དེ་རིང་གི་གདུང་མཆོད་གནས་ཚུལ་རགས་བསྡུས། ༤

དེ་རིང་ནི་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཁོང་ཉིད་གཟུགས་སྐུའི་བཀོད་པ་བོན་ཉིད་ཀྱི་དབྱིངས་སུ་བསྡུས་ནས་ཉིན་བཅུ་བ་ཡིན་ལ། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། མཁན་པོ་གཡུང་དྲུང་ཉི་རྒྱལ། ཁྲི་ལྷ་རྗེ་བླ་མ། དགེ་སློང་བློ་གྲོས་དཔལ་ལྡན་སོགས་གྲྭ་བཙུན་བདུན་ཕྲག་གཅིག་གིས་གདུང་ཁྲུས་ལེགས་པར་མཛད་ཅིང་བོན་སྐུའི་སྨོན་ལམ་གསུངས།

ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། མཁན་པོ་གཡུང་དྲུང་ཉི་རྒྱལ། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས། བྱང་འདྲེན་ཟུར་བ་ཨ་ཁུ་བསྟན་གོ་སོགས་ཀྱིས་གདུང་རིན་པོ་ཆེའི་མདུན་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར་ཏེ་བླ་མ་དགྱེས་པའི་མཆོད་པ་ལ་བརྩོན་པར་མཛད།

རང་དགོན་གྲྭ་ཚང་ནས་སྔར་བཞིན་མདོ་གཡུང་དྲུང་ཀློང་རྒྱས་གསུངས་ཤིང་། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རིག་འཛིན་འདུས་པ་རྒྱ་མཚོས་ཤར་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་མོ་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར།  དགེ་བསྙེན་མ་རྣམས་ཀྱིས་བསྙུང་གནས་ཀྱི་གསོ་སྦྱོང་བླངས་ཏེ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ལ་ཚུལ་བཞིན་གནས།

ཕྱོགས་སོ་སོ་ནས་ཕེབས་པའི་བླ་གྲྭ་སེར་སྐྱ་ཕོ་མོ་སྟོང་ཕྲག་ལྷག་གིས་བླ་མའི་རྣལ་འབྱོར་གྱི་བཟླས་བརྗོད་དང་བཅས་གདུང་རིན་པོ་ཆེར་ཕྱག་འཚལ་བསྐོར་བ་བགྱིས་ཏེ་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་བརྩོན་པར་མཛད།

གཞན་ཡང་སློབ་བུ་དག་སྣང་ཅན་རྣམས་ཀྱི་སྣང་ངོར་རྟགས་དང་མཚན་མ་ངོ་མཚར་བ་ཅན་བྱུང་བ་མཐོང་ཡོད་ནའང་ཁོང་གི་ཐུགས་སྲས་སྐྱང་སྤྲུལ་རིན་པོ་ཆེའི་བཀའ་བཀོད་ནང་བཞིན་ཟང་ཟིང་གི་ཁྲོམ་བསྒྲགས་མ་གནང་བའོ།།

མཚན་བསྐོར་གྱི་རིམ་པ་ལ་ཚེས་བཅུ་གཉིས་ཀྱི་དགོང་མོར་ཧོར་ནག་སྟོང་ཆེ་དང་རུ་གོང་ཞོལ་གཉིས་ཡིན་ལ། ཚེས་བཅུ་གསུམ་ཀྱི་དགོང་མོར་གླིང་བརྒྱའི་བོན་ཚང་མ་དང་དར་གྲོང་། ཞོ་འོང་གསུམ་ཡིན། ཚེས་བཅུ་བཞིའི་དགོར་མོར་གྱང་རུ་དང་ངོ་མོ་ཡིན། ཚེས་བཅོ་ལྔའི་དགོང་མོར་ཁྱུང་པོ་ལ་ཁ་དང་ནོའུ་རོང་ཡིན། ཚེས་བཅུ་དྲུག་གི་དགོང་མོར་སྤྱི་ཁ་གསུམ། ཚེས་བཅུ་བདུན་གྱི་དགོང་མོར་ཁྱུང་པོ་ཐང་དང་སྡོང་སྐམ་བཅས་ཡིན་པས་སྐབས་འཁེལ་ལྷ་སྡེ་སོ་སོ་ནས་དད་ལྡན་ཕོ་མོ་བརྒྱ་ཕྲག་རེ་ཟུང་གིས་བླ་མའི་རྣལ་འབྱོར་དང་སྙིང་པོ་རྣམ་གསུམ་སོགས་ཀྱི་བཟླས་བརྗོད་དང་བཅས་ཕྱག་འཚལ་བསྐོར་བ་ལ་བརྩོན་དང་བརྩོན་མུས་སུ་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།