དེ་རིང་གི་གདུང་མཆོད་གནས་ཚུལ་རགས་བསྡུས། ༣

 

༄༅། །རྨད་བྱུང་རྣམ་དཀར་དགེ་བའི་གྲུ་ཆར་གྱིས། །

སྐལ་ལྡན་ཞིང་སར་ངེས་ལེགས་མྱུ་གུའི་རྩེར། །

སྤངས་རྟོགས་ལྷུན་གྱིས་གྲུབ་པའི་འབྲས་བཟང་སྨིན། །

གདུལ་བྱ་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །

དེ་རིང་ནི་ཡབ་རྗེ་དཔལ་ལྡན་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་ཁོང་ཉིད་སྐུ་ཞི་བར་གཤེགས་པའི་ཉིན་དགུ་བ་ཡིན་ལ། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་སྤྲུལ་སྐུ་དྲི་མེད་ཉི་མ་དང་ སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། ཁྲི་ལྷ་རྗེ་བླ་མ། དགེ་སློང་བློ་གྲོས་དཔལ་ལྡན་སོགས་གྲྭ་བཙུན་བདུན་ཕྲག་གཅིག་གིས་གདུང་ཁྲུས་ལེགས་པར་མཛད་ཅིང་། དེ་ནས་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་དང་ཁོང་གི་སྐུ་ཚ་དགེ་བཤེས་སྨོན་ལམ། སྐུ་ཚ་བསོད་ནམས་སོགས་ཀྱིས་བླ་མའི་མཆོད་པ་ལེགས་པར་གསུངས་ཏེ་འཁོར་གསུམ་དམིགས་མེད་བསྔོ་བའི་རྒྱས་གདབ་པའོ།།

དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག སྤྲུལ་སྐུ་དྲི་མེད་ཉི་མ། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས། མཁན་པོ་གཡུང་དྲུང་ཉི་རྒྱལ། བྱིངས་འདྲེན་ཟུར་བ་བསྟན་གོ་སོགས་ཀྱིས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱས་པར་ཕུལ་ཏེ་བླ་མ་མཉེས་པའི་མཆོད་པ་ལ་བརྩོན་པར་མཛད།

རང་དགོན་གྲྭ་ཚང་གིས་སྔར་བཞིན་མདོ་གཡུང་དྲུང་ཀློང་རྒྱས་གསུངས་ཤིང་། རེབ་གོང་བོན་བརྒྱ་དང་མག་སར་། རྩེ་གཞུང་སོ་ནག་སོགས་ཀྱི་བོན་གཤེན་རིག་འཛིན་ཚོགས་ཀྱིས་བཀྲ་ཤིས་སྒོ་མང་མཆོད་རྟེན་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱས་པར་བསྐོར།

རེབ་གོང་ཕྱོགས་ཀྱི་དགེ་བསྙེན་མ་རྣམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ཚུལ་བཞིན་སྲུང་སྟེ་རྗེ་བླ་མའི་གསོལ་འདེབས་དང་ཚེ་དབང་སྨོན་ལམ་སོགས་ངག་གི་དབྱངས་རྟ་སྙན་མོར་དྲངས་ཏེ་གསུངས་པས་ཀུན་གྱི་ཡིད་སེམས་དབང་མེད་དུ་བཀུག་སྟེ་དད་པའི་དང་བ་འདྲེན་པ་བྱུང་། དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་གིས་སྔར་བཞིན་བླ་མའི་རྣལ་འབྱོར་གྱི་བཟླས་བརྗོད་དང་བཅས་ཕྱག་འཚལ་བསྐོར་བ་སོགས་ཀྱི་དགེ་སྒྲུབ་བླ་མེད་མཛད།

ཕྱི་དྲོའི་ཆར་དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ཚང་ཕེབས་ནས་འདུལ་བའི་སྡེ་དང་སྔགས་འཆང་གི་སྡེ། དགེ་བསྙེན་མའི་སྡེ་རྣམས་ལ། སྤྱིར་རྗེ་བླ་མ་ཁོང་ལྟ་བུ་ལ་སྐྱེ་འཆི་མི་མངའ་ཡང་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་ཏེ་མི་རྟག་པའི་ཚུལ་བསྟན་ན་ཡང་།  རིན་པོ་ཆེ་ཁོང་གི་ཐུགས་རྗེ་དང་བྱིན་རླབས་ནི་ནམ་ཡང་རང་ཅག་སྐལ་ལྡན་བུ་སློབ་རྣམས་ཀྱི་རྒྱུད་ལ་སྔར་ནས་ཞུགས་ཡོད་པས་ཚང་མས་དགེ་སྒྲུབ་སྡིག་སྤོང་གི་ཕྱོགས་ལ་འབད་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། ལྷག་པར་དུ་སྔོན་འགྲོ་འབུམ་དགུའི་བསགས་སྦྱང་ལ་འབད་པ་གང་ལེགས་བགྱིས་ཏེ་ཚོགས་བསགས་དགེ་སྦྱོར་གྱི་ལས་ལ་འཇུག་རྒྱུ་ནི་དེ་བས་ཀྱང་གལ་ཆེ་ཚུལ་སོགས་གསུངས་ཏེ་རང་སེམས་སྡུག་བསྔལ་གྱི་ཀློང་དུ་ཚུད་མི་རུང་བའི་སེམས་གསོ་གང་འཚམ་གནང་།

གཞན་ཡང་མདང་དགོང་མཚན་བསྐོར་གྱི་སྐབས་སུ་ཡང་གནམ་ངོ་ཤིན་ཏུ་དྭངས་པས་ཟླ་བའི་འོད་སྣང་ཕྱོགས་ཀུན་མཆེད། གློ་བུར་དུ་ཟླ་བའི་མཐའ་འཁོར་ནས་སྤྲིན་དཀར་སྲབ་མོ་རེ་དལ་གྱིས་ལྡིང་ཞིང་དབྱིབས་གཟུགས་འདྲ་མིན་སྣ་ཚོགས་གུར་ཁྱིམ་ངོ་མཚར་བ་ཡུན་རིང་འཆར་བ་སོགས་བཀྲ་ཤིས་ལྟས་བཟང་གི་རྟགས་མཚན་མང་དུ་བྱུང་བ་སོགས་ཀྱི་གནས་ཚུལ་རགས་ཙམ་བཀོད་པ་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།