གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་ནས་ཚོགས་པའི་ཉིན་བཞི་བ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།   རྩོམ་པ་པོ།  རེབ་སྐྱིད་ཡར་འཕེལ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་གཡས་རུའི་འཆད་རྩོད་ཆེན་མོ་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་ནས་ཚོགས་པའི་ཉིན་བཞི་བ་ཡིན།

མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་འགོ་བ་བསྟན་འཛིན་འབྲུག་གྲགས་ནས་རྩེ་ཞིག་ཚང་ཤེས་རབ་བརྟན་པའི་ཟླ་བ་མཆོག་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་རྣམ་གཉིས་གཙོ་བྱས་ཚོགས་ཞུགས་མི་སྣ་ཡོངས་ལ་སྔ་དྲོའི་ཆ་ལ་མཚམས་འདྲི་ཞུས་པ་དང་། ཚོགས་མི་ཡོངས་ཞང་བོད་རིག་གནས་སྒྱུ་རྩལ་འགྲེམ་སྟོན་གཙོ་བྱས་པའི་སྡེ་ཚན་སོ་སོའི་ལས་ཀའི་གྲུབ་འབྲས་ཁག་ལ་ཞིབ་དཔྱད་རྒྱུས་ལོན་གནང་བར་ཕེབས་པ་དང་།དང་པོ། ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་ལ་ཕེབས་པ་དང་ལྷ་རིས་པ་ཨ་སྣང་པེ་ལགས་ཀྱིས་ཞང་ཞུང་བོན་གྱི་རྒྱལ་རོང་གི་ལོ་སྟོང་ཕྲག་ལྷག་ལྡན་པའི་འཇུར་གམ་ཚ་ཚ་དང་འབྲེལ་ཏེ་ལྷ་རིས་སྒྱུ་རྩལ་སྐོར་དང་ལྷ་རིས་སློབ་གླིང་གི་གནས་ཚུལ་སོགས་འགྲེལ་བཤད་བྱས།གཉིས་པ། ཀྲུང་ཧྭའི་བཀའ་བསྟེན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚན་ཁག་ལ་ཕེབས་པ་དང་། ཚན་གཙོ་ལགས་ཀྱིས་བཀའ་འགྱུར་སྒྲིག་གཞིའི་མ་ཕྱིའི་ཐད་ནས་དཀའ་ངལ་མང་པོ་ལ་འཕྲད་པ་དང་། གཞི་རྩའི་མ་ཕྱི་གང་ལ་བཅོལ་བ་དང་དེའི་རྒྱུ་མཚན་སོགས་བརྗོད། དེ་ནས་ཚོགས་གཙོ་དམ་པ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཚན་ཚོགས་ཀྱི་མི་སྣ་ཡོངས་ལ་ཁྱེད་ཚོས་རྒྱལ་བ་གཤེན་གྱི་བསྟན་པའི་ལས་དོན་ཧ་ལས་པའི་ཡག་པོ་སྒྲུབ་བཞིན་འདུག་གསུངས་ནས་བཀའ་དྲིན་ཞུས་པ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་རྒྱལ་བ་གཤེན་རབ་མི་བོའི་བཀའ་འགྱུར་མ་ཕྱི་འཚོལ་བསྡུ་དང་འབྲེལ་བཀའ་སློབ་གནང་།གསུམ་པ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་《གཡུང་དྲུང་བོན་གྱི་བཀའ་འགྱུར》མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཁག་ཏུ་ཕེབས། ཚོགས་གཙོ་ལགས་དང་བློ་འདྲི་མི་སྣ་སོགས་ཀྱིས་རེ་རེ་བཞིན་གཟིགས་པ་དང་ཚན་གཙོ་ནས་ལས་ཀའི་རིམ་པ་རེ་རེ་བཞིན་མཚམས་སྦྱོར་བྱས་པ་དང་། ཚོགས་གཙོ་གཞོན་པ་སེང་སྤྲུལ་རིག་འཛིན་ཉི་མ་ནས་ཡིག་ནོར་ཞུ་དག་གི་ཐད་ནས་མཉམ་འཇོག་དགོས་པ་སོགས་གསུངས།བཞི་བ། དགེ་སྐུལ་གསོའི་བཀོད་སྒྲིག་ཚན་ཁག་ལ་ཕེབས་པ་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནས་དད་ལྡན་བོན་འབངས་ཡོངས་ལ་དགེ་བའི་ཕྱོགས་ལ་སྐུལ་མ་ཡག་པོ་