འཛམ་གླིང་མཁས་པའི་དབང་པོ་བོན་བརྒྱ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཟིམས་པར་རྒྱལ་ཕྱི་ནང་ཀུན་གྱི་བོན་དགོན་སོ་སོ་ནས་གདུང་མཆོད་ཕུལ་བའི་གནས་ཚུལ་ཕྱོགས་བསྡུས།

འགྲོ་བ་ལྷ་དང་བཅས་པ་ཡོངས་ཀྱི་སྐྱབས་མཆོག་དམ་པ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་ཉིད། ཧོར་ཟླ་བདུན་པའི་ཚེས་དྲུག་གི་དགོང་མོའི་ཆུ་ཚོད་བཅུ་གཅིག་གི་སྟེང་དགོངས་པ་བོན་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཉིན་དེ་ནས་བཟུང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོན་སྡེ་དགོན་ཁག་སོ་སོ་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་པ་རྒྱ་ཆེན་ཕུལ་བའི་རྣམ་པ་རགས་བསྡུས་བཀོད་པ་ཙམ་མོ། །༧མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་པར་༧སྨན་རིའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་ཐུགས་གསོའི་འཚམས་འཕྲིན་དང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་མང་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་པ།

ཀུན་གྱིས་མཁྱེན་གསལ་ལྟར་གོང་ཚེས་བཅུ་གཉིས་ནས་མཁས་གྲུབ་སྨྲ་བའི་སེང་ཆེན་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཡེ་ནས་ཀ་དག་སྟོང་ཆེན་གྱི་ཀློང་ནས་གཡོ་བ་མེད་ཀྱང་གཡོ་བའི་ཚུལ་བསྟན་ཏེ་གསང་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་རིག་པའི་རྩལ་དུ་ཤར་ནས་དུས་ཀྱི་གཉན་འཕྲང་ལ་རྒྱལ་བསྟན་སྲོག་གི་རྒྱུན་ཐག་བསྲིང་སྟེ་དགུང་གྲངས་གྱ་བཞི་བར་ཞལ་མངོན་པར་འཚོ་མཐར་རེ་ཞིག་ལྷུན་གྲུབ་ཀྱི་རྩལ་ཐམས་ཅད་ནང་དབྱིངས་ཀ་དག་གི་གྲོང་དུ་བསྡུས་པ་ཐོས་ཕྲལ། མྱ་ངན་དང་བཅས་ངེད་རྫ་སྟེང་ཆེན་དགོན་གྱི་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་དབྲ་སྟོན་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་ཐུགས་བཀོད་ལྟར་བདག་གཉེར་དོ་དམ་ཁང་གིས་མཐུན་སྦྱོར་གནང་ནས་རྗེ་ཉིད་ཀྱི་སྐུ་པར་ཆེན་མོའི་མདུན་དུ་མཆོད་ཚོགས་རྒྱ་ཆེར་གཤམ་ནས་འདུས་མང་ཉི་འཚོགས་བྱས་ཏེ། བླ་མའི་གསོལ་འདེབས་དང་།   བླ་མ་མཆོད་པ།     བོན་སྐུ་སྨོན་ལམ།   ངེས་འབྱུང་སྐྱོ་ཤས་སྨོན་ལམ།   ཀུན་རིག་སྒྲོན་མའི་མཆོད་སྦྱིན་རྒྱས་པ།    ལྷ་སྡེ་མི་མང་ཡོངས་ནས་ཁས་བླངས་དགེ་བསྐུལ་རྒྱ་ཆེར་གྲུབ་སོང་།      ཁྱུང་མོ་སྤྲུལ་སྐུ་སྟོབས་ལྡན་དབང་ཕྱུག་མཆོག་༧རྗེ་བོན་བརྒྱ་བླ་མའི་གདན་སར་ཕེབས་ནས་གདུང་མཆོད་ལ་མར་མེ་སྟོང་ཕྲག་གཅིག་དང་མཚན་ཐུབ་ཆེ་ལེགས་ཉི་ཤུ་བཅས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་ཕུལ། སྤྲུལ་སྐུ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་གི་ཐུགས་བཀོད་ལྟར་ཁྲི་ཀ་ཁྱུང་མོ་དགོན་ནས་གདུང་མཆོད་བྱེད་བཞིན་པའི་ཚུལ།  དུས་གསུམ་སངས་རྒྱས་ཀུན་གྱི་མཁྱེན་པ་དང་བརྩེ་བའི་མེ་ཏོག་གི་ཆུན་པོ། སྲིད་ཞིའི་དབྱིངས་ན་ཉི་ཟླ་དཔག་བསམ་ཡིད་བཞིན་ནོར་བུའི་མཆོད་ཟླར་འབར་ཞིང་ལྷ་དང་ལྷ་མ་ཡིན་གྱི་གཙོ་བོའི་བྱེ་བྲག་བརྒྱ་ཡི་ཅོད་པན་གྱིས་མངོན་པར་བདུད་པ།    སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནམ་མཁའི་མཐའ་རུ་གསལ་ཞིང་རྒྱས་པར་བྱས་པའི་དེད་དཔོན།    ཉི་ཟླ་ལྟར་གསལ་བའི་བསྟན་པའི་སྒྲོན་མེ།གསེར་རི་ལྟར་བརྗིད་པའི་བསྟན་འཛིན་གྱི་སྐྱེས་བུ།     རྒྱ་མཚོ་ལྟ་བུའི་མདོ་སྔགས་ཡོངས་ཀྱི་བཤེས་གཉེན།      