དེ་རིང་གི་གདུང་མཆོད་གནས་ཚུལ་རགས་བསྡུས། ༢

༄༅། །དེ་རིང་ནི་འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཁོང་ཉིད་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་གཟིམས་ནས་ཉིན་བརྒྱད་པ་ཡིན་ལ། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང༧དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་མཁན་པོ་གཡུང་དྲུང་ཉི་རྒྱལ། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། ཨ་ཁུ་བླ་མ། བློ་གྲོས་དཔལ་ལྡན་སོགས་ཀྱིས་མཛད་བཅུ་དང་གདུང་ཁྲུས་ནས་བརྩམས་ཏེ་གདུང་མཆོད་ཀྱི་དབུ་འཛུགས་གནང་། དེ་ནས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག   དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས། ཨ་ཁུ་བསྟན་གོ་སོགས་ཀྱིས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར་བ་དང་། རང་དགོན་གྲྭ་ཚང་གཞུང་ནས་མདོ་གཡུང་དྲུང་ཀློང་རྒྱས་གསུངས། རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་བཀྲ་ཤིས་སྒོ་མང་མཆོད་རྟེན་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར། དད་ལྡན་མང་ཚོགས་རྣམས་ཀྱིས་བླ་མའི་རྣལ་འབྱོར་གྱི་བཟླས་བརྗོད་དང་བཅས་ཕྱག་འཚལ་བསྐོར་བ་སོགས་ཀྱི་དགེ་སྒྲུབ་བླ་མེད་མཛད།

སྤྲིན་དཀར་ཕོན་པོའི་མཐའ་ནས་དབྱིབས་གཟུགས་འདྲ་མིན་སྣ་ཚོགས་ཀྱི་འཇའ་ཚོན་སྣ་ལྔ་རབ་ཏུ་དཀྲུགས་ཤིང་འཇའ་སྣེ་རིམ་གྱིས་བསྲིངས་ཏེ་རྗེ་བླ་མའི་སྐུ་གདུང་བཞུགས་སའི་བླ་བྲང་གི་རྩེ་རུ་འཐེན་པ་སོགས་བཀྲ་ཤིས་དགེ་མཚན་གྱི་ལྟས་བཟང་ངོ་མཚར་བ་མང་དུ་བྱུང་བའི་གནས་ཚུལ་རགས་བསྡུས་ཙམ་ལགས་སོ།།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།