གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པའི་ཉིན་དང་པོའི་གནས་ཚུལ་རགས་བསྡུས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་སྣང་ཞིག་དགོན་ཆེན་གྱི་འཆད་ཉན་དབུ་བརྙེས་ནས་ལོ་འཁོར་བརྒྱ་ཕྲག་གཅིག་འཁོར་བའི་མཛད་སྒོ་དང་། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་སོགས་ཚོགས་ཆེན་གསུམ་མདོ་སྨད་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཚོགས་པ་ཡིན་ལ། དེ་རིང་སྔ་དྲོའི་ཆུ་ཚོད་༨པའི་སྟེང་རྔ་བ་རྫོང་སྣང་ཞིག་དགོན་གྱི་གསོལ་ཁང་ཆེན་མོ་ནས་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་གཙོ་བྱས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་རྣམས་དང་ཚོགས་ཞུགས་མི་སྣ་ཡོངས་སྣང་ཞིག་དགོན་ཆེན་གྱི་ཕྱོགས་སུ་ལམ་ལ་ཆས་པ་དང་སྣང་ཞིག་དགོན་གྱི་ལྷ་སྡེའི་དད་ལྡན་ཕོ་མོ་ཡོངས་ཀྱིས་བཀྲ་ཤིས་རྟེན་འབྲེལ་གྱི་ལྷ་དར་དཀར་པོ་འཐེན་ནས་དགའ་སྤྲོའི་བསུ་མ་རྒྱ་ཆེན་པོ་བྱས་ཏེ།  བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ཐང་ཆེན་ནས་བླ་གྲྭ་འདུས་པ་ཡོངས་དང་གསང་སྔགས་རིག་པ་འཛིན་པའི་སྡེ། བཙུན་མའི་འདུས་སྡེ་ཡོངས་སེར་ཕྲེང་བསྒྲིགས་ཏེ་སྣང་ཞིག་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་གླིང་གི་ཚོགས་ཆེན་ཚོགས་རའི་ནང་དུ་གྲུབ་མཐའ་སོ་སོ་ནས་ཕེབས་པའི་བླ་མ་དང་དགེ་བའི་བཤེས་གཉེན་གྱི་སྡེ་དང་འཆད་ཉན་གྱི་ཀློང་ན་རིག་པ་བརྡར་བའི་རིགས་སྨྲ་བའི་སྡེ། ཕྱོགས་ཀྱི་མཇལ་བ་དང་ལྟད་མོ་བ་སོགས་མི་ཚོགས་མང་པོ་ཚོགས་རའི་ནང་དུ་གྲལ་དག་ཅིང་གོ་རིམ་ལྡན་པའི་ངང་འཚོགས་པ་རེད།

དེ་ནས། སྣང་ཞིག་དགོན་ཆེན་དུ་འཆད་ཉན་གྱི་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་བརྒྱ་ཕྲག་གཅིག་ལོན་པའི་མཛད་སྒོ་དངོས་སུ་འགོ་བརྩམས་པ་དང་། སྣང་ཞིག་སྐྱབས་མགོན་སྐུ་ཕྲེང་སོ་དགུ་བ་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་ནས་མཛད་སྒོའི་གཏམ་བཤད་གནང་བ་དང་། མཛད་སྒོའི་འགོ་འཛིན་པས་སྣང་ཞིག་ཚང་གི་སྐུ་ཕྲེང་རིམ་བྱོན་རེ་རེ་བཞིན་ངོ་སྤྲོད་དང་མཛད་རྗེས་ལ་བཀའ་དྲིན་ཞུས་རྗེས། བླ་མ་གྲྭ་ཚང་ཡོངས་དང་གསང་སྔགས་རིག་པ་འཛིན་པའི་སྡེ། བཙུན་མའི་འདུས་སྡེ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་ལྷན་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་སྣང་ཞིག་དགོན་ཆེན་གྱི་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པའི་བརྡ་དར་ཆེན་མོ་ཡར་བསྒྲེངས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡུན་ནས་ཡུན་དུ་དར་ཞིང་རྒྱས་པའི་སྨོན་ལམ་བཏབས།

གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་གིས་སྣང་ཞིག་དགོན་ཆེན་དུ་འཆད་ཉན་གྱི་དབུ་བརྙེས་ནས་མི་ལོ་བརྒྱ་ཕྲག་གཅིག་འཁོར་བར་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་རྟགས་མཚན་དང་འབྲེལ་གསུང་བཤད་གནང་བ་དང་། དེ་ནས་རིམ་བཞིན་སྣང་ཞིག་དགོན་ཆེན་གྱི་དགེ་བའི་བཤེས་རྣམས་ཀྱིས་སྣང་ཞིག་དགོན་ཆེན་གྱི་ལོ་རྒྱུས་དང་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ཚང་གི་སྐུ་དྲིན་སོགས་མཛད་སྒོའི་ཁ་གཡང་གི་གཏམ་བཤད་གནང་། མཚམས་དེར་སྣང་ཞིག་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ནས་གཟེངས་རྟགས་བྱ་དགའ་གནང་བ་དང་རྟོགས་ལྡན་དགོན་ཆེན་གྱི་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་དབུ་ཁྲིད་ཏེ་གྲྭ་ཚངས་ཡོངས་ཀྱིས་སྣང་ཞིག་སྐྱབས་མགོན་ཚང་ལ་སྐུ་གསུང་ཐུགས་རྟེན་ཕུལ་ཏེ་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་སྨོན་ལམ་བཏབས།

དེ་ནས་ཆོས་རྒྱུད་སོ་སོ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་རྣམས་གདན་ཞུ་བྱས་ཏེ་བཤེས་གཉེན་རྣམས་ཀྱིས་རེ་རེ་བཞིན་གྲུབ་མཐའི་ཕྱོགས་ཞེན་སྤངས་ཏེ་འཆད་ཉན་དང་བསྟན་པ་ལ་ཧུར་བརྩོན་དགོས་པའི་གསུང་བཤད་མང་པོ་གནང་རྗེས་ཐེངས་འདིའི་མཛད་སྒོའི་འགོ་འཛིན་པས་མཛད་སྒོ་རིམ་པ་ཡོངས་སུ་མཇུག་རྫོགས་པ་ཁྱབ་བསྒྲགས་གནང་།

ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་གཡས་རུའི་འཆད་རྩོད་ཆེན་མོ་སྣང་ཞིག་དགོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ད་ལོའི་མཐར་ཕྱིན་སློབ་མ་དང་མཐོ་རིམ་འཛིན་གྲྭ་སོགས་ཀྱིས་དབུ་བཟུང་ནས་འཆད་རྩོད་གནང་བ་དང་།

གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་གིས་ཚོགས་ཞུགས་མི་སྣའི་མཚན་ཐོ་བཀོད་པ་དང་། ཆུ་ཚོད་༣པ་ནས་༥བའི་བར་ཚོགས་གཙོའི་ཚོགས་འདུ་ཨུ་ཡོན་ལྷན་ཁང་གི་ཉིས་ཐོག་ནས་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་མདོ་འཛིན་བྱས་ཏེ་འཚོགས་པ་ཡིན། ཆུ་ཚོད་༦པའི་སྟེང་དགེ་བཤེས་བགྲོ་གླེང་ཚོགས་འདུ་འཚོགས་རྗེས་དེ་རིང་གི་ཉིན་དང་པོའི་རིམ་པ་ཡོངས་སུ་མཇུག་གྲུབ་པའོ།།

རྩོམ་སྒྲིག་པ།  རེབ་སྐྱིད་ཡར་འཕེལ།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།