དེ་རིང་གི་གདུང་མཆོད་གནས་ཚུལ་རགས་བསྡུས། ༦

༄༅། །དེ་རིང་ནི་འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ཁོང་ཉིད་སྐུ་མི་རྟག་ཚུལ་བསྟན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཟིམས་ནས་ཉིན་བཅུ་གཉིས་པ་ཡིན་ལ། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང༧དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་ཁྲི་ལྷ་རྗེ་བླ་མ། དགེ་སློང་བློ་གྲོས་དཔལ་ལྡན་སོགས་དགེ་སློང་བཅུ་ཕྲག་ལྷག་གིས་བདེ་ཆེན་རྒྱལ་པོ་དང་མཛད་བཅུ། རྣམ་དག་འགྱུར་མེད་སོགས་གསུངས་རྗེས་གདུང་ཁྲུས་ལེགས་པར་མཛད།

དེ་ནས་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་མ་སྤྲུལ་སྐུ་དང་བཅས་པའི་གྲྭ་ཚང་འདུས་པ་ཡོངས་ནས་བླ་མའི་རྣལ་འབྱོར་དང་ཚེ་དབང་སྨོན་ལམ་གསུངས་ཏེ་གདུང་རིན་པོ་ཆེར་མཇལ་ཕྱག་ཞུས་རྗེས།  ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་སེར་སྐྱ་ཕོ་མོ་རྒན་གཞོན་ཀུན་གྱིས་ངག་བཟླས་བརྗོད་དང་ལུས་ཕྱག་འཚལ། ཡིད་དད་གུས་དང་བཅས་གདུང་རིན་པོ་ཆེར་མཇལ་ཕྱག་ཞུས།

མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་སྐྱང་ཚང་ཨ་ལགས་དྲི་མེད་རིན་པོ་ཆེ་གཙོ་འཁོར་དང་སྤྲུལ་སྐུ་འཇིགས་མེད་བློ་གྲོས། ཀོ་དགོན་མཁན་པོ་དགེ་ལེགས། རལ་བ་སྤྲུལ་སྐུ་དྲི་མེད་རྣམ་རྒྱལ་སོགས་ཀྱིས་གདུང་མཇལ་ཞུས་ཏེ་སྨོན་ལམ་གསུངས། དགོན་གོང་མའི་བྱ་འཕུར་ཀུན་བཟང་རྒྱལ་མཚན་དང་ཨ་ལགས་དྲི་མེད་ཉི་མ། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས། ཨ་ཁུ་བསྟན་གོ་སོགས་ཀྱིས་གདུང་རིན་པོ་ཆེའི་མདུན་ནས་ཚེ་དབང་བོད་ཡུལ་མ་གསུངས།

དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེས་ཚེ་དབང་སྨོན་ལམ་དང་བོན་སྐུའི་སྨོན་ལམ་སོགས་གྲུབ་རྗེས་བླ་མའི་ཐུགས་ཡིད་བསྲེས་ཏེ་དུས་ཡུན་རིང་པོར་མཉམ་བཞག་གྱི་ངང་ལ་གནས་ཤིང་མཐར་འཁོར་གསུམ་དམིགས་མེད་བསྔོ་བའི་རྒྱས་གདབ་པའོ།།

རང་དགོན་གྲྭ་ཚང་ནས་སྔར་བཞིན་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་གསུངས་ཤིང་། ཕྱི་དྲོའི་ཆུ་ཚོད་གཉིས་པ་ཙམ་ནས་གདུང་མཇལ་གྱི་མཚམས་བཞག

མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བརྙེས་པའི་ཨ་ལགས་དྲི་མེད་དང་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ། ཁམས་སྡེ་དགེ་ཁྲོ་ཚང་དགོན་པའི་བྱ་རྒོད་སྤྲུལ་སྐུ་གཡུང་དྲུང་བསམ་གཏན་དང་མཁན་པོ་གཡུང་དྲུང་ཉི་རྒྱལ། གཡུང་དྲུང་རིན་ཆེན་ནམ་ཡོངས་གྲགས་སུ་ཨ་ཁུ་དྲན་པ་སོགས་དགེ་སློང་བཅུ་ཕྲག་ལྷག་གིས་ཤར་བཀྲ་ཤིས་སྒོ་མང་མཆོད་རྟེན་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་རྒྱས་པར་གསུངས།

རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོ་དང་བཅས་པའི་དད་ལྡན་སེར་སྐྱ་ཡོངས་ཀྱིས་མཆོག་གསུམ་མཆོད་པའི་ལྷ་ཁང་དང་ཚོགས་ཆེན་འདུ་ཁང་། བཀྲ་ཤིས་སྒོ་མང་མཆོད་རྟེན། རྣམ་པར་རྒྱལ་བའི་སྐུ་བརྙན་སོགས་ཀྱི་མདུན་ནས་མ་ཏྲི་དང་བླ་མའི་གསོལ་འདེབས་སོགས་དབྱངས་རྟར་གྱེར་ནས་ཕྱག་འཚལ་བསྐོར་བ་བགྱིས་ཏེ་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་བརྩོན་པར་མཛད།

ཚོགས་ཆེན་འདུ་ཁང་དང་བཀྲ་ཤིས་སྒོ་མང་མཆོད་རྟེན་སོགས་ནས་མར་མེ་ཁྲི་ཕྲག་མང་པོས་མཆོད་འབུལ་དང་བཅས་འདིར་ཕེབས་ཀྱི་དད་ལྡན་བུ་སློབ་སྟོང་ཕྲག་ལྷག་ཚོགས་ཆེན་འདུ་ཁང་གི་ལྷས་རས་འཛོམས་ནས་མ་ཏྲི་དབྱངས་སུ་གྱེར་ཏེ་ཞག་གང་པོར་སྡོད་འཆར་ཡོད་དོ།།

རྒྱལ་ཁབ་ཀྱི་འགྲིམ་འགྲུལ་ཉེན་རྟོགས་རུ་ཁག་དང་ཆུ་ཁོག་ཤང་སྲིད་གཞུང་གི་འབྲེལ་ཡོད་མི་སྣ།ཤང་མངག་གཏོང་ཁང་སོགས་ནས་ཀྱང་ལས་བྱེད་མི་སྣ་གང་འཚམ་མངག་སྟེ་ཀུན་གྱི་བདེ་འཇགས་ལ་ཁག་ཐེག་མཛད་པས་བཀའ་དྲིན་བླ་ལྷག་ཏུ་ཆེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།