སེང་གེ་མཁའ་ལ་མཆོང་འདྲའི་དཔལ་ལྡན་རིག་པ་སྨྲ་བའི་དབང་བོ།       དོན་གྱི་སླད་དུ་མཚན་གྱི་སྨོས་ན།  མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་འབྱིན་པའི་སླད་གཟུགས་སྐུའི་བཀོད་པ་རེ་ཞིག་བོན་དབྱིངས་བསྡུས་པའི་གནས་ཚུལ་ཤེས་རྟོག་བྱུང་བ་དང་བསྟུན་ནས།   མག་གསར་ཁྱུང་པོ་གཡུང་དྲུང་དར་རྒྱས་གླིང་གི་རིག་འཛིན་འདུས་བ་རྒྱ་མཚོ་སྤྱི་ནས་ཐུགས་གསོའི་མཚམས་འདྲིར་ཕེབས་པ་དང།     སྐུ་གདུང་ཞུགས་འབུལ་གྱི་སྔ་ཉིན་ཚེས་བཅུ་བདུན་ཉིན་རང་དགོན་གྱི་འཚོགས་ཆེན་འདུ་ཁང་གི་མདུན་ནས།     མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་ཀ་ཆེན་བོན་བརྒྱ་རིན་པོ་ཆེའི་སྐུ་པར་མཐོང་བ་ཀུན་སྨོན་གྱི་དྲུང་ནས་རྣམ་ལྔའི་མཆོད་པ་རྒྱ་ཆེན་པོ་དང།      ཁྲི་མཆོད་སོགས་བཤམས་ཏེ་རིག་འཛིན་འདུས་བ་རྒྱ་མཚོ་སྤྱི་དང་མག་གསར་སྨྱུང་གནས་ཚོགས་པ་སོགས་ཀྱི་སེམས་རྩ་གདུང་བས་མནར་བཞིན་ཚེ་དབང་སྨོན་ལམ་དང་མར་མེ་སྨོན་ལམ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར་ཏེ་གདུང་མཆོད་རྒྱ་ཆེན་ཕུལ་བའོ།།༧བཙུན་དགོན་རཏྣ་སྨན་གླིང་གི་འདུས་ཚོགས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་བའི་བསྟན་འཛིན་གྱི་སྐྱེས་ཆེན་མཁས་གྲུབ་གཉིས་ལྡན་གྱི་ཞིང་གཤེགས་དམ་པ་༧ ཨ་ལགས་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་གདུང་མཆོད་ཕུལ་བ། ༄༅། །  དེ་ཡང་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན།  བདག་ཅག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་མཚན་ནས་བརྗོད་པར་དཀའ་བ་དོན་གྱི་བསླད་དུ་བརྗོད་ན༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཟིམས་པའི་བརྡ་ཐོས་མ་ཐག  རང་སྡེ་གླིང་བརྒྱའི་བོན་ཚང་མའི་རྒན་མགོ་དཀར་མན་ཆད་དང་གཞོན་སོ་དཀར་ཡན་ཆད་ཀྱི་སྐྱེ་ཕོ་མོ་ཡོངས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་སྐྱོ་གདུང་གི་མཆི་མ་དབང་མེད་དུ་བཞུར་བཞིན་གདུང་མཆོད་ཀྱི་ཉིན་དང་པོ་ནས་བཟུང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ནས་མི་འཇིག་གདོང་ལྔའི་ཁྲི་སྟེང་དུ་བླ་མའི་སྐུ་པར་མཐོང་གྲོལ་ཆེན་མོ་བཤམས་ལ།   མདུན་དུ་མཆོད་རྫས་མནྚལ་རྣམ་ལྔ་དང་བཅས་ཉིན་མཚན་གཉིས་ལ་མར་མེ་ཁྲི་ཕྲག་ལྷག་གི་ཞལ་ཕྱེས་པ་དང་སྐྱེ་ཕོ་མོ་ཡོངས་ཀྱིས་བླ་མའི་གསོལ་འདེབས་དང་མར་མེ་སྨོན་ལམ་སོགས་གསུང་ནས་གདུང་མཆོད་ཕུལ་བ་ཡིན། དེ་ཡང་། སྔགས་རྫོགས་ཟབ་མོའི་གཞུང་ལུགས་ལ་ཐུགས་ཀློང་རྒྱ་མཚོ་ལྟར་ཟབ་པའི་དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་༧སྐྱབས་རྗེ་ཡིད་བཞིན་ནོར་བུ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཉིད། སྐུ་ཚེ་དང་བསྟན་འགྲོའི་ལས་དོན་རྣམས་ཡོངས་སུ་མཐར་ཕྱིན་ནས། བོད་ས་ཕོ་ཁྱི་ཡི་ལོ་སྟེ་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན་སྐུ་ཆ་ལུགས་ལྔ་ལྡན་གྱི་ངང་ནས་སྐུའི་བཀོད་པ་རེ་ཞིག་གཞི་དབྱིངས་ཀ་དག་ལྷུན་འགྲུབ་ཀྱི་ཀློང་དུ་ཐུགས་དམ་གཡོ་མེད་དུ་བཞུགས་པའི་ཚུལ་བསྟན་པ་ན་སློབ་འབངས་ཁྲི་སྟོང་མང་པོའི་མིག་ནས་མཆི་མ་བརྡོལ་ཞིང་ཐུགས་ཡིད་རབ་ཏུ་སྐྱོ་བའི་མྱ་ངན་གྱི་གནས་སུ་ལྷུང་སྟེ་སྨོན་ལམ་དང་མཆོད་པ་རྒྱ་ཆེན་པོ་ཕུལ། 

བཙན་པོ་བོད་ཀྱི་རིག་གསང་གཏོར་མཛད་མཁས་པའི་ཕུད།།མདོ་སྔགས་བསྟན་པའི་དཔལ་ལ་དབང་འབྱོར་གྲུབ་བརྙེས་པ།།གངས་རིའི་པང་ནས་ལྷ་ཞིག་འཛུམ་པའི་བོན་བརྒྱ་བ།།གང་དུ་གཤེགས་ཞེས་སྐྱོ་གདུང་སྟོང་གིས་ཁྱེད་ལ་འབོད།།

དེ་ཡང་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་བསྡུས་པ་འདི། རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།།  རྟག་པར་འཛིན་རྣམས་སུན་འབྱུང་དགེ་བསྐུལ་ཕྱིར།།   མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།།   ཞེས་གསུངས་པའི་དཔེ་བཞིན།   ཁམས་འཇོ་མདའ་ཞལ་བཞེས་དགོན་མཚོ་སྟེང་བདེ་ལྡན་གསང་སྔགས་གླིང་ནས་སྤྱི་ཟླ༥པའི་ཚེས་༢༧ཉིན་སྤྲུལ་སྐུ་འགྱུར་མེད་རིན་པོ་ཆེ་དབུ་བཞུགས་ཐོག་མཁན་པོ་དང་འདུས་པ་ཡོངས་ནས་བོན་བརྒྱ་རིན་པོ་ཆེའི་དགོངས་རྫོགས་གདུང་མཆོད་ལ་རྩ་གསུམ་དགོངས་འདུས་ཀྱི་ཚོགས་མཆོད་གང་རྒྱས་ཕུལ་བ་དང་གསོལ་འདེབས་དབྱངས་སུ་གྱེར་ནས་བསྟན་འབར་སྨོན་ལམ་གྱིས་འཇུག་གྲུབ་པ་བྱས།

སྐུ་ནི་གཤེན་རབ་ཀྱི་ངོ་བོ། གསུང་ནི་བོན་གྱི་སྒྲ་ཚིག ཐུགས་ནི་སངས་རྒྱས་ཀྱི་རང་བཞིན། བླ་མ་བརྒྱུད་པ་ཐམས་ཅད་ཀྱི་རྒྱལ་ཚབ། ཡི་དམ་ཞི་ཁྲོ་ཀུན་འདུས་ཀྱི་བདག་ཉིད། སེམས་ཅན་ཐམས་ཅད་ཀྱི་འདྲེན་སྟོན། བདག་ཅག་གི་རྩ་བའི་བླ་མ་གཙུག་གི་ནོར་བུ། སྨྲ་བའི་སེང་ཆེན་དང་དབྱེར་མ་མཆིས་པ་མཚན་ནས་སྨོས་ན་༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་ལ། ངེད་སེ་བརྒྱ་བོན་མང་སྔགས་འཆང་རིག་པ་འཛིན་པ་འདུས་སྡེ་སྤྱི་ནས་སྐྱབས་རྗེ་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་དངོས་འབྱོར་ཡིད་ལས་སྤྲུལ་པའི་མཆོད་པ་བཤམས་ནས། དད་མོས་གུས་པ་ཆེན་པོས་ཚེ་དབང་བླ་མའི་ཚོགས་འཁོར་ཁྲི་ལྷག་རྒྱས་འབུལ་བྱས་ཤིང་། གཞན་བསྔོ་བ་སྨོན་ལམ་སོགས་སྒོ་གསུམ་གུས་པས་གདུང་མཆོད་ཕུལ་བའི་གནས་བསྡུས་ཙམ་མོ།། ༧སྐྱབས་རྗེ་མཁས་དབང་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་ཕྲལ།  འཛམ་གླིང་བོན་འབངས་བྱིངས་དང་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་ཤེས་འོག་ནས། འདི་ག་ཁམས་བླ་ཁྲི་༧གཡུང་དྲུང་བོན་གཡུ་རི་ཆེས་མཐོའི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་འདུས་མང་ཡོངས་ནས། མགོན་པོ་གང་གི་སྐུ་པར་མཐོང་གྲོལ་ཆེན་མོ་མདུན་དུ་རྣམ་ལྔའི་མཆོད་པ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་ཚོགས་རྒྱས་འབུལ་ཞུས་ཏེ།  དད་མོས་ཤུགས་དྲག་གི་སྒོ་ནས་བླ་མའི་མཆོད་པ་དབྱངས་སུ་གྱེར་ཏེ།  གསོལ་འདེབས་དང་བྱིན་རླབས་ཞུས་པ་དང་། ཚེ་དབང་སྨོན་ལམ་སོགས་ཀྱིས་བསྔོ་བ་མི་དམིགས་པའི་རྒྱས་གདབ་ཞུས་པའོ།།  སྐབས་བདུན་པའི་བཤད་གྲྭའི་རྒྱུན་ལས་ཁང་ནས་ཟླ་ཚེས་དགེ་བའི་ཉིན། སྐྱབས་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དུ་ཧོར་ཟླ༧ཚེས༡༥ཉིན། ༧རྗེ་ཀུན་གྲོལ་ཡབ་སྲས་ཀྱི་གདན་ས་གླིང་རྫ་རྒྱུད་སྨོན་རྒྱལ་སྐུ་ཡི་དགོན་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་དུ་སྨོན་རྒྱལ་རྒྱལ་སྲས་རིན་པོ་ཆེའི་ཐུགས་བཀོད་འོག་སེམས་དཔའ་འདུས་སྡེའི་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་ཚོགས་འཁོར་རྒྱས་འབུལ་བྱས་པ། ཁམས་བྲག་འགོ་རྒྱལ་རོང་དགོན་པའི་དབུ་བླ་མཆོག་སྤྲུལ་འཆི་མེད་གཡུང་དྲུང་དང་ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོ་ལྔ་རིག་ནང་བསྟན་སློབ་གླིང་གི་དགེ་སློབ་ལྷན་རྒྱས་སོགས་ཀྱིས་བོན་བརྒྱ་རིན་པོ་ཆེ་སྐུ་མི་རྟག་མྱ་ངན་དུས་བླ་མའི་མཆོད་པ་དང་མཆོད་པ་རྣམ་ལྔ་གསོལ་འདེབས་སོགས་རྒྱ་ཆེར་འབུལ་བ་ལགས་སོ།། ༄༅།།མདོ་ཁམས་བྱང་བརྒྱུད་ནས་འཁྲུངས་ཞིང་རྒྱལ་བསྟན་སྤྱི་ལ་མཛད་རྗེས་ཆེ་བའི་བོན་བརྒྱ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་འཐིམ་པའི་གདུང་བཞུ་ཉིན། སྨོན་རྒྱལ་བླ་བྲང་ནས་འདུས་ཚོགས་ཀྱིས་སྐུ་པར་རིན་པོ་ཆེའི་མདུན་དུ་བོན་སྤྱོད་དང་ཚེ་དབང་སྨོན་ལམ་ཤར་རྫ་རིན་པོ་ཆེའི་མཛད་པའི་སྨོན་ལམ་རྣམ་གསུམ་བཅས་ཀྱི་མྱ་ངན་རྗེས་དྲན་གྱི་དད་གུས་ཀྱི་གསོལ་བ་གཏབ་པ་དང་མ་འོངས་པར་ཉིན་བཟང་སྐར་བཟང་ཞིག་ལ་སླར་ཡང་འགྲོ་བའི་དོན་དུ་ཕེབས་པའི་སྨོན་ལམ་ལན་བརྒྱར་བཏབ་པའོ།། དེ་ཡང་གཡུང་དྲུང་བོན་གྱི་བསྟན་པའི་ཁུར་ཆེན་འདེགས་པའི་དམ་པ་སྟེ། མདོ་སྔགས་རྫོགས་གསུམ་ལ་མངའ་བརྙེས་ཤིང་བཅུ་ཕྲག་རིག་པའི་གནས་ཆེན་ཀུན་ལ་བྱན་ཆུད་པའི་སྐྱེས་ཆེན་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་པར་འདི་གའི་ཁྱུང་པོ་སྟེང་ཆེན་དགོན་ནས་བོད་ཚེས་བཅོ་ལྔ་ལ་བསྟུན་ཏེ། ཉིན་གཅིག་ལ་གདུང་མཆོད་རྒྱས་འབུལ་བྱས་ཤིང་། དམ་པ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ནས་རྣམ་ལྔའི་མཆོད་པ་བཤམས་ཤིང་འདུས་མང་ཡོངས་ནས་བླ་མ་མཆོད་པའི་སྒོ་ནས་གདུང་མཆོད་གསོལ་འདེབས་དང་། ཚེ་དབང་སྨོན་ལམ་བཅས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུས་སོ།། བདག་སོགས་འགྲོ་བ་ཡོངས་ཀྱི་རྩ་བའི་བླ་མ༧ཡབ་རྗེ་ཐམས་ཅད་མཁྱེན་པ་མཆོག་བོད་རབ་རྒྱན་ས་ཁྱིའི་སྟོན་ཟླ་ར་བའི་གྲལ་ཚེས་དྲུག་པར་གེ་སར་ཁྲོམ་གྱི་ཞིང་ཁམས་ཆེན་མོའི་བསྟི་གནས་ཉམས་དགའ་བ་བོན་བརྒྱ་དགོན་ཆེན་གྱི་རྩེ་གསུམ་མཆོད་པའི་བླ་བྲང་དུ་ཆ་ལུགས་ལྔ་ལྡན་སྒོས་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་ཐུགས་དམ་གཡོ་མེད་ཞི་དབྱིངས་སུ་གཤེགས་པར་མྱ་ངན་གདུང་སེམས་ཀྱིས་གསོལ་འདབས་གྲངས་མེད་དང་འབྲེལ་ཏེ་དངོས་འབྱོར་ཡིད་ཀྱི་མཆོད་པ་ཕུལ་བ་དང་སྐྱབས་རྗེ༧དཔོན་གསས་བླ་མའི་བཀའ་དྲིན་རྗེས་སུ་དྲན་གྱིན་དགེ་སྒྲུབ་ཅི་ལྕོགས་སུ་བགྱིས་པའི་ཞུ་བརྡ་རུ་ཁོང་གིས་བྱིན་གྱིས་བརླབས་ཤིང་ཐུགས་བསྐྱེད་སྨོན་ལམ་མཛད་པའི་སྡེ་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་གི་གྲྭ་ཚང་ནས་སྟོན་ཟླ་ར་བའི་གྲལ་ཚེས་བཅོ་ལྔའི་ཉིན་སྤེལ་བ་དགེ་གྱུར་ཅིག  སྤྱིར་ཁ་བ་གངས་ཅན་ལྗོངས་དང་། སྒོས་རང་རེ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་བོན་མདོ་སྔགས་རྫོགས་གསུམ་དང་བཅུ་ཕྲག་རིག་གནས་ཀུན་ལ་བྱང་ཆུབ་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ཁྱུང་དཀར་གདུང་རྒྱུད་འཛིན་པའི་མཚན་བརྗོད་པར་དཀའ་བ་ཨ་ལགས་བོན་བརྒྱ་ལྷུན་འགྲུབ་རྒྱལ་མཚོ་མཆོག་བསྟན་དོན་དུ་སྐུ་སྐྱེ་བ་བཞེས་ཏེ། དགུང་གྲངས་༨༤ལ་བཞུགས་ཤིང་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་འབྱིན་པའི་སླད་དུ་མི་རྟག་ཚུལ་བསྟན་བོན་བརྒྱ་བླ་བྲང་དུ་སྐུ་ཆ་ལུགས་ལྔ་ལྡན་བཅས་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཤེས་རྟོགས་བྱུང་ནས།   སེམས་རབ་ཏུ་སྐྱོ་ཤིང་མིག་མཐའ་མཆི་མས་བརླན་བཞིན་གྲུབ་པའི་ཁྱུ་མཆོག་རྣལ་འབྱོར་བཟོད་པ་རྒྱལ་མཚན་མཆོག་གི་གདན་ས་ཆེན་མོ་གཡུང་དྲུང་ཀུན་གྲགས་ཁྲི་འདུས་ནོར་བུ་གླིང་ངམ་ཡོངས་གྲགས་སུ་དཔལ་གཤེན་བསྟན་གཡུང་དྲུང་དཔལ་རི་དགོན་གྱི་བསྟན་བདག་ཚུལ་ཁྲིམས་མཐར་ཕྱིན་གྱི་ཐུགས་བཀོད་ལྟར་བདག་གཉེར་དོ་དམ་ཁང་གིས་མཐུན་སྦྱོར་གནང་ནས་རྗེ་ཉིད་ཀྱི་སྐུ་པར་ཆེན་མོའི་མདུན་དུ་མཆོད་ཚོགས་རྒྱ་ཆེར་གཤམ་ནས་བཤད་སྒྲུབ་འདུས་སྡེས་གདུང་སེམས་མཉམ་བསྐྱེད་ངང་དངོས་འབྱོར་ཡིད་ཀྱི་མཆོད་པ་འབུལ་བཞིན། ཡབ་སྲས་ཚོགས་འཁོར།  བླ་མ་མཆོད་པ།  སྨོན་ལམ་གང་མང་བཅས་ཀྱིས་རྒྱས་གདབ་ནས་བླ་མ་གཙུག་ཏུ་བཀུར་ཞིང་བཀའ་དྲིན་རྗེས་སུ་དྲན་པ་བཅས་ཀྱི་གནས་བསྡུས་སུ་གསར་འགོད་པ་ཞེ་འཆི་མེད་དེས་༢༠༡༨/༠༨/༢༦ཉིན་མོར།

