བརྟན་བཞུགས་མཎྜལ་རྣམ་བཤད་དཔོན་གསས་བླ་མ་དགྱེས་པའི་མཆོད་སྤྲིན།

༄༅། །ཉག་གཅིག་གཞི་ཡི་དོན་ལས་མ་གཡོས་ངང་། །
བདེན་གཉིས་ལམ་གྱི་སྣང་བ་མ་འགག་ནས། །
སྐུ་གསུམ་འབྲས་བུ་རང་སར་གྲོལ་ཟིན་པའི། །
དབྲ་སྟོན་ཉེར་གཉིས་པ་ལ་ལན་བརྒྱར་བསྟོད། །

དེ་ཡང་ཇི་སྐད་དུ་ལུང་ལས།
བསྐལ་པའི་སེམས་ཅན་གྲངས་མེད་རྣམས། །
ཐུགས་རྗེས་ཐབས་ཀྱིས་དྲངས་པའི་ཕྱིར། །
བསྐལ་པའི་གཤེན་རབ་འབྱུང་བར་འགྱུར། །
ཞེས་གསུངས་པ་བཞིན་བླ་མ་དབྲ་ཁྱུང་དཀར་པོ་ནི་ལྷ་མཆོག་ཀུན་ཏུ་བཟང་པོས་འགྲོ་ལ་སྙིང་རྗེས་གཟིགས་ཏེ་རིག་སྣང་གི་རྩལ་ལས་འགྲོ་བའི་དོན་དུ་མངོན་པར་སྤྲུལ་ནས་བྱོན་པ་ལགས་ན།

ཇི་སྐད་དུ་ལུང་ལས།
ཁྱད་པར་དགོན་སྡེ་རྣམ་རྒྱལ་གླིང་། །
འདྲེན་པའི་ལྷ་སྐལ་དབྲ་ཁྱུང་གདུང་། །
འགྲོ་བའི་དོན་ལ་ཐུགས་དགོངས་ནས། །
སེམས་དཔའི་རྒྱུད་ལ་བྱིན་གྱིས་རློབས། །ཞེས་དང་།

ལྷག་པར་དབྲ་སྟོན་ཉེར་གཉིས་པ་འདི་དབྲ་བའི་བླ་རབས་བཅོ་བརྒྱད་པ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་གྱིས་ལུང་གིས་བསྔགས་པ་ཡིན་ཏེ། མ་འོངས་ལུང་བསྟན་དངུལ་དཀར་མེ་ལོང་ལས།
རང་ཡུལ་ཡུལ་གྱི་ས་མིག་མདོ་ཁ་ལ། །
སྐྱེས་བུ་གཞོགས་གཡོན་སྨེ་བའི་ཤ་མཚན་ཅན། །
ཤེས་ན་སེམས་ཅན་བདེ་བའི་གཞི་མ་འོང་། །
རང་ཕྱོགས་ཞི་དལ་ལྡན་པའི་སྐྱེས་བུ་བ། །
ངག་འཇམ་དགེ་བའི་ལས་ལ་ཐང་ལྷོད་མེད། །
འབྲེལ་བ་གང་འབྱོར་བར་དོའི་འཇིགས་སྐྲགས་སེལ། །

དཔལ་ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་མཆོག་གི་ཞལ་ནས། རྒྱལ་བའི་ཐུགས་སྤྲུལ་དྲན་པའི་རྣམ་འཕྲུལ་རྗེ། །མཁྱེན་བརྩེ་ནུས་པའི་རྩལ་ཆེན་ཡོངས་རྫོགས་ཤིང་། །སྐྱེས་སྟོབས་ཤེས་རབ་མེ་ལྟར་འབར་བ་ཡི། །མཆོག་སྤྲུལ་ཚུལ་ཁྲིམས་དྲི་མེད་ཞབས་བརྟན་གསོལ། །

ཞེས་གསུང་པ་བཞིན་ལུང་དུ་མའི་ཡང་ཡང་བསྔགས་པའི་འགྲོ་འདུལ་འཕྲིན་ལས་རྒྱ་མཚོའི་མངའ་བདག་དབྲ་སྟོན་ཉེར་གཉིས་པ་ཚུལ་ཁྲིམས་གཡུང་དྲུང་དྲི་མེད་རྣམ་རྒྱལ་ལམ། དྲང་སྲོང་ཚུལ་ཁྲིམས་བསྟན་འཛིན་རྒྱལ་མཚན། རྒྱལ་སྲས་གཞན་ཕན་སངས་རྒྱས་འབྱུང་གནས། མཚན་ཡོངས་སུ་གྲགས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་གསང་བ་གསུམ་གྱི་དཀྱིལ་འཁོར་བསྐལ་པ་བརྒྱ་ཡི་བར་དུ་གདུལ་བྱ་འགྲོ་བའི་མགོན་དུ་བརྟན་པར་བཞུགས་ཤིང་མཛད་པའི་འཕྲིན་ལས་རྣམ་བཞི་ཉི་མའི་ཟེར་བཞིན་ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་ཆེད་དུ་སྲིད་ཞུ་འབྱོར་བའི་མཚོན་པར་མི་ནུས་ནའང་རྟེན་འབྲེལ་གྱི་སྒོ་མོ་འབུམ་ཕྲག་ཡོངས་སུ་ཕྱེས་ཏེ།

