སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་གདུང་རུས་གདན་འདྲེན་སྐོར་གྱི་གནས་ཚུལ་རགས་བསྡུས།

༄༅། །དེ་རིང་ནི་སྤྱི་ལོ༢༠༡༨ལོའི་ཟླ༩བའི་ཚེས༢དང་ཧོར་ཟླ༧པའི་ཚེས་ཉེར་གསུམ་སྟེ་ཡབ་རྗེ་བླ་མ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཟིམས་ནས་ཉིན་བཅོ་བརྒྱད་པ་ཡིན། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་མཆོག་སྤྲུལ་དྲི་མེད་ཉི་མ། སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ། བོན་སླེབ་སྤྲུལ་སྐུ་བསྟན་པ་རབ་རྒྱས། མཁན་པོ་བསྟན་པའི་ཉི་མ། དགེ་སློང་བསྟན་པ་དར་རྒྱས། ཁྲི་ལྷ་རྗེ་བླ་མ། དགེ་སློང་གཡུང་དྲུང་། དགེ་སློང་བློ་གྲོས་དཔལ་ལྡན། དགེ་སློང་བསྟན་འཛིན་སོགས་བླ་སྤྲུལ་དགེ་སློང་བཅུ་གྲངས་ལྷག་གདུང་ཞུགས་འབུལ་གྱི་གནས་སམ་ཤར་མངོན་པར་དགའ་བའི་མདུན་རིའི་རྩེར་ཕྱག་ཕེབས་གནང་སྟེ་ཁྲོ་རྒྱལ་གོང་འོག་ནས་མཚམས་གཅོད་དང་སྒོ་དབྱེ་སོགས་ནས་ཁྲུས་ཀྱི་རིམ་པ་སོགས་ལེགས་པར་གྲུབ་རྗེས་སྔར་གྱི་གདུང་རིན་པོ་ཆེར་ཞབས་ཏོག་འབུལ་མཁན་དགེ་སློང་རྣམས་ཀྱིས་གདུང་རུས་ལེགས་པར་བསལ་བ་དང་། གྲྭ་ཚང་འདུས་སྤྱི་ནས་ཚེ་དབང་བོད་ཡུལ་མའི་གཞུང་བསྲིངས་ཏེ་སྤྱན་འདྲེན་གྱི་མཚམས་ནས་གདུགས་རྒྱལ་མཚན་དང་དུང་རྒྱ་གླིང་། རྔ་གཤང་རོལ་མོ་དང་བཅས་སེར་ཕྲེང་ལ་བསྟར་བ་དང་དེའི་འཕྲོར་རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་ཀྱང་ཞྭ་མོ་གོས་སྡོམ་དང་བཅས་པའི་སྔགས་ཆས་རྣམས་ཆ་ཚང་བར་མནབས་ཤིང་དུང་རྒྱ་གླིང་དང་རྔ་གཤང་རོལ་མོ་སོགས་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པས་སེར་ཕྲེང་གི་རིམ་པ་ལེགས་པར་བསྒྲིགས་ཤིང་། དེ་དང་མཉམ་དུ་བོན་བརྒྱའི་བོན་མང་སྤྱི་བ་གཙོ་བྱས་པའི་ཡར་ནང་བོན་སྡེ་ཁ་གསུམ་དང་མར་ནང་བོན་སྡེ་ཁ་གསུམ་སོགས་ཀྱི་རིག་འཛིན་སྒྲུབ་གཤེན་འདུས་སྤྱི་དང་ཕྱོགས་སོ་སོའི་དད་ལྡན་མང་ཚོགས་ཕོ་མོ་རྒན་གཞོན་ཀུན་གྱིས་མ་ཏྲིའི་དབྱངས་དང་བཅས་སྐྱབས་རྗེ་བླ་མ་མཆོག་གི་གདུང་རུས་གདན་འདྲེན་གྱིས་ཚོགས་ཆེན་འདུ་ཁང་དུ་བསུ་མ་མཛད་ཅིང་། བླ་སྔགས་ཡོངས་ཀྱིས་མཛད་པ་བཅུ་གཉིས་དང་རྣམ་དག་འགྱུར་མེད་སོགས་གསུངས་ཞོར་ཡབ་རྗེ་བླ་མའི་གདུང་རུས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་བཞུགས་སུ་གསོལ་ལོ།། 

དེའི་རྗེས་བླ་མ་སྤྲུལ་སྐུ་དང་གྲྭ་ཚང་འདུས་སྤྱི། བོན་མང་འདུས་སྤྱི། དད་ལྡན་མང་ཚོགས་རྣམས་ཀྱིས་རིམ་པ་བཞིན་མཇལ་ཕྱག་ཞུས་ཤིང་། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེས་གསུངས་པའི་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་གསུངས་རྗེས་གྲྭ་ཚང་འདུས་སྤྱི་ནས་སྔར་བཞིན་ཚེ་དབང་བོད་ཡུལ་མའི་གཞུང་གི་ཆོ་ག་གསུངས་པའོ།། དེར་མ་ཟད་དད་ལྡན་སེར་སྐྱ་ཡོངས་ཀྱིས་རང་རང་གང་འདོད་ལྟར་ཐར་མདོ་དང་ཚེ་དབང་སྨོན་ལམ། གསེར་འོད་ནོར་བུ་འོད་འབར་སོགས་ཀྱི་རྡོ་བརྐོས་བླུས་ཏེ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་སར་འཁུར་ནས་རྡོ་འབུམ་བརྩིགས་པ་དང་བཅས་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།