དགེ༵་བའི་ལེག༵ས་ཚོགས་གཅིག་བསྡུས་རང་གཟུགས་སྐུ།།
ལྷུ༵ན་གྲུ༵བ་མ་འགག་ངག་རིག་བརྡོལ་བའི་གསུང་།།
རྒྱ༵་ཆེན་མཚོ༵་མོའི་འཇིངས་ལྟར་ཟབ་པའི་ཐུགས།།
སྐུ་གསུམ་ཀུན་འདུས་བླ་མར་གསོལ་བ་འདེབས།།

ཀུན་ཀྱིས་མཁྱེན་གསལ་ལྟར་གོང་ཚེས་བཅུ་གཉིས་ནས་མཁས་གྲུབ་སྨྲ་བའི་སེང་ཆེན་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཡེ་ནས་ཀ་དག་སྟོང་ཆེན་གྱི་ཀློང་ནས་གཡོ་བ་མེད་ཀྱང་གཡོ་བའི་ཚུལ་བསྟན་ཏེ་གསང་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་རིག་པའི་རྩལ་དུ་ཤར་ནས་དུས་ཀྱི་གཉན་འཕྲང་ལ་རྒྱལ་བསྟན་སྲོག་གི་རྒྱུན་ཐག་བསྲིང་སྟེ་དགུང་གྲངས་གྱ་བཞི་བར་ཞལ་མངོན་པར་འཚོ་མཐར་རེ་ཞིག་ལྷུན་གྲུབ་ཀྱི་རྩལ་ཐམས་ཅད་ནང་དབྱིངས་ཀ་དག་གི་གྲོང་དུ་བསྡུས་པ་ཐོས་ཕྲལ།  ངེད་བོན་བརྒྱ་ཁྱུང་སྨན་དགོན་གྱི་དགེ་སློང་སྦྱིན་པ་གཙོས་གྲྭ་ཚང་འདུས་པ་རྒྱ་མཚོས“ཚེ་དབང་བོད་ཡུལ་མའི་ཆོ་ག” གསུངས་ཏེ་གཞར་ཡང་བསྟན་འགྲོའི་མགོན་དུ་མི་འགྱང་མྱུར་དུ་འཆར་བའི་སྨོན་ལམ་ཡང་ཡང་བཏབ་པ་ལགས་སོ།། ངེད་ཤར་རྫའི་རི་ཁྲོད་འདུས་པ་ཡོངས་ཀྱི་ཡིད་དབང་བློ་ཕམ་གྱིས་ཁེངས་ཤིང་སེམས་རྩ་མྱ་ངན་གྱིས་གདུང་བཞིན་དེ་རིང་ཆེད་དམིགས་ཀྱིས་རྗེ་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་རྗེས་འཇུག་བུ་སློབ་ཀྱི་སྡེ་ཚོགས་དུས་ནམ་ཡང་ཐུགས་རྗེ་གྲིབ་བསིལ་སྣུམ་པོའི་སྐྱབས་འོག་ནས་མི་འདོར་བར་རྗེ་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་གསོལ་འདེབས་དང་བོན་སྐུ་སྨོན་ལམ།   ཚོགས་མཆོད་དང་བླ་མའི་མཆོད་པ་སོགས་ཀྱིས་མཚོན་པའི་འདས་མཆོད་གང་འཚམས་ཕུལ་བ་བཅས་སོ།། དེ་ཡང་འགྲན་བྲལ་མཁས་མཆོག་ཨ་ལགས་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་དགོངས་པ་གཡོ་མེད་བོན་ཉིད་རྣམ་དག་དབྱིངས་སུ་གཤེགས་པ་ལ། ཕྱི་ལོ་༢༠༡༨ལོའི་ཟླ་བ་༨་པའི་ཚེས་༢༤་ཉིན། གྲུབ་ཆེན་ཨ་མྱེས་སྐྱང་འཕགས་ཆེན་པོའི་མཆོག་གི་གདན་སའི་ལྟེ་གནས། ༧དཔལ་གཤེན་བསྟན་དགུ་བའི་སྐྱང་ཚང་དགོན་གཡུང་དྲུང་རྣམ་རྒྱལ་ཀུན་གྲགས་གླིང་གི་དགོན་པའི་གྲྭ་ཚང་སྤྱི་ནས།བླ་མ་ཉིད་ཀྱི་དགོངས་རྫོགས་དང་བསྟན་འགྲོ་དོན་དུ་སླར་ཡང་སྤྲུལ་མྱུར་འཁྱུངས་གསོལ་བའི་ཆེད་དུ་དམིགས་ཏེ། མཆོད་སྦྱིན་གཏོར་མ་དང་བཅས་ཏེ་མདོ་གཡུང་དྲུང་ཀློང་རྒྱས་ཆོ་ག་དང་། བདེར་གཤེགས་སྟོང་མཚན། སྐུ་གསུམ་སྨོན་ལམ། ཚེ་དབང་སྨོན་ལམ་དང་བཅས་བསྔོ་སྨོན་ཅི་རིགས་སོགས་ཀྱི་འདོན་པ་གསུངས་པའོ།། མཁས་དང་གྲུབ་པའི་དབང་པོ་མཚུངས་ཟླ་མ་མཆིས་པ་༧སྐྱབས་རྗེ་སྨྲ་དབང་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་ཉིད་བསྟན་དོན་དུ་སྐུ་སྐྱེས་པ་བཞེས་ཏེ། དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་བཞུགས་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་དགེ་བའི་ལས་ལ་བསྐུལ་ཕྱིར་དུ། རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན་པ་ལ། ཞིག་ཆེན་གྲུབ་རྒྱུད་ཀྱི་གདན་ས་མཆོག་གྱུར། དཔལ་གཤེན་བསྟན་རྩེ་ཞིག་དགོན་ནས་རྗེ་བླ་མ་མཆོག་གི་དགོངས་རྫོགས་དུས་ཚིགས་ལ་དོངས་འབྱོར་ཡིད་ཀྱི་མཆོད་པ་གང་འབྱོར་ཞིག་ཕུལ་བ་ལེགས་སོ།