གླིང་བརྒྱའི་བོན་ཚང་མའི་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ནས་རྗེ་བླ་མར་གདུང་མཆོད་ཕུལ་བའི་རྣམ་པ།

གླིང་བརྒྱའི་བོན་ཚང་མའི་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ནས་རྗེ་བླ་མར་གདུང་མཆོད་ཕུལ་བའི་རྣམ་པ།

༄༅། །  དེ་ཡང་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན།  བདག་ཅག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་མཚན་ནས་བརྗོད་པར་དཀའ་བ་དོན་གྱི་བསླད་དུ་བརྗོད་ན༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཟིམས་པའི་བརྡ་ཐོས་མ་ཐག  རང་སྡེ་གླིང་བརྒྱའི་བོན་ཚང་མའི་རྒན་མགོ་དཀར་མན་ཆད་དང་གཞོན་སོ་དཀར་ཡན་ཆད་ཀྱི་སྐྱེ་ཕོ་མོ་ཡོངས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་སྐྱོ་གདུང་གི་མཆི་མ་དབང་མེད་དུ་བཞུར་བཞིན་གདུང་མཆོད་ཀྱི་ཉིན་དང་པོ་ནས་བཟུང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ནས་མི་འཇིག་གདོང་ལྔའི་ཁྲི་སྟེང་དུ་བླ་མའི་སྐུ་པར་མཐོང་གྲོལ་ཆེན་མོ་བཤམས་ལ།   མདུན་དུ་མཆོད་རྫས་མནྚལ་རྣམ་ལྔ་དང་བཅས་ཉིན་མཚན་གཉིས་ལ་མར་མེ་ཁྲི་ཕྲག་ལྷག་གི་ཞལ་ཕྱེས་པ་དང་སྐྱེ་ཕོ་མོ་ཡོངས་ཀྱིས་བླ་མའི་གསོལ་འདེབས་དང་མར་མེ་སྨོན་ལམ། མཛད་བཅུ་དང་བྱམས་མ། ཚེ་དབང་སྨོན་ལམ། མ་ཏྲི་སོགས་དགོང་རེ་བཞིན་ཆགས་མེད་འདོན་བཞིན་ཡོད། ཚེས་བཅུ་བདུན་ནས་བཅོ་བརྒྱད་བར་རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་མར་མེ་ཁྲི་ཕྲག་གི་ཞལ་ཕྱེས།  དེ་ལ་རང་སྡེ་བའི་ཁྱིམ་ཚང་རེ་རེ་དང་གཞན་ཡུལ་ལམ་ཡང་ན་གནས་ཡུལ་འགྲིམས་པའི་རང་སྡེའི་བུ་བུ་མོ་དང་བཅས་པའི་བུ་སྲིང་ཡོངས་ཀྱིས་འབྲེལ་ཆེ་ཐོག་ཆུང་བཞག་གིས་སྒོར་བཞི་ཁྲི་ལྷག་འདུས་ཤིང་དགོང་ཞག་ཞེ་དགུའི་བར་དུ་མར་མེ་ཁྲི་ཕྲག་ལྔ་ལྷག་འཇོག་འཆར་ཡོད། གདུང་མཆོད་རྒྱ་ཆེན་འདི་ཡི་མཐུ་ལ་བརྟེན་ནས།    བདག་ཅག་གི་རྩ་བའི་བླ་མའི་ཐུགས་ཀ་དག་ཀློང་དུ་དེངས་ན་ཡང།  ཐུགས་རྗེ་དང་བྱིན་རླབས་མ་འགགས་པ་ཡིན་པས། ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འཆར་བའི་སྐྱབས་འཇུག་ཡང་ཡང་ཞུའོ།། ཞེས་དྲུང་མུ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།