དེ་རིང་གི་གདུང་མཆོད་གནས་ཚུལ་རགས་བསྡུས། ༡

དེ་རིང་ནི༧ཞྭ་དཀར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་མོ་བདག་ཅག་གི་རྩ་བའི་བླ་མ་མཁས་གྲུབ་བོན་བརྒྱ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཟིམས་ནས་བདུན་ཕྲག་གཅིག་འདས་པའི་ཉིན་ཡིན་ལ། ཉིན་འདིར་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་གཙོས་པའི་རྒྱ་འོབས་མཆོག་སྤྲུལ་ལྷ་སྦྱིན་གྲགས་པ་བསྟན་འཛིན་དང་། དགོན་གོང་མ་བྱ་འཕུར་ཀུན་བཟང་རྒྱལ་མཚན། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག རྩེ་དབུས་མཆོག་སྤྲུལ་ཤེས་རབ་བསྟན་པའི་ཟླ་བ། རྩེ་དབུས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ། སྤྲུལ་སྐུ་འཇིགས་མེད་བློ་གྲོས་སོགས་དང་། རང་དགོན་གྱི་བླ་གྲྭ་ལྷན་རྒྱས་ནས་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་རྣལ་འབྱོར་ནས་བརྩམས་ཏེ་རྣམ་དག་འགྱུར་མེད་དང་ཚེ་དབང་བོད་ཡུལ་མའི་གཞུང་གི་ཆོ་ག་སོགས་ལེགས་པར་གསུངས་ཤིང་། རང་དགོན་གྲྭ་ཚང་གཞུང་གིས་མདོ་གཡུང་དྲུང་ཀློང་རྒྱས་གསུངས་ཏེ་བླ་མའི་དགོངས་རྫོགས་ལ་བརྩོན་པ་དང་། དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་གིས་ཀྱང་བླ་མའི་རྣལ་འབྱོར་སོགས་ཀྱི་བཟླས་བརྗོད་དང་བཅས་སྐུ་གདུང་ལ་ཕྱག་འཚལ་བསྐོར་བ་སོགས་ཀྱིས་རྣམ་དཀར་དགེ་སྒྲུབ་ཀྱི་ལས་ལ་འབད་ཅིང་། དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ་རྣམ་གཉིས་གཙོ་མཛད་དེ་སང་ཉིན་ནས་བཟུང་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་བར་གདུང་མཇལ་གྱི་དུས་ཚོད་གཏན་འཁེལ་གནང་བ་མ་ཟད། རེབ་གོང་ཕྱོགས་ཀྱི་བོན་འབངས་ལྷ་སྡེ་རྣམས་རེས་སྐོར་གྱིས་མཚན་བསྐོར་བཀོད་སྒྲིག་སོགས་གནང་བའི་གནས་ཚུལ་ཙམ་ལགས་སོ།།

གསལ་བཤད་ཞུ་རྒྱུ་ཞིག་ལ་དགོན་གཞུང་དང་བོན་མང་འདུས་སྤྱི་ནས་གདུང་མཆོད་སྐབས་བརྙན་དང་པར་བླངས་མི་ཆོག་པར་གཏན་འཁེལ་གནང་ཡོད་པས་འབྲེལ་ཡོད་པར་རིས་སྐོར་བཀོད་ཐུབ་མེད།

རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་ནས།
༢༠༡༩་༨་༢༢ཉིན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།