། གཡུང་དྲུང་བོན་གྱི་བསྟན་པར་ཤིན་ཏུ་བཀའ་དྲིན་ཆེ་ཞིང་བོན་མདོ་སྔགས་རྫོགས་གསུམ་དང་། བཅུ་ཕྲག་རིག་གནས་ཀུན་ལ་ནང་བྱན་ཆུད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་གདུང་སེམས་མཉམ་བསྐྱེད་ཞུས། དེ་ཡང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་ལམ་སྟོན་དང་དབུ་ཁྲིད་འོག་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་དང་། དགེ་བའི་བཤེས་གཉེན་རྣམ་པ། མཁན་ཟུར་ཉི་མ་དབང་རྒྱལ་བཅས་ཀྱི་གཙོས་ནུབ་ཕྱོགས་གཡུང་དྲུང་བོན་གྱི་བསྟི་གནས་༧དཔལ་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་པའི་དགེ་སློབ་བརྒྱ་དང་བཞི་བཅུ་ལྷག་གིས་དུས་གཅིག་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པ་རྣམ་ལྔའི་འབུལ་ཚན་དང་བཅས་ཏེ། བླ་མ་མཆོད་ཐབས་ཀྱི་གསོལ་འདེབས་དབྱངས་སུ་བསྐྱོན་ནས་གདུང་འདེབས་མཆོད་འབུལ་དང་། ཐུགས་དམ་གཅིག་ཏུ་བསྲེ་བའི་མཉམ་བཞག་གི་ངང་བསྐྱངས་ཤིང་། སྨོན་ལམ་གྱིས་རྒྱས་གདབ་ནས་བླ་མ་གཙུག་ཏུ་བཀུར་ཞིང་བཀའ་དྲིན་རྗེས་སུ་དྲན་པ་དང་། རང་རྒྱུད་བོན་དང་འདྲེས་པར་བྱེད་པའི་ལེའུ་བསྐྱངས་པའོ། ། ༧ མདོ་སྨད་བྱང་རྒྱུད་ཀྱི་སྟོན་པ་ཆེན་མོ་རིས་མེད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་སུམ་ལྡན་རིག་པ་འཛིན་པའི་དཔའ་བོ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་གཟིགས་རིན་པོ་ཆེ་མཆོག་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་བྲང་དུ་མཚན་དཔེའི་བཀོད་པ་ཞི་དབྱིངས་སུ་བསྡུས་ནས་ཉིན་ཞག་བདུན་འདས་ཟིན་པའི་ཉིན་མོ་འདིར།   འདི་ག་ཁྱུང་དཀར་ཀོ་རྒྱལ་དགོན་གྱི་སྒྲུབ་གྲྭའི་མཁན་པོ་དགེ་ལེགས་ཚུལ་ཁྲིམས་དབང་རྒྱལ་རིན་པོ་ཆེ་དབུ་བཞུགས་ཀྱིས་དགོན་འདིའི་ཚེ་མཚམས་པ་དང་སྒྲུབ་གྲྭ་བ་དག་གིས། སྐྱོ་བའི་སེམས་ཁོང་དུ་བསྐྱིལ་བའི་སྡུག་གི་མཆི་མ་རུམ་དུ་ཟག་བཞིན།  རྩ་བླ་བོན་བརྒྱ་རིན་པོ་ཆེའི་ཐུགས་དམ་གྱི་མཐིལ་ཚེ་དབང་བོད་ཡུལ་མའི་སྟོང་ཚོགས་དང་གསོལ་སྨོན་མཆོད་ཕྱག་ཅི་འབྱོར་གྱིས་བླ་མེད་བསོད་ནམས་ཀྱི་མཆོད་ཚོགས་བསྒྲུབས་པའི་གནས་འཕྲིན་ཐུང་ངུ་འདིས་ཕྱོགས་ཀྱི་དད་འབངས་རྣམས་དགེ་ལ་གཞོལ་བའི་རྐྱེན་དུ་སྤེལ་བའོ།། མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཟིགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ།  འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན་གཙུག་ལག་ཁང་དུ་དམ་པ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་རྣམ་ལྔའི་མཆོད་པ་བཤམས་ཤིང་འདུས་མང་ཡོངས་ནས་བླ་མ་མཆོད་པའི་སྒོ་ནས་གདུང་མཆོད་གསོལ་འདེབས་དང་། ཚེ་དབང་སྨོན་ལམ་གསུངས་རྗེས་དམ་པ་མཆོག་དང་ཐུགས་དགོངས་གཅིག་ཏུ་བསྲེས་ཏེ་མཉམ་བཞག་གི་ཉམས་ལེན་བསྐྱངས་པ་སོགས་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་གནང་བ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༨ཚེས་ ༢༢ ཉིན།དེ་ཡང་། སྔགས་རྫོགས་ཟབ་མོའི་གཞུང་ལུགས་ལ་ཐུགས་ཀློང་རྒྱ་མཚོ་ལྟར་ཟབ་པའི་དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་༧སྐྱབས་རྗེ་ཡིད་བཞིན་ནོར་བུ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཉིད། སྐུ་ཚེ་དང་བསྟན་འགྲོའི་ལས་དོན་རྣམས་ཡོངས་སུ་མཐར་ཕྱིན་ནས། བོད་ས་ཕོ་ཁྱི་ཡི་ལོ་སྟེ་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན་སྐུ་ཆ་ལུགས་ལྔ་ལྡན་གྱི་ངང་ནས་སྐུའི་བཀོད་པ་རེ་ཞིག་གཞི་དབྱིངས་ཀ་དག་ལྷུན་འགྲུབ་ཀྱི་ཀློང་དུ་ཐུགས་དམ་གཡོ་མེད་དུ་བཞུགས་པའི་ཚུལ་བསྟན་པ་ན་སློབ་འབངས་ཁྲི་སྟོང་མང་པོའི་མིག་ནས་མཆི་མ་བརྡོལ་ཞིང་ཐུགས་ཡིད་རབ་ཏུ་སྐྱོ་བའི་མྱ་ངན་གྱི་གནས་སུ་ལྷུང་།  