སྐྱང་སྤྲུལ་རིན་པོ་ཆེས་ངན་སོང་སྐྱེ་སྒོ་གཅོད་པའི་བཀའ་དབང་བསྩལ་བ།

སྤྱི་ལོ༢༠༡༨ལོའི་ཧོར་ཟླ་བདུན་པའི་ཚེས་གཅིག་ནས་ཚེས་གཉིས་བར་ཨ་དཀར་སལེ་དུང་སྒྲུབ་གླིང་གི་ཚོགས་གཙོ་དཔལ་འབྱོར་ཉི་མ་ལགས་གཙོ་བྱས་པའི་སྐད་འཕྲིན་ཚོགས་པ་འདིའི་ཚོགས་མི་ཡོངས་ཀྱིས་ཨ་དཀར་སལེ་དུང་ཕྱུར་བཟླས་པའི་མཇུག་གྲུབ་དགེ་བསྔོའི་ཕྱིར་དང་། ཡུལ་ཁམས་འདིའི་སྐྱེ་འགྲོ་ཡོངས་ཚེ་རིང་ནད་མེད་ཡོང་བ་དང་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་འབྲས་བུ་བྱང་ཆུབ་ཐོབ་པའི་རྟེན་འབྲེལ་སྨོན་ལམ་ལ་དམིགས་ནས ༧ དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འདུལ་དགོན་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་དུ་གདན་དྲངས་ཐོག་བོན་སྒོ་བཞི་མཛོད་ལྔའི་ཡང་སྙིང་ངན་སོང་མ་རིག་ལས་ཀྱི་སྐྱེ་སྒོ་གཅོད་པའི་མདོ་རྒྱུད་ཀྱི་བཀའ་དབང་ཟབ་རྒྱས་གནང་ཞིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཧྲིན་ཡང་། ཞི་ཨན། ཞིན་ཅང་སོགས་ནས་རྒྱ་བོད་དད་ལྡན་གྱི་བུ་སློབ་ལྔ་བརྒྱ་ལྷག་ཙམ་འདུས་པ་ལ་ཚོགས་མི་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འགན་དང་ལེན་བགྱིས་ཏེ་མཐུན་རྐྱེན་ལེགས་པར་བསྐྲུན་པ་དང་། མདོ་སྨད་ཤར་ཁོག་གཟི་ཚ་སྡེ་དགུའི་དད་ལྡན་སྦྱིན་བདག་ཚེ་རིང་མཚོ་ལགས་ཀྱིས་ངན་སོང་སྒོ་གཅོད་གཙོ་བྱས་པའི་སྔ་འགྱུར་གཡུང་དྲུང་བོན་གྱི་ཞལ་འདོན་ཐར་བའི་ལམ་འདྲེན་ཞེས་པའི་ཞལ་འདོན་གླེགས་བམ་སྟོང་ཕྲག་ལྷག་དཔར་བསྐྲུན་བོན་སྦྱིན་གནང་བ་སོགས་དགེ་བ་བསམ་གྱིས་མི་ཁྱབ་ཅིང་རྣམ་དཀར་དགེ་བའི་ལས་ཀྱིས་མཇུག་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

               ཉིན་དང་པོའི་དབང་གི་སྟ་གོན་སྐབས་སུ་མཁའ་ལ་ངོ་མཚར་འཇའ་ཚོན་བཀྲ་ཞིང་། མཁའ་འགྲོའི་སྤྲུལ་བ་བྱ་རྒོད་ལྔས་ལྡིང་བསྐོར་ཡང་ཡང་བརྒྱབ་རྗེས་གཉིས་ཤར་ཕྱོགས་སུ་འཕུར་སོང་བ་དང་། གཉིས་ནུབ་ཕྱོགས་སུ་འཕུར། ཅིག་ཤོས་དེ་བྱང་ཕྱོགས་སུ་འཕུར་སོང་བའང་རྟེན་འབྲེལ་གྱི་མཚན་མ་ཤིན་ཏུ་ལེགས་སོ་ཞེས་ཀུན་གྱིས་གླེང་ངོ་།།

   

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།