་སྟེ་བཤད་པར་བྱ་བ་ནི་ད་ལོ་ཟླ་བ་གཉིས་པའི་ཚེས་བཅུ་གཅིག་གི་ཉིན་མོ་ནས་བཟུང་སྐབས་བཅུ་བའི་ལོ་གསུམ་སྒྲུབ་གྲྭ་བ་རྣམས་རྗེ་བོ་རུ་བཟུང་སྟེ་དད་ལྡན་སེར་སྐྱ་ཕོ་མོ་ཀུན་ལ་སྔོན་འགྲོའི་སྐབས་ཀྱི་ལས་འགན་ཏེ་ཚོགས་གཉིས་བསགས་པའི་ཐབས་སུ་མཎྚལ་འབུལ་སྟངས། སྒྲིབ་པ་དག་ཆེད་ལ་རྐྱང་ཕྱག་འཚལ་ལུགས། ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་ཚུལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྒོམ་རིམ། ད་དུང་བླ་མའི་རྣལ་འབྱོར་དང་སྒྲིབ་གཉིས་བྱང་ཆེད་དུ་ཡིག་བརྒྱའི་བསྒོམ་བཟླས། བོན་གྱི་སྙིང་པོ་རྣམ་གསུམ་གྱི་གོ་དོན་སོགས་རྒྱས་པར་གསུང་ཞིང་། ཟླ་བ་གཉིས་པའི་ཚེས་ཉི་ཤུ་དང་ཉེར་གཅིག་ལ་ཚེ་དབང་བོད་ཡུལ་མ་དང། ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག ཀློང་དགུའི་ཡི་དམ་ལས་དབལ་གསས་རྔམ་པ་གཞུང་། བོན་གྱི་སྙིང་པོ་རྣམ་གསུམ། ཡི་གེ་བརྒྱ་བའི་བཀའ་ལུང་སོགས་རྒྱ་ཆེར་གནང་།

ཟླ་བ་ལྔ་བའི་ཚེས་བདུན་ཉིན་རང་དགོན་གྱི་ལོ་གསུམ་སྒྲུབ་གྲྭ་བ་རྣམས་གཙོ་མཛད་ནས་རང་དགོན་གྱི་གྲྭ་པ་རྒན་གཞོན་དག་གི་རམ་འདེགས་དང་རྒྱབ་སྐྱོར་ལ་བརྟེན་ནས་སེམས་བསྐྱེད་མཆོད་པའི་སྟ་གོན་ལེགས་པར་མཛད་ཅིང་། ཚེས་བརྒྱད་ཉིན་ཀྱི་ཞོགས་པར་འཁར་རྔ་དང་རབ་དཀར་དུང་གི་སྒྲ་དང་བཅས་ཏེ་ངུར་སྨྲིག་གི་དཔུང་ཚོགས་རྣམས་ལྷོ་འདོད་འབྱུང་གསས་ཁང་ཆེན་མོའི་ཚོམས་ཆེན་དུ་ཚོགས་ལ་འཚོགས་རྗེས། བླ་མ་རིན་པོ་མཚན་བརྗོད་པར་དཀའ་བ་ངེས་དོན་གྱི་རྒྱལ་བའི་སྲས་པོ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་གི་མདུན། གྲུ་འཛིན་གཉིས་པར་གྲགས་པའི་བླ་བྲང་གི་དབུས། རྒྱལ་བའི་གསུང་རབ་དང་སྐུ་གདུང་མཆོད་རྟེན་སྣ་ཚོགས་དུ་མར་སྤུངས་པའི་གཟིམས་ཤག་ནས་ཆས་ཏེ་ཚོགས་ཆེན་འདུ་ཁང་ནང་གི་མི་འགྱུར་གདོང་ལྔའི་གསེར་མདོག་གི་ཁྲི་ལ་བཞུགས་ཏེ་ད་ལོའི་སེམས་བསྐྱེད་མཆོད་པའི་དབུ་ལེགས་པར་བཟུང་ནས་ལོ་གསུམ་སྒྲུབ་གྲྭ་བ་རྣམས་ལ་ཕྱི་སོ་སོ་ཐར་བའི་སྡོམ་པ་། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་དང་གསུམ་ལས་ནང་བྱང་ཆུབ་སེམས་དཔའི་སྡོམ་པ་རང་རྒྱུད་ལ་སྨིན་ཚུལ་དང་དེ་ལུགས་ཀྱི་མཚན་ཡང་ལེགས་པར་གསོལ་ལ། དེ་དང་ལྷན་ཅིག་ཏུ་ཕྱོགས་ཡོངས་ནས་སླེབས་པའི་དད་ལྡན་མང་ཚོགས་རྣམས་ལ་སེམས་བསྐྱེད་སྐོར་གྱི་བཀའ་སློབ་བདུད་རྩིའི་ཆར་བཞིན་གནང་ཞིང་མཐའ་མར་བླ་མ་རིན་པོ་ཆེ་ལ་སྐུ་གསུང་ཐུགས་ཀྱི་བཀའ་དྲིན་མཚོན་བྱེད་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་ལི་མ་གཅིག མདོ་དྲུང་མུ་བསྐལ་བཟང་གི་གླེགས་བམ་གཅིག གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གཅིག་དང་། དྲི་མེད་ཀྱི་ལྷ་དར་དང་བཅས་ཕུལ་རྗེས་བསྟན་པ་རབ་ཏུ་དར་བའི་སྨོན་ལམ་གྱི་དབྱངས་རྟའི་ཁྲོད་ནས་མཇུག་ལེགས་པར་གྲུབ་པ་ལགས་སོ།།

ལྷ་ལྡན་ཞིང་ནས་རྒྱུ་དང་འབྱོར་བ་གང་འཛོམས་ཀྱིས།།
ལྷག་བསམ་དཀར་པོས་རྒྱུ་འབྲས་ཚོགས་གཉིས་བསགས་པའི་མཐུས།།
ལྷ་ལམ་དབྱིངས་ཀྱི་ལྷ་ཚོགས་ཐུགས་ཀྱི་བྱིན་རླབས་ཀྱིས།།
ལྷ་དར་དང་བཅས་རྩོམ་གྱི་མེ་ཏོག་སླར་ཡང་གཏོར།།

ཤེས་བྱའི་མཚོ་ལ་མཉམ་མེད་བླ་མ་བོན་བརྒྱ་བས།།
གནས་མཆོག་དཀར་པོ་རང་དགོན་སྨན་རིའི་གླིང་མཆོག་ནས།།
རྒྱལ་བའི་བཀའ་ལུང་རིམ་གྱིས་བསྩལ་བའི་ངང་ཚུལ་ཀུན།།
ཤོག་ངོར་ཕབས་པའི་སྐལ་བ་ལྡན་འདི་བདག་གི་བསོད།།

ཅེས་2017. 5. 8 ཉིན་མདོ་སྨད་རེབ་གོང་བོན་བརྒྱ་དགོན་གྱི་ལོ་གསུམ་སྒྲུབ་གྲྭ་སྐབས་བཅུ་བའི་གྲལ་མཐར་ཟིན་པ་ཙམ་བློ་རྒྱལ་གྱིས་ཡི་གེ་བརྒྱ་བའི་ཐུན་མཚམས་ནས་མགྱོགས་བྲིས་སུ་ཕུལ་བ་དགེ་གྱུར་ཅིག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།