གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་གསུམ་པ།

རྩོམ་ཁུངས།  རེབ་གོང་བོན་མང་དྲ་བ།           རྩོམ་པ་པོ།    རེབ་སྐྱིད་ཡར་འཕེལ།

དེ་རིང་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ནས་ཉིན་གསུམ་པ་ཡིན་ལ། སྔར་བཞིན་འདུ་ཁང་ཆོས་རའི་ནང་དུ་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོའི་དམ་བཅའ་འཚོགས་བཞིན་ཡོད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ཡོངས་སྣང་ཞིག་དགོན་ཆེན་གྱི་སློབ་ཆུང་གི་ཉིས་ཐོག་ཚོགས་ཁང་ཆེན་མོ་ནས་འཚོགས་པ་དང་། ཐེངས་འདིའི་མདོ་འཛིན་པ་དྲུང་ཡིག་སྙན་བཟང་བསོད་ནམས་གཡུང་དྲུང་གིས་འགོ་འཛིན་བྱས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནས་གསུང་བཤད་གནང་བ་དང་། གཡུང་དྲུང་བོན་གྱི་ཀྲུང་དཔེ་བཀའ་འགྱུར་ཆེན་མོའི་པར་བསྐྲུན་མ་དངུལ་ཐད་ལ་དམངས་སྒོར་ཁྲི་༤༤༠༥༠༠གནང་ནས་བསྟན་པའི་ལས་དོན་ལ་ཐུགས་ཁུར་དང་འབད་འབུངས་བྱེད་པ་རྣམས་གཙོ་བྱས་གཡུང་དྲུང་བོན་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་ཅི་བསམ་ཐམས་ཅད་ཀེག་མེད་ངང་འགྲུབ་པའི་སྨོན་ལམ་བཏབས།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་ལགས་ཀྱིས་གསུང་བཤད་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཁན་པོ་ཤེས་རབ་དབང་རྒྱལ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནས་ང་ཚོ་བོན་གྱི་དགོན་སྡེ་སོ་སོ་དང་མི་སྣ་སོ་སོའི་བར་ལ་འབྲེལ་འདྲིས་ཟབ་མོ་ཆགས་པ་འདི་ཡང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕན་ནུས་ཡིན་པ་དང་མཉམ་འབྲེལ་ལྷན་ཚོགས་འདི་ལ་གལ་ཆེན་དང་གཙུགས་ཆེན་གནང་དགོས་པ་སོགས་གསུང་བཤད་མང་པོ་གནང་།དགེ་བཤེས་སྒོ་རིགས་ཤེས་རབ་གྲགས་པ་ལགས་ཀྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་ཁོང་གིས་རྩོམ་བཏུས་བྱས་པའི་དཔེ་དེབ་《ཞང་བོད་གདན་རབས།》ཚོགས་ཞུགས་ཀྱི་ཚོགས་མི་ཡོངས་ལ་ཕྱག་འབུལ་བྱས།དྲུང་ཡིག་པ་རྒྱལ་མཚན་དྲི་མེད་ནས་མདོ་འཛིན་བྱས་ཏེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་མཆོག་གིས་ང་ཚོའི་ཆོས་ལུགས་ནི་བོད་རང་ས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་དངོས་རང་ཡིན་པས། ད་ཐེངས་ཀྱི་ཀྲུང་དཔེ་བཀའ་འགྱུར་ཆེན་མོ་དཔར་བསྐྲུན་བྱེད་པ་འདི་སྤུས་དག་ཡིག་ནོར་མེད་པ་སོགས་ཕྱོགས་གང་ཐད་ནས་ཡག་པོ་ཞིག་དཔར་བསྐྲུན་བྱེད་དགོས་པའི་ཐད་ལ་གསུང་བཤད་མང་པོ་གནང་པ་དང