ཐེངས་འདིར་ཡང་སྐྱབས་རྗེ་བླ་མ་ཁོང་གི་དམ་པའི་ཐུགས་ཀྱི་སྲས་པོ་ནམ་མཁའ་དྲི་མེད་ཉི་མ་མཆོག་གི་ཐུགས་བཀོད་ནང་བཞིན། ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་ཆེན་མོ་དམ་པ་གང་གི་ཐུགས་ཀྱི་བུ་སློབ་ཏུ་གྱུར་བ་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་། བོན་བློན་སྤྲུལ་སྐུ་བསྟན་པ་རབ་རྒྱས་སོགས་བོན་བརྒྱ་དགོན་རིག་འཛིན་སྨིན་གྲོལ་གླིང་དུ་གདན་དྲངས་ནས་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་ཚེ་དབང་བོད་ཡུལ་མའི་ཆོ་གའི་གཞི་བཟུང་ཏེ་ཉིན་བཞི་ཡི་རིང་ལ་གདུང་མཆོད་རྒྱ་ཆེན་སྒྲུབ་བཞིན་པའི་སྣང་ཚུལ་གྱི་ཟུར་ཙམ་མོ།།ཀོ་རྒྱལ་དགོན་ནས་དེ་རིང་གདུང་བཞུའི་ཉིན་མོ་དང་འབྲེལ་བླ་ཆེན་དྲན་པའི་སྒྲུབ་གཞུང་ཞལ་ཕྱེས་ཏེ་ཕྱི་ནང་གི་མཆོད་པ་དང་། བསྟན་འགྲོར་སྨན་པའི་ཐུགས་སྨོན་བཅས་ཀྱིས་བརྒྱན་པ་བཅས་སོ།།  ཁྱུང་པོ་ལ་ཁའི་ཁྱུང་དཀར་བསྟན་པ་རྒྱ་མཚོ་གླིང་ནས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་ཁྲི་མཆོད་རྒྱ་ཆེན་ཕུལ་བ། སྤྱི་རྟིང་མཁར་གོང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་ནས་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཀྱི་ཉིན་མཚན་འདི་དག་ལ་མར་མེ་ཕུལ་བ་དང་སྨོན་ལམ་འདོན་པ། ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་དང་དབལ་གསས་རྔམ་པའི་ཚོགས་འཁོར་སོགས་བསྐོར་ཏེ་གདུང་མཆོད་རྒྱས་འབུལ་བྱས།  རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་སྤྱིའི་སྤྱི་རྟིང་འཁོར་ལོའི་གདན་ས་ཨརྒ་སྟེང་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་ནས་རྩ་བའི་བླ་མ་རིན་པོ་ཆེའི་དགོངས་པ་བོན་དབྱིངས་སུ་གཟིམས་པར་བླ་མེད་ཀྱི་མཆོད་པ་འབུལ་བ་དང་ཚོགས་འཁོར་རྒྱས་འབུལ་བྱས། ། ཧོར་ནག་རུ་གོང་ཞོལ་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་ནས་བླ་མ་རིན་པོ་ཆེའི་དགོངས་རྫོགས་ཀྱི་དུས་ཆེན་ལ་གདུང་མཆོད་ཕུལ་བ། ཧོར་ནག་ནུའུ་རོང་གཡུང་དྲུང་གསང་སྔགས་གླིང་ནས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེ་མཆོག་ལ་གདུང་མཆོད་ཕུལ་བ།  སྤྱི་རྟིང་ཀད་པ་སྐྱ་བོ་གསང་སྔགས་རིག་འཛིན་དར་རྒྱས་གླིང་ནས་དྲིན་ཅན་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཟིམས་པར་གདུང་སེམས་མཉམ་བསྐྱེད་ཀྱིས་མཆོད་པ་རྒྱས་འབུལ་བྱས་པ། ཧོར་ནག་སྟོང་ཆེ་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་ནས་བདག་ཅག་གི་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་གདུང་མཆོད་ཕུལ་བ། སྤྱི་རྟིང་གདོང་མགོ་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་ནས་དྲིན་ཅན་རྩ་བའི་བླ་མ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་སྐུ་མྱ་ངན་ལ་གཤེགས་པར་སྨོན་ལམ་དང་ཚོགས་བསགས་རྒྱས་འབུལ་བྱས། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་རྩ་བའི་བླ་མ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཟིམས་ཉིན་ནས། ཉིན་རྒྱུན་ཀློང་རྒྱས་མཆོད་པ་དང་ཚེ་དབང་གི་ཚོགས་འཁོར་བསྐོར་བ་ཡིན་ལ། འགྲུབ་སྐར་གྱི་ཉིན་མོར་མར་མེ་དང་མཆོད་པ་སྣ་ལྔ་སོགས་ཁྲི་མཆོད་རྒྱས་འབུལ་བྱས།བོན་བརྒྱ་དགོན་ནས་ཚོགས་གྲལ་དུ་ཞུགས་མྱོངས་བའི་དགེ་སྤུན་རྣམས་ཀྱིས་རིན་པོ་ཆེའི་དགོངས་རྫོགས་ཀྱི་ཉིན་ལྔའི་ནང་དམངས་སྒོར་ཁྲི་ལྔ་ལྷག་བསྡུས་ཏེ་གདུགས་དང་རྒྱལ་མཚན་ཀ་ཕན་རྔ་ལ་སོགས་པ་གསར་བཟོ་བྱས་ཏེ་གྲུབ་པ་དང་ཚེས་བཅུ་བདུན་གྱི་ཉིན་མོར་བླ་མ་གྲྭ་ཚང་ཡོངས་ནས་གདུགས་དང་རྒྱལ་མཚན་གསར་བ་རྣམས་བཟུང་ནས་སེར་ཕྲེང་བསྒྲིགས་པ་དང་མར་མེ་དང་མེ་ཏོག་མཆོད་པ་སྣ་ལྔ་སོགས་ཀྱིས་བརྒྱན་ནས་དད་ལྡན་མང་ཚོགས་མང་པོས་སྨོན་ལམ་དང་མ་ཏྲིའི་དབྱངས་རྟའི་སྐྱོ་དབྱངས་ཀྱིས་འདིར་གནས་ཀྱི་སེམས་ཅན་ཡོངས་ལ་སྐྱོ་བའི་མཆི་མ་དབང་མེད་དུ་ཤོར་བར་གྱུར།གྱང་རི་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་ནས་རྩ་བའི་བླ་མ་རིན་པོ་ཆེའི་དགོངས་རྫོགས་ཀྱི་དུས་ཆེན་ལ་མར་མེ་སྒྲོན་ཏེ་སྨོན་ལམ་སོགས་གསུང་ནས་གསོལ་སྨོན་གྲངས་མེད་བཏབ་པའོ།། ངེད་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ནས་གསང་སྔགས་རིག་པ་འཛིན་པ་གཙོས་དད་ལྡན་ལྷ་སྡེ་མི་སྐྱ་ཕོ་མོ་རྒན་གཞོན་ཡོངས་ནས་༧སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་དངོས་འབྱོར་ཡིད་ལས་སྤྲུལ་པའི་མཆོད་པ་བཤམས་ནས། དད་མོས་གུས་པ་ཆེན་པོས་ཚེ་དབང་སྨོན་ལམ་དང་མ་ཏྲི། གཞན་བསྔོ་བ་སྨོན་ལམ་སོགས་སྒོ་གསུམ་གུས་པས་གདུང་མཆོད་གཟབ་རྒྱས་ཕུལ་བ་དང་། སྡེ་མི་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་གྱིས་ཉིན་ཐུན་བརྒྱད་ཀྱིས་དགེ་ལ་འབད་དེ་ཉིན་རེར་ཁྱིམ་ཚང་བཅོ་ལྔ་ལྷག་གིས་མར་མེ་བརྒྱ་མཆོད་རེ་ཚོགས་བསགས་སྒྲིབ་སྦྱོང་དུ་བསྔོ་ཞིང་། བསྙེན་གནས་ཆོག་བརྒྱད་བདུན་གྱི་སྡོམ་པ་སྲུང་བའི་ཞོར་དུ་སྙིང་པོ་རྣམ་གསུམ་འབུམ་རེ་སྔོན་འགྲོ་ལྟར་སྦྱོང་བ་དང་། དད་ལྡན་མང་པོས་ཞེ་དགུ་མ་ཚང་གི་བར་དུ་དམར་ཟས་མི་ཟ་བ་ཁས་ལེན་པ། འགའ་རེས་ལོ་གཅིག་ལ་དམར་ཟས་མི་ཟ་བའི་དམ་བཅས་པ་སོགས་ཀྱི་ཚོགས་བསགས་རྒྱ་ཆེན་པོ་བྱས་སོ། །࿐དེ་ཡང་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོའི་གདན་ས་མདའ་ཆེན་དཀར་མོ་རི་ཁྲོད་དུ་སྐྱང་སྤྲུལ་རིན་པོ་ཆེ་སྐུ་གདུང་མཐོང་བ་ཀུན་སྨོན་གྱི་དྲུང་དུ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་གཅིག་འདུས་པ་མཁྱེན་པ་དང་བརྩེ་བའི་བདག་ཉིད་ཅན་མཁའ་གྲུབ་གཉིས་ལྡན་གྱི་བླ་མ་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་སྐྱབས་རྗེ་ཞིང་གཤེགས་དམ་པ་མཚན་བརྗོད་པར་དཀའ་བ་བོན་བརྒྱ་ཐམས་ཅད་མཁྱེན་པའི་སྐུ་པར་མཐོང་བ་རང་གྲོལ་གྱི་ཞལ་ཕྱེ་ནས་མདུན་དུ་མཆོད་པ་རྣམ་ལྔ་ཕུལ་བས་བཀྲ་ཤིས་པའི་རྟགས་མཚན་སྣ་ཚོགས་དང་བཅས་ཉིན་གཉིས་རིང་ལ་ཚེ་དབང་བོད་ཡུལ་མའི་གཞུང་བསྲིངས་ཏེ་ཚོགས་འཁོར་རྒྱས་འབུལ་དང་རྗེ་བླ་མའི་གསོལ་འདེབས། ཚེ་དབང་སྨོན་ལམ་བཅས་གསུང་བའི་གནས་ཚུལ་རག་བསྡུས་ཙམ་སྐྱང་སྲས་གཡུང་དྲུང་སྐལ་བཟང་ནས་བྲིས། ཚ་རོང་ཝ་དག་བཀྲ་ཤིས་རྩེ་དགོན་གྱི་འདུས་སྤྱི་ནས་བོན་བརྒྱ་རིན་པོ་ཆེའི་གདུང་མཆོད་དུ་དམིགས་ཏེ་བླ་གྲྭ་ཡོངས་རྫོགས་འཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་དང་།  བླ་མ་མཆོད་པ།  སྨོན་ལམ་རྣམ་གསུམ་བཅས་གསུང་པ་དང་།   ལྷ་སྡེ་མི་མང་ཡོངས་ནས་དགེ་བསྐུལ་ཁས་གང་མང་བྱས་ཏེ་ཡུལ་དགོན་གཉིས་ནས་བླ་མའི་དགོངས་རྫོགས་གནད་སྨིན་སྒྲུབ་པར་ལེགས་པར་གྲུབ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།