དཔལ་སྐྱང་སྤྲུལ་རིན་པོ་ཆེས་བོན་འབངས་ཡོངས་ལ་གནང་བའི་ཐུགས་གསོའི་འཚམས་འཕྲིན།

༄༅། ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་མཚུངས་མེད་དྲིན་ཅན་རྩ་བའི་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་མཁས་ཤིང་གྲུབ་པའི་དབང་པོ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་བསྟན་འགྲོའི་དོན་རླབས་ཆེན་གྲུབ་ནས་ཧོར་ཟླ་བདུན་པའི་ཚེས་དྲུག་གི་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྟེང་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཟིགས་པའི་ཚུལ་མཛད། མགོན་པོ་གང་གི་ཐུགས་སྲས་ཆེན་པོ་ཤར་རྫའི་རྒྱབ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་བོན་བརྒྱའི་སྐུ་སྐྱེ་དྲི་མེད་ཉི་མ་མཆོག  མགོན་པོ་གང་གི་སློབ་མའི་གྲལ་མཐའ་བ་རང་ཉིད་དང་བཅས་པས་ཉིན་རེར་བླ་མའི་རྣལ་འབྱོར་དང་ཚེ་དབང་བོད་ཡུལ་མའི་ཆོ་ག  བོན་སྐུའི་སྨོན་ལམ་སོགས་གནད་འགྲོ་བྱས་ཏེ་བླ་མའི་ཐུགས་ཡིད་བསྲེས་ནས་ཡུན་རིང་ལ་མཉམ་པར་བཞག་ཅིང་འཁོར་གསུམ་དམིགས་མེད་ཀྱི་རྩིས་ཟིན་པར་བྱས་ནས་གསལ་འདེབས་ཀྱིས་ཉིན་དྲུག་ལ་གསང་རྒྱ་དམ་པོར་མཛད། གཞན་ཡང་སྤྲུལ་སྐུ་འཇིགས་མེད་བློ་གྲོས་དང་སྐུ་ཚ་གཡུང་དྲུང་དབང་རྒྱལ། སྤྲུལ་སྐུ་དཔལ་ཆེན་རྣམས་ཀྱིས་ཀྱང་གདུང་རིན་པོ་ཆེའི་མདུན་དུ་ཉིན་རེར་ཚེ་དབང་བོད་ཡུལ་མ་ཆགས་མེད་ཀྱིས་བླ་མ་དགྱེས་པའི་མཆོད་པ་ལ་བརྩོན་པར་མཛད་པ་ལགས། དེ་བཞིན་དུ་དད་ལྡན་བོན་འབངས་ཡོངས་ནས་ཀྱང་བླ་མ་རིན་པོ་ཆེའི་དགོངས་རྫོགས་སྐབས་འདིར་དགེ་སྒྲུབ་སྡིག་སྤོང་དང་སྔོན་འགྲོ་འབུམ་དགུའི་བསགས་སྦྱངས་ལ་འབད་ཅི་ཐུབ་གནང་རྒྱུ་ཤིན་ཏུ་གལ་ཆེའོ།།

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་ནས།

སྤྱི་ཟླ༧པའི་ཚེས༡༢ཉིན་ཕུལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།