དེ་རིང་གི་གདུང་མཆོད་གནས་ཚུལ་རགས་བསྡུས། ༥

དེ་རིང་ནི་འཛམ་གླིང་མཁས་གྲུབ་ཆེན་མོ་སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ཁོང་ཉིད་གཟུགས་སྐུའི་བཀོད་པ་བོན་ཉིད་ཀྱི་དབྱིངས་སུ་བསྡུས་ནས་ཉིན་བཅུ་གཅིག་པ་ཡིན་ལ། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན་དང་བོན་བརྒྱའི་མཆོག་སྤྲུལ་དྲི་མེད་ཉི་མ། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། མཁན་པོ་གཡུང་དྲུང་ཉི་རྒྱལ། ཁྲི་ལྷ་རྗེ་བླ་མ། དགེ་སློང་བློ་གྲོས་དཔལ་ལྡན་སོགས་གྲྭ་བཙུན་བདུན་ཕྲག་གཅིག་གིས་བླ་མའི་གསོལ་འདེབས་དང་གདུང་ཁྲུས་ལེགས་པར་གསོལ་ནས་གདུང་མཆོད་ཀྱི་དབུ་ཚུགས།

དེ་ནས་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན། བོན་བརྒྱའི་མཆོག་སྤྲུལ་དྲི་མེད་ཉི་མ། མཁན་པོ་གཡུང་དྲུང་ཉི་རྒྱལ། བྱང་འདྲེན་ཟུར་བ་ཨ་ཁུ་བསྟན་གོ་སོགས་ཀྱིས་གདུང་རིན་པོ་ཆེའི་མདུན་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར་ཏེ་བླ་མ་དགྱེས་པའི་མཆོད་པ་ལ་བརྩོན་པར་མཛད།

རང་དགོན་གྲྭ་ཚང་ནས་ཉིན་རྒྱུན་ལྟར་བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་ཀྱི་ཡང་སྤྲུལ༧ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་ཚོགས་དབུར་ཕྱག་ཕེབས་གནང་སྟེ་མདོ་གཡུང་དྲུང་ཀློང་རྒྱས་གསུངས་ཤིང་། ཕྱོགས་སོ་སོ་ནས་ཕེབས་པའི་དགེ་བསྙེན་མ་རྣམས་ལས་ལ་ལ་ཞིག་གིས་གདུང་རིན་པོ་ཆེའི་མདུན་ནས་ཉིན་ཧྲིལ་བོར་མ་ཏྲི་དབྱངས་གྱེར་གནང་ཞིང་། ལ་ལ་ཞིག་གིས་རྣམ་པར་རྒྱལ་བའི་སྐུ་གཟུགས་ཀྱི་མདུན་ནས་ཕྱག་འཚལ་བསྐོར་བ་དང་མ་ཏྲི་དབྱངས་གྱེར་གྱིས་དགེ་བའི་ལས་ལ་བརྩོན་པར་མཛད།  

ན་གཞོན་བླ་སྔགས་བརྒྱ་ཕྲག་ལྷག་གིས་མ་སྐུལ་དང་བླངས་སྒོས་བླ་མ་དགྱེས་པའི་མཆོད་པ་དང་རང་རང་གི་ཚོགས་བསགས་དགེ་སྒྲུབ་ལ་དམིགས་ནས་གདུགས་རྒྱལ་མཚན་དང་། རྔ་གཤང་རོལ་མོ། ཀ་འཕན་མཎྜལ་སོགས་གསར་དུ་བཞེངས་བསྐྲུན་ལེགས་གྲུབ་བྱུང་སྟེ། ཚོགས་ཆེན་འདུ་ཁང་གི་མདུན་དུ་མཆོད་བཤམས་མཛད་ལེགས་པར་མཛད་ཅིང་། བླ་སྤྲུལ་གྲྭ་བཙུན་དང་སེར་སྐྱ་ཕོ་མོ་མང་པོས་བླ་མའི་གསོལ་འདེབས་དབྱངས་སུ་གྱེར།

མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་མཁས་བཙུན་བཟང་གསུམ་ལ་མངའ་བརྙེས་པ། སི་ཁྲོན་མཛོད་དགེའི་སྐྱང་ཚང་མཆོག་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་རང་དགོན་དུ་ཕྱག་ཕེབས་གནང་བ་ལ་ཤར་རྫའི་རྒྱལ་ཚབ་རིན་པོ་ཆེ་དང་བཅས་པའི་འདིར་བཞུགས་བླ་སྤྲུལ་གྲྭ་བཙུན་གྱི་སྡེ་དང་གསང་སྔགས་རིག་འཛིན་གྱི་སྡེ་རྣམས་ཀྱིས་བསུ་མ་ལེགས་པར་མཛད།

སི་ཁྲོན་སྡེ་དགེའི་ཁྲོ་ཚང་དགོན་པའི་བྱ་རྒོད་སྤྲུལ་སྐུ་གཡུང་དྲུང་བསམ་གཏན་དང་ཡོངས་གྲགས་སུ་ཨ་ཁུ་དྲན་པར་འབོད་པ་རྣམ་གཉིས་ཀྱི་ཐུགས་བཀོད་བཞིན་དུ་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་མོ་ནས་ཀློང་རྒྱས་དཀྱིལ་འཁོར་རྒྱས་པར་བཞེངས། དེ་ལ་རང་རེའི་ལྷ་སྡེ་སོ་སོ་ནས་བྲིས་པ་དང་ལྷ་རིས་པ་བརྒྱ་ཕྲག་ལྷག་ཙམ་གྱིས་ཉིན་འགའི་རིང་ལ་ཀློང་རྒྱས་སྦྱིན་སྲེག་རྒྱས་པ་ལྟར་དུ་མཆོད་རྫས་དང་བསྲེག་རྫས་རྣམས་གྲ་སྒྲིག་ལེགས་པར་གནང་།

ཕྱོགས་སོ་སོ་ནས་ཕེབས་པའི་བླ་གྲྭ་སེར་སྐྱ་ཕོ་མོ་སྟོང་ཕྲག་ལྷག་གིས་ཉིན་རྒྱུན་ལྟར་བླ་མའི་རྣལ་འབྱོར་གྱི་བཟླས་བརྗོད་དང་བཅས་གདུང་རིན་པོ་ཆེར་ཕྱག་འཚལ་བསྐོར་བ་བགྱིས་ཏེ་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་བརྩོན་པར་མཛད།

དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣ་དང་གྲྭ་ཚང་གི་ལས་སྣ། བོན་མང་གི་ལས་སྣ་ཀུན་གྱིས་ཀྱང་ཉིན་འདི་དག་གི་རིང་ལ་ལས་རིགས་སོ་སོར་བཀོད་སྒྲིག་གང་ལེགས་གནང་བ་དེ་བཞིན་དུ་ལེགས་གྲུབ་ཀྱང་བྱུང་ཡོད་པས་ཀུན་གྱི་ཐུགས་ཟིན་པ་བྱུང་ཡོད།

ཕལ་ཆེར་དེ་རིང་ཉིན་གང་བོར་གདུང་རིན་པོ་ཆེ་བཞུགས་སའི་མཆོག་གསུམ་མཆོད་པའི་ལྷ་ཁང་གི་ནམ་མཁའི་ཀློང་ནས་བྱ་རྒྱལ་རྒོད་པོ་མང་པོས་གཡོན་བསྐོར་གྱིས་ལྡིང་བསྐོར་རྒྱག་པ་དང་ཉི་མའི་གུར་ཁྱིམ་བཀྲ་བ་སོགས་ལྟས་བཟང་གི་མཚན་མ་ཡང་རབ་དང་རིམ་པར་འཆར་བ་དང་བཅས་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།