རྗེ་རྒྱལ་བ་མཉམ་མེད་པ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་ཆེན་མོ།

རྗེ་རྒྱལ་བ་མཉམ་མེད་པ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་ཆེན་མོ་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་དགོན་ཆེན་དུ་འཚོགས་པ།
སྣང་མཐའ་བསྟན་འཛིན་ཉི་མ།
7

 དུས་མཆོད་སྨོན་ལམ་ཆེན་མོའི་ཚེས་ལྔ་ཉིན་ནི་འཛམ་གླིང་སྨྲ་དབང་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་འཁྲུངས་པའི་དུས་ཁྱད་པར་ཅན་འདི་ལ་བོད་ཡུལ་སྟོད་སྨད་བར་གསུམ་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་ཀུན་ནས་འཁྲུངས་མཆོད་འདི་ལ་མཆོད་སྤྲིན་རབས་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་ལ། དེ་བསྟུན་མདོ་སྨད་བོན་གྱི་དགོན་སྡེ་ཆེན་པོ་རྔ་ཡུལ་སྣང་ཞིག་དགོན་དུ་དུས་མཆོད་འདི་ནི་ལོ་དང་ལོ་རེ་བཞིན་ཟབ་ཅིང་རྒྱས་པ་སྤེལ་སྲོལ་ཡོད་ལ། ད་ལོ་ཡང་ཉིན་འདི་ལ་གོས་སྐུ་ཆེན་མོ་གྲྭ་མང་གིས་སེར་ཕྲེང་བསྒྲིགས་ཏེ་ཚོགས་ཆེན་འདུ་ཁང་དུ་བསུས་ཏེ་བཤམས་ཤིང༌། བོན་སྡེ་ཤོག་ཁ་བདུན་བརྒྱ་གཙོས་པའི་བན་བོན་དད་ལྡན་དམངས་ཚོགས་རྣམས་ལ་གོས་སྐུ་ཆེན་མོར་མཇལ་བའི་གོ་སྐབས་བསྐྲུན། མཚན་མོ་གླིང་བར་དུ་མཆོད་མེ་སོགས་ཀྱིས“བོན”“ བོད” “ རྗེ་མཉམ་མེད་ཆེན་མོའི་ལྔ་མཆོད་དུས་ཆེན”“ ཡུལ་ཤུལ”“ 4.14”ད་དུང་གཡུང་དྲུང་དང༌། མཆོད་པ་རྣམ་ལྔ། དཀོན་བཞི་སོགས་ཀྱི་ཡི་གེ་དང་རི་མོ་སོགས་བྲིས་ཏེ་ནང་དོན་ཕུན་སུམ་ཚོགས་པར་བྱས། སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དང༌།བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན། སྣང་ཞིག་དོ་འཕགས་ཆེན་པོ། སྐྱབས་མགོན་ཟླ་བ་རྒྱལ་མཚན། ཀུན་མཁྱེན་ཉི་མ་བསྟན་འཛིན། སྣང་སྟོན་ནམ་མཁའ་བློ་གྲོས། སྣང་དགོན་འཆད་ཉན་སྲོལ་འབྱེད་དཔོན་སློབ་ཤེས་རབ་གྲགས་པ། རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ། སྣང་ཞིག་སྐྱབས་མགོན་རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ། རྒྱལ་ཚབ་བསྟན་འཛིན་དབང་གི་རྒྱལ་བོ་སོགས་གངས་ཅན་བོན་གྱི་ཡིག་ཆའི་བདག་པོ་རྣམས་དང་བསྟན་པའི་སྤྱི་ནོར་སོགས་ཀྱི་སྐུ་ཡི་ཉིན་བྱེད་འོད་ཁང་སྣ་ཚོགས་ལས་ཤར་དུ་བཅུག་སྟེ་གློག་མཆོད་སྣ་ཚོགས་བསྒྲོན། རྣམ་རྒྱལ་མཆོད་རྟེན༼ཡོངས་གྲགས་སུ་མཱ་བློན་མཆོད་རྟེན་ཟེར༽། མཆོད་རྟེན་བཀྲ་ཤིས་སྒོ་མང༌། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང༌། སྐུ་གདུང་མཐོང་གྲོལ་ལྷ་ཁང༌། རྒྱལ་བསྟན་ཕུན་ཚོགས་བླ་བྲང་སོགས་གཙོས་པའི་གྲྭ་ཤག་ཡོངས་སུ་གློག་མཆོད་སྣ་ཚོགས་བསྒྲོན་ཏེ་རྩ་གསུམ་ལྷ་ཡི་གྲོང་ཁྱེར་ས་ལ་བབས་པ་ལྟ་བུའི་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་ངང་གིས་གཡོ་བའི་མཆོད་སྤྲིན་རྒྱ་ཆེན་པོར་བཤམས། མཆོད་མེ་ཐོག་དང་པོ༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང༌། རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་གཙོས་ནང་ཆེན་ཆེ་དྲུག་གི་བླ་སྤྲུལ་རྣམས་དང༌། ཁྲི་ཟུར་མཁན་ཟུར་སོགས་ཀྱིས་མཆོད་པ་རྣམ་ལྔའི་གསུང་བསྒྲགས་ཏེ་བསྒྲོན། ད་ལོ་ཡང་ལོ་ལྟར་དུས་མཆོད་འདིའི་མཚན་མོའི་མཚན་ཕུད་དམ་བཅའ་ཆེན་མོའི་བྱེད་སྒོ་རྒྱ་ཆེར་སྤེལ་བ་མ་ཟད་འཛིན་གྲྭ་རིམ་པ་བྱས་ཏེ་རྗེ་བླ་མའི་འཕྲུལ་སྒྲོན་རྣམ་ལྔ་གཙོས་པའི་བོན་གྱི་གཞུང་ལུགས་ཁག་ནས་རྟགས་གསལ་སྣ་ཚོགས་འཕྲོས་ཏེ་ཀུན་མཁྱེན་རྒྱལ་བ་གཉིས་པར་མཆོད་སྤྲིན་དུ་ཕུལ། དམ་བཅའ་ལའང་ཀིརྟི་དགོན་དང༌། ཅོག་ལོ་དགོན། བསེ་དགོན། རྟོགས་ལྡན་དགོན་སོགས་བན་བོན་གྱི་དགོན་སྡེའ་མང་པོའི་གྲྭ་བ་རྣམས་ཕེབས་པར་མ་ཟད་རྔ་ཁོག་བ་ཁྲ་བཅོ་བརྒྱད་གཙོས་པའི་དད་ལྡན་དམངས་ཚོགས་ཁྲི་ཕྲག་མང་པོ་ཡོང་ནས་རྗེ་སྨན་རི་བ་ཆེན་པོའི་དུས་མཆོད་ལ་མཇལ། དད་ལྡན་མང་ཚོགས་ཀྱི་རེ་བ་བསྐང་ཕྱིར་དུ་འདུ་ཁང་ཕྱི་ངོས་སོགས་སུ་བརྙན་རས་ལས་ཐད་གཏོང་བྱས་ཏེ་འདུ་ཁང་ནང་གི་རྩོད་གྲྭའི་རྣམ་དཔྱོད་ལ་མཇལ་དུ་བཅུག་སྟེ་རྒྱལ་བ་མཉམ་མེད་པ་ཆེན་པོའི་དུས་མཆོད་ཀྱི་བྱེད་སྒོ་རྒྱ་ཆེན་པོ་སྤེལ།

1 2 3 4 5 7 8 9 10 11 12 13

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།