གནང་དགོས་པའི་བཀའ་སློབ་གནང་།ལྔ་བ། གངས་ལྗོངས་བོན་དཔྱད་དེབ་ཚན་ཁག་ལ་ཕེབས་པ་དང་ཚན་གཙོ་ནས་བོན་གྱི་དགོན་སྡེ་ཁག་གི་དཔྱད་དེབ་ཉིས་བརྒྱ་ལྷག་འཚོལ་བསྡུ་བྱས་ཏེ་ད་ལྟ་རྒྱལ་ཁབ་རིམ་པའི་མཆོག་མཆན་ཡོད་པའི་དཔྱད་དེབ་《ཞང་ཞུང་ཤེས་རིག་ཞིབ་འཇུག》ཞེས་པའི་ཚད་ལྡན་གྱི་དཔྱད་དེབ་ལོ་རེ་བཞིན་པར་བསྐྲུན་བྱེད་བཞིན་ཡོད་པའི་ཐད་ནས་འགྲེལ་བཤད་གནང་།དྲུག་པ།  བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཚན་ཁག་ཏུ་ཕེབས། ཐ་སྙད་རྒྱ་ཡིག་ཕབ་ཐོག་ཕབ་བསྒྱུར་ཐད་ལ་སྐད་གཉིས་སྨྲ་བའི་མི་སྣ་འཇོན་ཐང་ཅན་དག་ཚན་ཁག་ལ་གདན་འདྲེན་དགོས་པའི་རེ་བ་བཏོན།བདུན་པ། ཚོགས་འདུའི་གསར་འགྱུར་ཚན་ཁག་ཏུ་ཕེབས་ནས་ཐེངས་འདིའི་ཚོགས་འདུའི་པར་རིས་དང་བརྙན་རིས་སོགས་ལ་གཟུགས་མོལ་གནང་བ་དང་སི་ཁྲོན་བརྙན་འཕྲིན་ཁང་གི་བརྙན་ལེན་པ་དང་པེ་ཅིན་གྱི་གསར་འགོད་པ། པར་ལེན་པ་སོགས་རེ་རེ་བཞིན་ངོ་སྤྲོད་བྱས།བརྒྱད་པ། ཚོགས་འདུའི་སྤྱི་ཁྱབ་ཚན་ཁག་ཏུ་ཕེབས་ཏེ་ཚོགས་གཙོ་ལགས་ནས་ཚན་ཁག་གི་མི་སྣ་ཡོངས་ལ་ད་ཐེངས་ཀྱི་ཚོགས་འདུའི་ཕྱོགས་གང་ཐད་ལ་བཀོད་སྒྲིག་ལེགས་པོ་གནང་ཡོད་པ་ལ་བཀའ་དྲིན་ཞུས་པ་དང་། ཞང་བོད་རིག་གནས་སྒྱུ་རྩལ་འགྲེམ་སྟོན་པ་ལ་བོན་གྱི་གནའ་རྫས་སྲུང་སྐྱོབ་བྱེད་པ་ལ་བཀའ་དྲིན་ཆེ་ཕྱིར་དུ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ཚང་ནས་ལྷ་དར་གནང་བ་དང་ལྷན་སྔ་དྲོའི་ཚོགས་འདུ་གྲོལ།ཕྱི་དྲོའི་ཆུ་ཚོད1:30སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་འཚོག་པ་དང་མདོ་འཛིན་པ་བཙུན་མ་གཡུང་དྲུང་བཟང་མོས་འགོ་འཛིན་བྱས་པ་དང་། བགྲོ་གླེང་གནང་མཁན་རྒྱ་ཤོད་ཤེས་རབ་རྒྱ་མཚོས་འོལ་མོ་ལུང་རིང་གི་ས་ཁྲ་འཚོལ་ཞིབ་ཞེས་པའི་དཔྱད་གླེང་གནང་བ་དང་དྲི་བ་འདོན་མཁན་དག་ལ་ལན་གནང་ནས་དཔྱད་གླེང་ཡག་པོ་བྱུང་སོང་། བགྲོ་གླེང་གནང་མཁན་རྒྱལ་སྲས་སེམས་དཔའ་ནས་ཁྱུང་ཡུལ་དུ་དར་སྲོལ་ཆེ་བའི་དབུ་མེད་ལུགས་ཀྱི་ལོ་རྒྱུས་དང་དེ་དག་གི་གཟུགས་འགྱུར་ལ་དཔྱད་པ་ཞེས་པའི་སྐོར་ནས་གསུངས་བཤད་གནང་བ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་འགའ་ཡིས་ཡིག་གཟུགས་ཀྱི་ལོ་རྒྱུས་སྐོར་ནས་དྲི་བ་མང་པོ་བཏོན་པ་ལ་ལན་ཡག་པོ་གསུང་པ་དང་། སྐུ་ན་ཕྲ་བའི་རྒྱས་སྲས་ཁོང་ལ་མ་འོངས་པར་ཡིག་གཟུགས་རིག་གནས་ཀྱི་སྐོར་ནས་རེ་བ་ཆེན་པོ་གནང་།བསྟན་འཛིན་ཤེས་རྒྱལ་གྱིས་རྟ་དྭང་དང་འབྲེལ་བའི་ཞང་ཞུང་གི་གནའ་ཤུལ་ངོ་སྤྲོད་དང་། སྐྱིད་གསུམ་བླ་བྲང་གླེང་བ་ཞེས་པའི་སྐོར་ནས་གསུང་བཤད་གནང་། རྟོགས་ལྡན་དགོན་གྱི་བྱང་ཚེ་འབར་གྱིས་ལས་ལམ་གྱི་སྐོར་རགས་ཙམ་གླེང་བ་ཞེས་པའི་སྐོར་ནས་བགྲོ་གླེང་གནང་བ་དང་རིག་སློབ་པ་མང་པོ་ཞིག་གིས་དྲི་བ་བཏོན། སྣང་ཞིག་དགོན་གྱི་སྤྱི་ལོ་༢༠༡༨ལོའི་མཐར་ཕྱིན་སློབ་མ་གཡུ་ཚེ་རིང་ཐར་གྱིས་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་བྱང་ཆུབ་སེམས་ལ་རགས་ཙམ་དཔྱད་པ་ཞེས་པའི་སྐོར་ནས་དཔྱད་གླེང་གནང་། རྟོགས་ལྡན་དགོན་གྱི་ཀུན་གྲོལ་རྒྱ་མཚོས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་སྐོར་གླེང་བ་ཞེས་པའི་ཐད་ནས་གསུང་བཤད་གནང་།ཆུ་ཚོད་༣-༣༠སྟེང་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོའི་རྩོད་པ་བ་ཀུན་འཆད་རར་ཚོགས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཡོངས་མུ་མཐུད་ནས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་འཚོགས། ཐེངས་འདིའི་མདོ་འཛིན་པ་དྲུང་ཡིག་པ་སྒོ་ཤེས་རབ་གྲགས་པས་མཛད་པ་དང་། བགྲོ་གླེང་གནང་མཁན་ནི་གདན་ཞུའི་ཆེད་མཁས་པ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་མདོས་གཞུང་ལས་བསྟན་པའི་ལག་ལེན་དང་ནམ་རྒྱང་སོགས་ཀྱི་ངོ་སྤྲོད་གནད་བསྡུས་གནང་། ཧོར་ཚང་ནོར་བུ་གཡུལ་རྒྱལ་གྱིས་ལྡོང་མོ་ལུགས་ཀྱི་ལྷ་བྲིས་བྱུང་རིམ་སྐོར་ནས་ངོ་སྤྲོད་གནང་། གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་གསེར་བྲིས་པ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གྱིས་ཁྱུང་པོའི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཁྱུང་བྲིས་ཀྱི་ཁྱད་ཆོས་བཅས་ཀྱི་སྐོར་བགྲོ་གླེང་གནང་། དབྲ་ཆེན་སྦྱིན་པ་མཆོག་གིས་ཞང་བོད་གཏོར་རྒྱུན་མར་ཚོན་སྐོར་ནས་དཔྱད་གླེང་མང་པོ་གནང་བ་དང་དེ་རིང་གི་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོའི་ཚོགས་འདུ་གྲོལ།མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་སལེ་འོད་ཀྱི་གོ་དོན་དང་ཕན་ཡོན་སྐོར་འཆད་ཁྲིད་གནང་། མཐར་མདོ་འཛིན་པ་དགེ་བཤེས་སྒོ་རིག་ཤེས་རབ་གྲགས་པ་ལགས་ཀྱིས་གོང་གི་བགྲོ་གླེང་གནང་མཁན་རྣམས་ཀྱི་དཔྱད་རྩོམ་དག་གི་ཁྱད་ཆོས་རང་བཞིན་བརྗོད་པ་དང་། གཡུང་དྲུང་བོན་གྱི་སེར་སྐྱ་ཕོ་མོ་ཡོངས་ཀྱི་བྱ་བཞག་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུས། སྣང་ཞིག་དགོན་པཎ་ཙ་བླ་བྲང་ནང་ཚོགས་མི་ཡོངས་ལ་བོན་སྦྱིན་དུ་ཕྱག་འབུལ་བྱས་རྗེས་དེ་རིང་གི་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་གི་འདུ་ཚོགས་གྲོལ།ཆུ་ཚོད༦-༣༠སྟེང་རྩོད་པ་བ་ཐམས་ཅད་ས་ལམ་དམ་བཅའ་ཆེན་མོར་འཚོག་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཡོངས་གླིང་ཚན་གཏུག་འདུག་དམ་བཅའ་ཆེན་མོར་མཉམ་ཞུགས་གནང་བ་སོགས་ཐེངས་གཉིས་པའི་ཚོགས་འདུ་ཆེན་མོའི་ཉིན་བཞི་བའི་གནས་ཚུལ་རགས་བསྡུས་ཙམ་མོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།