མཆོད་པ་ཀུན་ཀྱི་ཐོག་མར་སྟོང་གསུམ་དགོས་རྒུ་ཡོད་ཚོད་དམིགས་པའི་རྟེན་དུ་མཎྜལ་སྤུས་ལྡན་དང་།
སྐུ་མི་འགྱུར་རི་རྒྱལ་བཞིན་སྲིད་གསུམ་འགྲོ་བའི་མགོན་དུ་བརྟན་པར་བཞུགས་པའི་ཆེད་དུ་སྐུ་ཡི་རྟེན་ལ་ད་ལྟའི་འགྲོ་འདྲེན་སྟོན་པའི་གཙོ་བོ་འཆི་མེད་གཙུག་ཕུད་ཀྱི་སྐུ།

གསུང་མི་འགག་འབྲུག་སྒྲ་བཞིན་ཕྱོགས་ཀུན་ཁྱབ་པའི་ཆེད་དུ་གསུང་གི་རྟེན་ལ་སྟོན་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་མདོ་སྔགས་སེམས་གསུམ་དང་བཅས་པ་ཆ་ཚང་།

ཐུགས་མི་གཡོ་སྤྲོས་བྲལ་ཆེན་པོའི་ངང་དུ་གནས་པའི་ཆེད་དུ་ཐུགས་ཀྱི་རྟེན་ལ་མཚན་མའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ནང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན།

ཡོན་ཏན་ཐོགས་ཆགས་མེད་འབྱུང་བའི་ཆེད་དུ་ཡོན་ཏན་གྱི་རྟེན་ལ་ན་བཟའ་གོས་དྲུག་གདིང་བ་དང་བདུན། རིན་ཆེན་རྫས་ལྔ་ཕྲེང་བ་དང་དྲུག་གིས་མཚོན་པའི་མཆོད་རྫས་ཅི་འབྱོར།

འཕྲིན་ལས་མ་རྩལ་ལྷུན་གྱི་གྲུབ་པའི་ཆེད་དུ་འཕྲིན་ལས་ཀྱི་རྟེན་ལ་བཀྲ་ཤིས་པའི་རྟགས་བརྒྱད་དང་། རིན་པོ་ཆེ་ནོར་བདུན། དར་ཚོན་སྣ་ལྔ། དམངས་སྒོར་༡༠༠༠༠ གྱིས་མཚོན་པའི་དངོས་འབྱོར་ཇི་སྙེད་དང་ཡིད་སྤྲུལ་བརྗོད་ཀྱི་མི་ལང་བ་བཅས་ཕུལ་བས་སྐྱབས་རྗེ་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་སྐུ་མི་གཡོ་ཞབས་ཟུང་གཡུང་དྲུང་གི་ཁྲིར་ཡུན་དུ་བཞུགས་ཤིང་གསུང་མི་འགག་མཛད་པའི་འཕྲིན་ལས་ཕྱོགས་བརྒྱར་ཁྱབ་སྟེ་ཐུགས་མི་འཁྲུལ་མཚན་མེད་བདེ་ཆེན་ངང་ལ་སྙོམ་པར་གནས་ནས་གསང་གསུམ་བསྟན་འགྲོའི་རྒྱན་དུ་གྱུར་བར་ཤོག་ཅིག་ཅེས་སྨོན་པ་དང་བཅས།
སྐྱབས་རྗེ་ཐམས་ཅད་མཁྱེན་པ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མའི་ཞལ་ནས། ཚུལ་ཁྲིམས་རྣམ་དག་བ་གམ་མངོན་མཐོའི་རྩེར། །
དྲི་མེད་ལུང་རྟོགས་བསྟན་པའི་རྒྱལ་མཚན་བསྒྲེང། །
བདུད་བཞི་གཡུ་ལས་རྣམ་པར་རྒྱལ་བ་ཡི། །
དབྲ་སྟོན་བླ་མའི་ཞབས་ལ་གསོལ་བ་འདེབས། །

གང་གི་ཞབས་ཟུང་འགྱུར་མེད་གཡུང་དྲུང་ཁྲིར། །
བསྐལ་པ་རྒྱ་མཚོའི་བར་དུ་རྟག་བརྟན་ནས། །
བཤད་དང་སྒྲུབ་པའི་སྣང་བ་དམ་པ་ཡིས། །
འཕྲིན་ལས་ས་སྟེང་འདི་རུ་ཁྱབ་གྱུར་ཅིག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།