་། སྣང་ཞིག་དགོན་ཆེན་གྱི་འཆད་ཉན་སྡེ་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཡག་པོ་ཡིན་པ་སོགས་གསུངས།མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་སྔ་དྲོའི་ཆ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། གཡུང་དྲུང་བོན་གྱི་ཀྲུང་དཔེ་བཀའ་འགྱུར་ཆེན་མོའི་ལས་གཞིའི་ཐད་ལ་དོན་ཚན་རྣམ་པ་དྲུག་གི་སྒོ་ནས་གསུང་བཤད་གནང་།མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ལ་བཀའ་དྲིན་ཞུས་པ་དང་སྣང་ཞིག་དགོན་ཆེན་གྱིས་འདི་ལྟ་བུའི་ཚོགས་ཆེན་རྣམ་པ་གསུམ་ས་གནས་འདི་རུ་འཚོགས་པ་ལ་སེམས་གཏིང་ནས་བཀའ་དྲིན་ཞུས་ཏེ་གཡུང་དྲུང་བོན་གྱི་ཆོས་ལུགས་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཐད་ལ་ཧུར་བརྩོན་བྱེད་དགོས་པ་དང་། འཆད་མཁན་ཚོས་འཆད་དགོས་པ། རྩོད་མཁན་ཚོས་རྩོད་དགོས་པ། རྩོམ་མཁན་དག་གིས་རྩོམ་དགོས་པ་སོགས་ཀྱི་ཐད་ནས་དོན་ཚན་ལྔ་ཡི་སྒོ་ནས་གསུང་བཤད་མང་པོ་གནང་བ་དང་། མཐར་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔར་བསྐྲུན་ཐད་ལ་མ་དངུལ་དམངས་སྒོར་ཁྲི་བཅུ་ཕུལ་བ་དང་ལྷན་བཀའ་འགྱུར་ལ་ཞུ་དག་ཡག་པོ་ཞིག་གནང་བའི་རེ་བ་དང་བཅས་སྔ་དྲོའི་ཚོགས་འདུ་གྲོལ།ཆུ་ཚོད་༡༢:༣༠སྟེང་བླ་མ་གྲྭ་ཚང་སྟོང་ཕྲག་མང་པོས་སྣང་ཞིག་དགོན་ཆེན་གྱི་བཀའ་འགྱུར་རྡོ་བསྐོས་ཆེན་མོར་རབ་གནས་མཛད། ཆུ་ཚོད་༡:༠༠སྟེང་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་དངོས་སུ་དབུ་འཛུགས་སྤེལ་བ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་གཙོ་འགན་གཞོན་པ་མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་མདོ་འཛིན་བྱས་པ་དང་གཞུང་བརྒྱའི་བགྲོ་གླེང་གི་འགྲོ་རིམ་ཁྱབ་བསྒྲགས་གནང་།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་གཙོ་འགན་པ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་གསུང་བཤད་གནང་། དགེ་བཤེས་སྒོ་རིགས་ཤེས་རབ་གྲགས་པས་འབྱུང་རྩིས་ཀྱི་ཁུངས་ལ་དཔྱད་པ་ཞེས་པའི་བགྲོ་གླེང་གནང་བ་དང་ཤེས་ལྡན་པའི་ཁྲོད་ནས་མི་རེ་འགའི་རྩིས་རིག་གི་སྐོར་ནས་དྲི་བ་བཏོན་པ་ལ་སྒོ་རིགས་ཤེས་རབ་གྲགས་པ་མཆོག་གིས་དྲི་བ་རེ་རེ་ལ་ལན་ཡག་པོ་རེ་སྤྲད།བྱ་གཏོང་རི་ཁྲོད་ཀྱི་བཙུན་མའི་འདུས་སྡེ་ཡི་ལས་ཚབ་མི་སྣ་བཙུན་མ་ཁྲི་བཙུན་གཞན་ཕན་གྱིས་གཡུང་དྲུང་བོན་མཉམ་ལྷན་ཚོགས་དང་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་དང་འབྲེལ་ཏེ་བཙུན་མའི་དགོན་ཁག་གི་གནས་བབ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུགས་ཁུར་གནང་བ་ལ་སྙིང་ནས་བཀའ་དྲིན་ཞུས།  