གདུང་རིན་པོ་ཆེ་ཞུགས་འབུལ་སྐབས་ཀྱི་གནས་ཚུལ་རགས་བསྡུས། ༧

༄༅། །དེ་རིང་ནི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་དང་ཧོར་ཟླ་བདུན་པའི་ཚེས་བཅོ་བརྒྱད་དེ་འཛམ་གླིང་མཁས་པའི་གཙུག་རྒྱན་དམ་པ་མདོ་སྨད་སྨྲ་བའི་སེང་ཆེན། སྲིད་གསུམ་སྐྱེ་འགྲོ་ཡོངས་ཀྱི་འདྲེན་སྟོན་ཆེན་མོ་སྐྱབས་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་རེ་ཞིག་འགྲོ་དོན་མཐར་ཕྱིན་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་བསྡུས་པའི་ཉིན་བཅུ་གསུམ་པ་སྟེ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་དུས་ཚེས་ཁྱད་པར་ཅན་ལགས་པས། ཞོགས་པའི་ཆུ་ཚོད་བདུན་པ་ནས་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་སྐྱང་ཚང་དྲི་མེད་འོད་ཟེར་རིན་པོ་ཆེ་སྐུ་གདུང་ཞུགས་འབུལ་གྱི་སར་ཕྱག་ཕེབས་གནང་ཞིང་། སྐུ་གདུང་གདན་འདྲེན་གྱི་རིམ་པ་ལ། རྩེ་སྒྲུབ་གྲྭའི་ལྷ་ཁང་ནས་ཤར་ཕྱོགས་མངོན་པར་དགའ་བའི་མདུན་རིའི་རྩེའི་བར་བླ་སྤྲུལ་མཁན་གསུམ་དང་རང་དགོན་གྲྭ་ཚང་གཙོས་པའི་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་ཉིས་བརྒྱ་ལྷག་གིས་གདུགས་རྒྱལ་མཚན་ལ་སོགས་པའི་དར་དཔྱངས་མཆོད་རྫས་ཀྱི་མཆོད་པ་དང་། དུང་དཀར་རྒྱ་གླིང་དང་རྔ་གཤང་སྦུབ་ཆལ་ལ་སོགས་རོལ་མོའི་མཆོད་པ། རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་ཞྭ་མོ་གོས་སྡོམ་དང་བཅས་པའི་སྔགས་ཆས་རྣམས་ཆ་ཚང་བར་མནབས་ནས་སེར་ཕྲེང་གི་རིམ་པ་ལེགས་པར་བསྒྲིགས་ཤིང་། དད་ལྡན་མང་ཚོགས་ཆིག་ཁྲི་སུམ་སྟོང་ལྷག་གིས་ཁ་བཏགས་གོས་བཏགས་དང་མེ་ཏོག་བདུག་སྤོས་སོགས་བསྣམས་ནས་མ་ཏྲིའི་དབྱངས་དང་བཅས་སྐྱབས་རྗེ་བླ་མ་མཆོག་གི་སྐུ་གདུང་རིན་པོ་ཆེ་གདན་འདྲེན་ལེགས་པར་ཞུས།

          དེ་ནས་སྐྱང་ཚང་དྲི་མེད་འོད་ཟེར་རིན་པོ་ཆེ་དང་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག སྡེ་དགེ་ཁྲོ་ཚང་དགོན་པའི་བྱ་རྒོད་སྤྲུལ་སྐུ་གཡུང་དྲུང་བསམ་གཏམ་དང་རྩེ་ཞིག་མཆོག་སྤྲུལ་ཤེས་རབ་བསྟན་པའི་ཟླ་བ། མཁན་པོ་གཡུང་དྲུང་ཉི་རྒྱལ་དང་རྟོགས་ལྡན་གཡུང་དྲུང་རིན་ཆེན་ནམ་ཨ་ཁུ་དྲན་པ་སོགས་དགེ་འདུན་བཅུ་ཕྲག་ལྷག་གིས་སྦྱིན་བསྲེག་གི་ཆོ་ག་ནས་དབུ་བཟུང་ཞིང་། བསླབ་གསུམ་ངུར་སྨྲིག་འདུལ་བ་འཛིན་པའི་དགེ་འདུན་པ་རྣམས་ཀྱིས་བླ་མའི་རྣལ་འབྱོར་དང་། གསང་སྔགས་རིག་པ་འཛིན་པའི་བོན་གཤེན་སྔགས་འཆང་རྣམས་ཀྱིས་མཛད་པ་བཅུ་གཉིས་དང་ཚེ་དབང་སྨོན་ལམ། དགེ་བསྙེན་ཕོ་མོ་རྣམས་ཀྱིས་སྨོན་ལམ་རྣམ་གསུམ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་མ་ཏྲི་དབྱངས་སུ་གྱེར་ནས་གདུང་རིན་པོ་ཆེ་ཞུགས་འབུལ་མཛད་ཅིང་། དེ་ནས་སྐྱང་ཚང་དྲི་མེད་འོད་ཟེར་དང་བཅས་པའི་བླ་སྤྲུལ་རྣམས་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་མོར་ཕེབས་ནས་ཆོ་གའི་མཇུག་ཡོངས་སུ་གྲུབ་པར་མཛད་པ་མ་ཟད་སྐྱང་ཚང་རིན་པོ་ཆེས་བླ་སྤྲུལ་དང་དགེ་འདུས་པ་རྣམས་ལ་ཐུགས་གསོ་ཡང་ཡང་མཛད། ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་གྲྭ་བཙུན་རྣམས་ཀྱང་ཕན་ཚུན་ཁ་འབྲལ་མི་ཕོད་པའི་ངང་རང་རང་སོ་སོའི་གནས་སུ་བདེ་བར་དེངས་སོ། །

དགོང་མོར་ཁྲི་ལྷ་རྗེ་བླ་མ་སོགས་བསླབ་གསུམ་འདུལ་བ་འཛིན་པའི་དགེ་འདུན་བཅུ་ཕྲག་ལྷག་གིས་གདུང་ཁང་ལ་མཚན་བསྐོར་གནང་རྒྱུ་དང་། སང་ཉིན་ནས་བཟུང་གདུང་ཁང་རིན་པོ་ཆེ་ཞལ་འབྱེད་བར་དུ་མཆོད་པ་མཆོད་བཤོམ་རྒྱས་འབུལ་དང་བླ་མའི་རྣལ་འབྱོར་ལ་སོགས་པའི་ཚོགས་བསགས་དགེ་སྦྱོར་གྱི་སྟ་གོན་གནང་བ་དང་བཅས་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

 གདུང་རིན་པོ་ཆེ་གདན་འདྲེན་ཞུ་བཞིན་པ། གདུང་རིན་པོ་ཆེ་གདན་འདྲེན་ཞུ་བཞིན་པ།བོན་གཤེན་རིག་འཛིན་རྣམས་ཀྱིས་མཛད་པ་བཅུ་གཉིས་དང་ཚེ་དབང་སྨོན་ལམ་གསུང་བཞིན་པ།བླ་མ་སྐྱང་སྤྲུལ་རིན་པོ་ཆེ་ཚང་ཐུགས་ཕྱིར་འཕྲང་དང་བཅས་ཕྱིར་ཕེབས་པ།དད་ལྡན་མང་ཚོགས་རྣམས་ཀྱིས་བླ་མའི་གསོལ་འདེབས་དང་མ་ཏྲི་དབྱངས་སུ་གྱེར་བའི་རྣམ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།