གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་ནས་ཚོགས་པའི་ཉིན་གཉིས་པ།

དེ་རིང་ནི་སྤྱི་ལོ༢༠༡༨ལོའི་ཟླ༩བའི་ཚེས༢༠ཡིན་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་ཉིན་གཉིས་པ་ཡིན། སྔ་དྲོའི་ཆུ་ཚོད༩བའི་སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་སྔོན་འགྲོའི་མཛད་སྒོ་དངོས་སུ་བརྩམས་པ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་འགོ་འཛིན་མཛད་ཅིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་ནས《མཛད་བཟང་ཉིན་བྱེད་འབར་བའི་འོད་སྣང་》ཞེས་པའི་མཛད་སྒོའི་གཏམ་བཤད་གནང་།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་ནས་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕན་ནུས་དང་འབྲེལ་བའི་གཏམ་བཤད་གནང་།

གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་དྲུང་ཡིག་ཆེན་མོ་དགེ་བཤེས་གཡུང་དྲུང་བསམ་གཏན་ནས་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོའི་འགོ་འཛིན་གནང་བ་དང་། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།

གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་གཙོ་པཎ་ཙ་བསྟན་འཛིན་དར་རྒྱས་མཆོག་གིས་གསུང་བཤད་གནང་།

གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་གཙོ་གཞོན་པ་རྫ་ཚེ་དབང་བསྟན་འཛིན་མཆོག་ནས་འཆད་རྩོད་ཆེན་མོའི་སྒྲིག་ལམ་གྱི་སྐོར་ནས་གསུང་བཤད་གནང་རྗེས་འཆད་རྩོད་པ་ཡོངས་འཆད་རར་འཚོགས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཡུལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དང་ཚོགས་གཙེ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་སོགས་འཆད་རར་གཟིགས་སྐོར་དུ་ཕེབས།


ཕྱི་དྲོའི་ཆུ་ཚོད༡དང་སྐར་མ༣༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་གཉིས་པའི་ཚོགས་ཆེན་དངོས་སུ་འགོ་བརྩམས་པ་དང་མདོ་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་རིན་སྤུངས་ཚུལ་བསྟན་མཆོག་ནས་འགོ་འཛིན་མཛད་པ་དང་། ཚོགས་གཙོ་ཆེན་མོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་ཕྱོགས་དང་འབྲེལ་ཏེ་དོན་ཚན་རྣམ་པ་བཞི་ཡི་སྒོ་ནས་མཛད་སྒོའི་གསུང་བཤད་གནང་བ་དང་། སྐབས་དང་པོའི་གྲོས་ཆོད་དོན་ཚན་གྱི་ནང་དུ་སྐབས་གཉིས་པའི་ཚོགས་ཆེན་བར་ལས་འགན་འགྲུབ་ཟིན་པ་དང་ད་ལྟ་སྒྲུབ་བཞིན་པ། མ་འོངས་པར་ལས་འགན་གང་ཞིག་བསྒྲུབ་དགོས་པ་སོགས་ཀྱི་ཐད་ནས་གསུངས་ཏེ། ད་ལྟ་སྒྲུབ་བཞིན་པ་ནི་ལོ་ངོ་གསུམ་གྱི་སྔོན་ལ་ཀྲུང་དཔེ་བོན་གྱི་བཀའ་འགྱུར་ཆེན་མོ་དཔར་འགོ་བརྩམས་པ་དང་། ད་ལྟ་དེའི་ཐད་ལ་ཕྱོགས་གང་ཐད་ནས་ཤུགས་བརྒྱག་དགོས་པ། མ་འོངས་པའི་ལོ་ངོ་གཉིས་ཀྱི་ནང་དུ་ཀྲུང་དཔེ་བོན་གྱི་བཀའ་འགྱུར་ཆེན་མོ་ངེས་པར་དུ་འགྲུབ་དགོས་པ་དང་། བསྒྲུབས་ཟིན་པ་ནི་ཞི་བདེ་སྨོན་ལམ་ཆེན་མོ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་སྒོ་འབྱེད་བྱས་པ་ཡིན་ལ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་ལས་དོན་ལ་བོན་འབངས་ཡོངས་ཀྱིས་འབད་པ་ལྷོད་མེད་བྱེད་པ་དང་བྱ་དགོས་པའི་གསུང་བཤད་གལ་ཆེན་པོ་གནང་།

