མི་ལོ་སུམ་ཅུའི་རིང་ལ་རྒྱུན་ཆད་པའི་ཡར་ནང་བོན་སྡེ་ཁ་གསུམ་གྱི་ཆོས་ཐོག་ཆེན་མོ་སླར་གསོ་བྱས་པ།

    ༄༅། །འཛམ་གླིང་མཁས་གྲུབ་ཆེན་མོ་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་ནི་རེབ་གོང་སྟོད་ཀྱི་ཕྱོགས་ཡར་ནང་བོན་སྡེ་ཁ་གསུམ་སྟེ་བོན་བརྒྱ་མག་སར་སྡོང་ངེ་གསུམ་གྱི་ནང་ཚན་ཡུལ་མག་སར་སྡེ་བ་ནས་༡༩༣༥ལོར་སྐུ་འཁྲུངས་པ་ཡིན་ལ། ཁོང་སང་འཁྲུངས་ཡུལ་གྱི་ཁྱིམ་གཞི་འདིའི་གནས་ཚུལ་རགས་བསྡུས་ཙམ་ཞིག་བརྗོད་ན། རིན་པོ་ཆེ་ཁོང་གི་སྐུ་ཚེ་གོང་མ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཆོག་གིས་གནས་འདིར་ས་བདག་གཏོ་བཅོས་ཀྱི་ཐིག་བརྒྱབ་ནས་ཁྱིམ་གཞི་ཆགས་པ་ཡིན།  དེ་ནས་ཁོང་གི་སློབ་འབངས་དག་གིས་རིན་པོ་ཆེ་ཁྱེད་ཀྱི་སྐུ་ཚེ་རྗེས་མ་གང་ཞིག་ནས་འཁྲུངས་རྒྱུ་ཡིན་པ་སོགས་ང་ཚོ་ལ་གསུངས་རོགས་ཞུ། ཞེས་ཞུས་པས་ན། ཁོང་རིན་པོ་ཆེས་ཁྱོད་ཚོའི་སེམས་ཁྲེལ་མ་བྱེད་དང་ང་རང་ཁྱོད་ཚོ་དང་ཐག་ཉེ་ས་ཞིག་ནས་སྐྱེ་སྲིད་ཅེས་གསུངས་པ་ཡིན་པས། སྐུ་ཚེ་རྗེས་མ་བོན་བརྒྱ་དགེ་ལེགས་ལྷུན་རྒྱ་མཚོ་རིན་པོ་ཆེ་མཆོག་ཁྱིམ་འདི་ནས་སྐུ་འཁྲུངས་པ་དང་། ད་ལྟ་ཁྱིམ་གཞི་འདི་རུ་ཁོང་རིན་པོ་ཆེ་སྐུ་འཁྲུངས་པའི་གནས་ལ་མཆོད་ཁང་གྱན་གསུམ་དང་གཟིམ་ཁང་གྱན་གཅིག་སོགས་ནང་གི་རྟེན་བཞེངས་དང་བཅས་པ་ལེགས་པར་གྲུབ་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ༧པའི་ཚེས༦ཉིན་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་ཡིན་ལ། ཟླ༧པའི་ཚེས༢༥ཉིན་ཁོང་རིན་པོ་ཆེ་ཚང་གི་འཁྲུངས་ཡུལ་གྱི་སྐུ་ཚ་སྐལ་བཟང་རྒྱ་མཚོ་ནས་ཁོང་རིན་པོ་ཆེ་ཡིས་ནམ་ཡང་གསུང་བཞིན་པའི་ཡར་ནང་བོན་སྡེ་ཁ་གསུམ་གྱི་ཆོས་ཐོག་ཆེན་མོ་ནམ་ཞིག་ཉམས་པ་སླར་གསོ་བྱེད་དགོས་པའི་ཐུགས་ཀྱི་དགོངས་པ་འགྲུབ་ཆེད། དེ་རིང་སྐུའི་གདུང་མཆོད་དང་འབྲེལ་ནས་ཡར་ནང་བོན་སྡེ་ཁ་གསུམ་རིན་པོ་ཆེ་ཁོང་གི་འཁྲུངས་གཞིས་ལ་གདན་ཞུ་ཞུས་ཏེ་ཞི་ཁྲོའི་ཆོས་ཐོག་ཆེན་མོ་འཚོགས་ཏེ་ཡར་ནང་བོན་སྡེ་ཁ་གསུམ་གྱི་ཆོས་ཐོག་ཉམས་པ་སླར་གསོ་བྱེད་པའི་དབུ་ཁྱུད་བྲིས་པ་ཡིན། འདིའི་སྐབས་འདིར་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཀྲུའུ་རིན་ཆེན་མོ་སོ་ནག་གཡུང་དྲུང་དང་། དགེ་སློང་བསྟན་པའི་ཉི་མ། འཇིགས་མེད་བཤད་སྒྲུབ། བསྟན་པ་དར་རྒྱས། ལྷ་རྗེ་ཁྲི་ཀ་བླ་མ། སྐལ་བཟང་ལྷུན་གྲུབ་སོགས་སླེབས་ནས་ཡར་ནང་བོན་སྡེ་ཁ་གསུམ་གྱི་ཆོས་ཐོག་ཆེན་མོ་འདི་ཉམས་གུད་དུ་སོང་ནས་མི་ལོ་སུམ་ཅུ་ལྷག་འདས་པའི་དེ་རིང་སྐུ་ཚ་སྐལ་བཟང་རྒྱ་མཚོ་ནས་ཉམས་པ་སླར་གསོ་བྱས་པ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དང་། མ་ཉམས་གོང་འཕེལ་དུ་གཏོང་བ་ལ་ཡར་ནང་བོན་སྡེ་ཁ་གསུམ་གྱི་རིག་འཛིན་འདུས་པ་ཡོངས་ཀྱིས་ཧུར་བརྩོན་བྱེད་པར་སྙིང་ནས་རེ་བ་ཆེན་པོ་ཞུས་པ་དང་། ཚོགས་ཆེན་དབུ་མཛད་དང་། ཚོགས་ཆེན་དགེ་བསྐོས་སོགས་ལས་སྣེ་བ་སོགས་ལ་ཁ་བཏགས་བཏང་རྗེས་དགེ་སློང་རྣམ་པ་ཕྱིར་རང་དགོན་དུ་ཕེབས། དེ་ནས་ཡར་ནང་བོན་སྡེ་ཁ་གསུམ་གྱི་རིག་འཛིན་འདུས་པ་རྣམས་ཀྱིས་རིམ་བཞིན་ཞི་ཁྲོའི་ཚོགས་འཁོར་རྒྱ་ཆེན་བསྐོར་བ་དང་། སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་མཆོག་ཚོགས་དབུར་ཕེབས་ནས་སྐུ་འགྱེད་སྒོར་བརྒྱ་རེ་འགྱེད་པ་དང་། བོན་སྡེ་ཁ་གསུམ་གྱི་སྤྱི་འཇོག་ལ་སྒོར་སྟོང་གཅིག་བརྒྱ་དང་བཅོ་ལྔ་བཞག་པ་དང་། སྐལ་བཟང་རྒྱ་མཚོ་ནས་རིག་འཛིན་རྣམས་ཀྱི་ཕྱག་ཏུ་སྒོར་ལྔ་བཅུ་རེ་དང་ལྷ་དར་གྱིས་ཐོགས་དྲངས་ནས་སྤྱི་འཇོག་ལ་དམངས་སྒོར་སྟོང་གཅིག་བརྒྱ་དང་བཅུ་གསུམ་བཞག་སྟེ་ཚོགས་མང་ཇ་གྱ་ནོམ་པ་བསྐོལ་བ་ཡིན། ཡར་ནང་བོན་སྡེ་ཁ་གསུམ་གྱི་རྒན་པ་དག་གིས་གྲོལ་མོལ་བྱས་པ་བརྒྱུད་ལོ་རེའི་ཟླ༧པའི་ཚེས༦ཉིན་ནས་ཉིན་གསུམ་གྱི་རིང་ལ་ཆོས་ཐོག་འཚོག་རྒྱུ་ཡིན་པ་དང་། ལས་སྣེ་བ་དག་ལོ་གསུམ་རེའི་ནང་བརྗེ་སྤོར་བྱ་རྒྱུ། ཆོས་ཐོག་སྐབས་རིག་འཛིན་རྣམས་ཀྱིས་སྔགས་ཆས་ཆ་ཚང་བསྣམས་དགོས་པ་སོགས་བྱས་ཏེ་གྲོས་ཐག་བཅད་པ་དང་། ཐེངས་དང་པོའི་ལས་སྣེ་བ་དག་ནི། ཚོགས་ཆེན་དབུ་མཛད་ཆེན་མོ། དཔལ་ལྡན་སྐྱབས། ཚོགས་ཆེན་དགེ་བསྐོས་ཆེན་མོ། བཀྲ་ལེ། ཁ་འགོ་བ། ཀུན་བཟང་ཚེ་རིང་། པདྨ་རྡོ་རྗེ། གཡུང་དྲུང་ཚེ་བརྟན། ལྷ་རྒྱལ། ཀུན་བཟང་ཚེ་རིང་། རྔ་རྡུང་དང་དུང་འབུད་རྒྱ་གླིང་སོགས་ནི་རང་སོ་སོ་སྡེ་བ་ནས་བཀོད་སྒྲིག་བྱེད་དགོས་པ་སོགས་བྱས་པ་ཡིན་ལ། ཚོགས་ཀྱི་འདོན་མཚམས་ཀྱང་གཡང་འབོད་དང་སྨོན་ལམ་ལ་ཐུག་ཡོད་པས་ཚེ་དབང་སྨོན་ལམ་སོགས་གསུངས་ཏེ་སྒོ་གསུམ་དག་པས་མཇུག་བསྡུས་པ་དང་། མཐར་བོན་སྡེ་ཁ་གསུམ་གྱི་དགེ་བསྐོས་ཆེན་མོ་བཀྲ་ལེ་ནས་སྐལ་བཟང་རྒྱ་མཚོ་ལ་ཆོས་ཐོག་འདི་ཉམས་པ་སླར་གསོ་བྱས་པ་ལ་བཀའ་དྲིན་མཚོན་ཕྱིར་དུ་ལྷ་དར་དང་ཇ། དམངས་སྒོར་སུམ་བརྒྱ་བཅས་གནང་ནས་སྦྱིན་པའི་ཡོན་བདག་རྣམས་སྐུ་ཚེ་བརྟན་ཅིང་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཁ་གཡང་དྲོན་མོ་བོས་རྗེས་རིག་འཛིན་འདུས་པ་རྒྱ་མཚོ་ཕྱིར་རང་རང་ཡུལ་ཕྱོགས་སུ་ཆས་སོ། །

ཞེས་སྤྱི་ལོ་༢༠༡༨ལོའི་ཟླ༧ཚེས༢༥ཉིན་རེབ་གོང་བོན་མང་དྲ་ཚིགས་རྩོམ་སྒྲིག་པས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།