བོན་བརྒྱ་དགོན་པའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན།

མདོ་སྨད་བྱང་རྒྱུད་ཀྱི་ཕྱོགས་སུ་བོན་བརྒྱ་དགོན་པ་ནི་བོན་གྱི་གདན་ས་ཅུང་ཆེ་ཤས་སུ་གནས་ཡོད་ལ། ཡི་དམ་དབལ་གསས་རྔམ་པའི་བསྙེན་སྒྲུབ་འདི་ཡང་དགོན་འདིའི་ཆོས་ཐོགས་ཆེན་མོ་ཞིག་ཡིན་པ་དང་། ལོ་རེ་རེའི་སྟོན་ཟླ་དགུ་བའི་ཚེས་བཅོ་ལྔ་ནས་ཉེར་གཉིས་བར་ཡིན། ད་ལོ་ཡང་དེ་ནང་བཞིན་ཚེས་བཅོ་ལྔ་ཉིན་ཀློང་རྒྱས་ཀྱི་ཆོ་ག་རྒྱས་པར་གསུངས་པ་དང་ཚེས་བཅུ་དྲུག་ཉིན་ཀུན་བཟང་ཞི་བའི་ཆོ་གའི་དབུ་བཟུང་སྟེ་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་འཚོགས་པ་ཡིན་ལ། བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་མཆོག་དང་སྤྲུལ་སྐུ་དཔལ་ཆེན་རྣམ་གཉིས་ཚོགས་དབུར་བཞུགས་པ་དང་། ཚེས་ཉི་ཤུ་ནས་ཉེར་གཉིས་བར་མདོ་སྨད་བྱང་གི་བསྟན་བདག་ཆེན་མོ་འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཡབ་རྗེ་བོན་བརྒྱ་རིན་པོ་ཆེ་ཚང་གི་གསང་གསུམ་ཡོན་ཏན་གྱི་སྟོབས་དང་གདུལ་བྱའི་མོས་གུས་དང་བསོད་ནམས་ཀྱི་རྐྱེན་ལ་བརྟེན་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་བསོད་ནམས་བསོག་པའི་རྟེན་དུ་བྱོན་ཞིང་སྲིད་ན་མངོན་པར་འཕགས་པའི་རིང་བསྲེལ་ཁྱད་པར་ཅན་དང་། ཡབ་རྗེ་བླ་མའི་ཚེམས་དང་དབུ་སྐྲ། ན་བཟའ་དང་ཞལ་འདོན། ཌར་སིལ་དང་རྟེན་གསུམ་མཐའ་དག བླ་རབས་གོང་མ་ནས་བརྒྱུད་ཅིང་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་རྟེན་སྣ་སྲིད་ན་དཀོན་པ་དག རང་བསྲེལ་གྱི་རིན་པོ་ཆེ་ཡི་ཁང་བཟང་དང་ཕོ་བྲང་སོགས་སུ་རྣམ་པར་བཀོད་ནས་བཞུགས་སུ་གསོལ་ཞིང་། བྱིན་དབབ་དང་རབ་གནས་ལེགས་པར་མཛད་དེ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། རྗེས་འཇུག་གདུལ་བྱ་ཀུན་ལ་སྐྱབས་མཆོད་ཚོགས་ཀྱི་རྟེན་སྐལ་དུ་གྲུབ་ཡོད་པ་ལ་ཉིན་གསུམ་གྱི་རིང་ལ་དད་ལྡན་བོན་འབངས་ཡོངས་ལ་མཇལ་ཁ་ཞུས་པ་དང་། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་བླ་མ་གྲྭ་ཚང་ཡོངས་ལ་འགྱེད་དང་མང་ཇ་སོགས་ཚོགས་བསགས་ཀྱི་རིམ་པ་གྱ་ནོམ་པ་ཕུལ་བ་དང་། ད་དུང་དགོན་པའི་སྤྱི་གཉེར་ཆེན་མོ་གཉིས་དང་རོང་ཕྱོགས་ཀྱི་ལྷ་སྡེ་འབྲོག་ཕྱོགས་ཀྱི་ལྷ་སྡེ་སོགས་དང་ལྷག་པར་དུ་གྲུབ་མཐའི་ཕྱོགས་ཞེན་རྩ་ནས་བོར་ཞིང་གྲུབ་མཐའ་ཀུན་ལ་དག་སྣང་འཇོག་མཁན་གྱི་རེབ་གོང་ཚོ་བཞིའི་སྦྱིན་བདག་བན་དེ་ཚེ་རིང་ལགས་ནས་དགེ་འདུན་པ་རེ་ལ་དམངས་སྒོར་ཉིས་བརྒྱ་རེ་དང་། ཕྱེ་དང་འབྲས་སོ་སོ་རྒྱ་མ་ཉི་ཤུ་རེ། ལྷ་རྫས་གོས་བཏགས་རེ་དང་བཅས་རྣམ་དཀར་དགེ་སྦྱོར་གྱི་ཚོགས་བསགས་རྒྱ་ཆེར་ མཛད་པ་དང་། ཚེས་ཉེར་གཉིས་ཉིན་ནི་སྒྲུབ་ཆེན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན་ལ་སྔ་དྲོའི་ཆུ་ཚོད་བརྒྱད་པའི་སྟེང་བླ་མ་རིན་པོའི་ཆེའི་རང་བསྲེལ་གྱི་ཁང་བཟང་ཚོགས་ཆེན་འདུ་ཁང་ནང་དུ་གདན་འདྲེན་ཞུས་ཏེ་གསེར་ཁྲི་ཆེན་མོའི་སྟེང་དུ་བཞུགས་པ་དང་། ཆུ་ཚོད་དགུ་བ་སྟེང་གདུང་མཆོད་འགན་འཛིན་པ་དག་གིས་དད་ལྡན་བོན་འབངས་ཡོངས་ལ་བླ་མ་རིན་པོ་ཆེའི་གདུང་བརྟེན་གནང་། ཆུ་ཚོད་བཅུ་བ་ནས་བླ་མ་གྲྭ་ཚང་གིས་སེར་ཕྲེང་གི་སྟ་གོན་ལ་ཞུགས་ནས་སེར་ཕྲེང་གི་མཆོད་པ་རྒྱ་ཆེན་པོ་ཕུལ་བ་དང་། དེ་ནས་བོན་བརྒྱ་དགོན་པའི་ཚོགས་གྲལ་དུ་ཞུགས་མྱོང་བའི་དགེ་སྤུན་རྣམས་ནས་ད་ལོར་སེར་ཕྲེང་གི་མཆོད་རྫས་ཆ་ཚང་བ་ཞིག་རང་དགོན་ལ་ཕུལ་བའི་འབྱོར་ལན་དུ་གདུང་རྟེན་གནང་བ་དང་ལྷན་གུང་ཚིགས་བཞེས་པའི་དུས་སུ་སླེབས་ཡོད།  ད་ཡང་རིམ་བཞིན་སྒྲུབ་ཆེན་གྱི་ཆོ་གའི་ཕྱག་ལེན་བཞིན་གཤེན་གྱི་གར་འཆམ་ཆེན་མོ་ལ་འཇུག་དགོས་པས་འདི་ནས་བོན་བརྒྱ་དགོན་པའི་གཤེན་གྱི་གར་འཆམ་ངོ་སྤྲོད་ཅུང་ཙམ་རེ་ཞུ་ན།    གཤེན་གྱི་གར་འཆམ་ནི་དམངས་ཁྲོད་ཀྱི་རྩེད་རིགས་དང་མི་འདྲ་བར་གསང་བ་སྔགས་ཀྱི་སྒྲུབ་གཞུང་དང་འབྲེལ་དགོས་ལ་འབྲེལ་བའི་བོན་ཉིད་ཀྱི་ཁྲོད་ནས་ཡི་དམ་དང་སྲུང་མ་སྤྱན་འདྲེན་པ་དང་མཆོད་པ་འབུལ་བ། འགུག་སྒྲོལ་གྱི་གནས་ལ་སྦྱོར་བ། སེམས་ཅན་ཐམས་ཅད་བདེ་ལྡན་དུ་སྨོན་པའི་བོན་ཉིད་མཆིས། ང་ཚོ་བོན་བརྒྱ་དགོན་པ་ལ་ཐུན་མིན་གྱི་ཁྱད་བོན་ཞིག་ཡོད་པ་ནི་བྱིན་བབ་པའི་གོ་རིམ་ཡིན། འདི་ནི་ད་སྐབས་བོད་གངས་རིའི་ཁྲོད་ན་ང་ཚོ་མ་གཏོགས་པའི་མཐོང་བ་དཀོན་པོ་རེད། བྱིན་བབ་པའི་གོ་རིམ་ནི་དད་པ་དང་དམ་ཚིག་གཙང་བའི་སྐྱ་སེར་སུ་ཡིན་ན་ཡི་དམ་དང་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས་པའི་རྟགས་སུ་རྒྱུགས་པ་དང་། འཁྲབ་པ། ངུ་བ། ལྡིང་བ། དགོད་པ་སོགས་ཀྱི་རྟགས་འོང་བ་རེད།  འདི་ནི། དམངས་ཁྲོད་ཀྱི་ལྷ་བབ་པའི་གོ་རིམ་དང་མི་འདྲ། ད་སྐབས་དགོན་པ་ཁག་དང་། ཡང་ན། ཟློས་གར་ཚོགས་པ་ཁ་ཤས་ཀྱིས་གར་འཆམ་འདིའི་ངོ་བོ་བོར་ནས་རྩེད་ཆས་དང་འདྲ་བར་མཁར་གྲོང་གི་གར་སྟེགས་སུ་འཁྲབ་སྟོན་མང་པོ་བྱེད་བཞིན་འདུག  དོན་ངོ་མ་གར་འཆམ་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཡིན་ལུགས་མངའ་བས་གར་འཆམ་ནི་རྩེད་ཆས་མ་རེད། དོན་ངོ་མ་གར་འཆམ་ནི་བོད་རང་ས་ནས་དར་བའི་བོན་པོའི་རིག་གནས་ཀྱི་ཁྱབ་ཁོངས་གསང་སྔགས་ཀྱི་ལས་མཐའ་ལས་མ་འདས་པ་ཞིག་རེད་དོ།།

ཕྱི་དྲོ་ཆུ་ཚོད་དྲུག་པའི་སྟེང་བོན་བརྒྱ་དགོན་པའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་གྱི་མཇུག་ཡོངས་སུ་རྫོགས།

 

༢༠༡༨ལོའི༩ཚེས༢༤ཉིན་རེབ་གོང་བོན་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།