ཚེ་དབང་རིག་འཛིན་གྱིས་ཞང་བོད་ཀྱི་རྒྱལ་རབས་རགས་བཤད་ཅིག་བརྗོད་པ་དང་། རྒྱལ་རོང་བསོད་ནམས་ཡེ་ཤེས་ཀྱིས་བོན་ཡིག་དང་བོད་ཡིག་ལ་ཞིབ་མོར་དཔྱད་ནས་བརྗོད་པ། ཤར་དུང་མ་ཧ་རས་གཡུང་དྲུང་བོན་གྱི་མི་སྣ་གསོ་སྐྱོང་བྱེད་ཚུལ་སྐོར་ནས་བགྲོ་གླེང་གནང་བ་དང་གདུང་བཙུན་རྒྱ་ཐར་ལགས་ནས་དྲི་བ་གཉིས་བཏོན་པ་ལ་ལན་ཡག་པོ་གསུངས་སོང་། སྣང་ཞིག་དགོན་གྱི་དགེ་བཤེས་གཤེན་ཡ་ངལ་ཁྲི་རྒྱལ་གྱིས་བར་དོའི་འཕྲུལ་སྣང་ལ་དཔྱད་པ་ཞེས་པའི་དཔྱད་གླེང་གནང་བ་དང་དེའི་སྐོར་ནས་དྲི་བ་འདོན་པ་འགའ་རེ་ཡིས་དྲི་བ་བཏོན་རྗེས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་གི་ཚོགས་འདུ་གྲོལ།ཆུ་ཚོད་༣:༣༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་ཐེག་ཆེན་སེམས་བསྐྱེད་སྐོར་གྱི་འཆད་ཁྲིད་གནང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ཡོངས་མུ་མཐུད་ནས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོར་ཚོགས་པ་དང་། གདན་ཞུའི་གསོ་རིག་ཆེད་མཁས་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས་ཀྱིས་གནའ་རབས་བོན་དང་འབྲེལ་བའི་གསོ་རིག་སྐོར་གྱི་དཔྱད་གླེང་དོན་ཚན་ལྔའི་སྟེང་ནས་བགྲོ་གླེང་གནང་བ་དང་། བོན་དང་འབྲེལ་བའི་གསོ་རིག་གི་སློབ་མ་ཉིས་བརྒྱ་ལྷག་གསོ་སྐྱོང་གནང་བཞིན་ཡོད་པ་སོགས་བརྗོད་ཡོད། ཁྲི་བཙན་རབ་བརྟན་གྱིས་སྔ་རབས་རི་མོ་སྣ་ཚོགས་ལས་བྱུང་བའི་ཞང་ཞུང་གི་བྱ་རུའམ་ཁྱུང་རུ་དང་དེའི་མཚོན་དོན་སྐོར་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་བགྲོ་གླེང་གནང་། སྣང་ཞིག་ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཨ་སྣང་པེས་ཞང་བོད་བཟོ་རིག་གི་བྱུང་རབས་ལ་དཔྱད་པ་བཅས་ཀྱི་སྐོར་ནས་བགྲོ་གླེང་གནང་བ་དང་ལྷན་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་གི་ཚོགས་འདུ་གྲོལ། དེ་ནས་ཚོགས་མི་ཡོངས་སྣང་ཞིག་བཀྲ་ཤིས་སྒོ་མང་མཆོད་རྟེན་ནང་དུ་ཞང་བོད་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ལ་ལྟ་སྐོར་དུ་ཕེབས།དགོང་ཇ་བཞེས་རྗེས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་གླིང་ཚན་གཏུགས་འདུག་དམ་བཅའ་ཆེན་མོར་མཉམ་ཞུགས་བྱས་པ་སོགས་ཚོགས་ཆེན་གྱི་ཉིན་གསུམ་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།