འགོ་འཛིན་པ་རིན་སྤུངས་ཚུལ་བསྟན་ནས་ཚོགས་གཙོ་ལགས་ཀྱིས་གཡུང་དྲུང་བོན་གྱི་ལས་དོན་ཐད་ལ་ཧུར་བརྩོན་ལྷོད་མེད་གནང་བ་ལ་བཀའ་དྲིན་ཞུས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་གསུམ་གྱི་ནང་བསྒྲུབས་པའི་བྱ་བའི་གྲུབ་འབྲས་སྙན་ཞུ་ཕུལ།   དེ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་རིན་སྤུངས་ཚུལ་བསྟན་གྱིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡོང་འབབ་དང་འགྲོ་སོང་སོགས་ཚོགས་ཞུགས་མི་སྣ་ཡོངས་ལ་སྙན་ཞུ་ཕུལ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་སྐྱབས་འགྲོའི་སྐོར་གྱི་འཆད་ཁྲིད་གནང་།

དགོང་ཇ་བཞེས་རྗེས་རྩོད་པ་བ་ཀུན་གླིང་ཚན་བཞི་རུ་བསྒོས་ནས་དམ་བཅའ་འཚོགས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ཡོངས་གངས་ལྗོངས་བོན་དཔྱད་དེབ་དེབ་ཕྲེང་དང་པོ་《ཞང་ཞུང་ཤེས་རིག་ཞིབ་འཇུག》འགྲེམ་སྤེལ་མཛད་སྒོ་དངོས་སུ་འགོ་བརྩམས་པ། ཐེངས་འདིའི་མདོ་འཛིན་པ་ཨ་ཀུན་གསལ་ཟླ་བས་མདོ་འཛིན་བྱས་པ་དང་།

གངས་ལྗོངས་བོན་དཔྱད་དེབ་ཀྱི་གཙོ་སྒྲུབ་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་གངས་ལྗོངས་བོན་གྱི་དཔྱད་དེབ་དང་འབྲེལ་བའི་སྐོར་གྱི་གསུང་བཤད་གནང་། དེབ་འདིའི་དཔྱད་འདེམས་པ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཧུར་ཐག་གནང་དགོས་པ་དང་འབྲེལ་ཏེ་གངས་ལྗོངས་བོན་དཔྱད་དེབ་དེབ་ཕྲེང་དང་པོ་《ཞང་ཞུང་ཤེས་རིག་ཞིབ་འཇུག》འགྲེམ་སྤེལ་དགོས་པའི་དགེ་མཚན་སོགས་དང་། དཔྱད་དེབ་འདིའི་ཁ་བྱང་གི་ཡིག་འབྲུ་རེ་རེ་ལ་འབྲེལ་བཤད་ཡག་པོ་བརྒྱབ་ནས་དཔྱད་དེབ་འདིའི་དགེ་མཚན་བརྗོད།

དེ་ནས་ཨ་མདོ་ཤར་ཁོག་གི་ལྷ་རིས་སྒྱུ་སྩལ་པ་ནོར་བུ་གཡུ་རྒྱལ་དང་ཁྲི་བཙུན་རབ་བརྟན་གཉིས་ཀྱིས་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་ཐང་སྐུ་ཆེན་མོ་ཞིག་ལོ་འགའི་རིང་ལ་བཞེངས་ནས་ད་ལོ་གསར་དུ་འགྲུབ་ཏེ་དེ་རིང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་ཕུལ་བ་དང་།

འཛམ་གླིང་ཞི་བདེ་ཆེན་མོའི་སྨོན་ལམ་སྐབས་ལོ་རེ་བཞིན་བཤམས་རྒྱུའི་རེ་བ་ཞུས། རྩེ་ཞིག་ཚང་དང་དྲུང་ཡིག་ཆེན་མོ་གཉིས་ནས་ལྷ་རིས་པ་གཉིས་ལ་དྲི་མེད་ལྷ་དར་དཀར་པོ་འཐེན་ནས་བཀའ་དྲིན་ཆེ་ཞུས་པ་དང་བཅས་དེ་རིང་གི་ཚོགས་འདུ་ཡོངས་སུ་མཇུག་རྫོགས་སོ།།

རྩོམ་སྒྲིག་པ།  རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།