རེབ་གོང་བོན་མང་གི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་མཆོད་ཆེན་མོ།

ད་ལོའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་མཆོད་ཆེན་མོ་ནི་རེབ་གོང་བོན་མང་གི་སྟོད་ཕྱོགས་གྱང་རི་ཐུགས་རྗེ་བྱང་ཆུབ་གླིང་དུ་འཚོགས་པ་ཡིན་ལ། གྱང་རི་ཐུགས་རྗེ་བྱང་ཆུབ་གླིང་ནི་གྱང་རི་སྡེ་བའི་སྤྱི་ལོ་༢༠༡༦ལོ་ནས་བསྐྱར་བཞེངས་བྱས་འགོ་བརྩམས་པ་དང་ད་ལོའི་ཟླ༩བའི་ནང་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་། དགུ་བའི་ཉེར་གཉིས་ཉིན་གསས་ཁང་གི་སྒོ་འབྱེད་བྱས། ཟླ་བཅུ་བའི་ཚེས་༨ཉིན་ནས་རེབ་གོང་བོན་མང་གི་བོན་གཤེན་རྣམས་ཕྱོགས་སོ་སོ་ནས་གྱང་རི་ཐུགས་རྗེ་བྱང་ཆུབ་གླིང་ལ་ཕེབས་པ་དང་། ལྷབ་ལྷུབ་གྱི་ཁ་བའི་མེད་ཏོག་གི་འདབ་མ་ས་ལ་འཐོར་ཏེ་ལམ་དཀར་གྱི་ཁ་བཏགས་འཐེན་པ་འདྲ་བའི་རྟེན་འབྲེལ་ཡག་པོ་བྱུང་བ་དང་། གྱང་རིའི་བོན་གཤེན་རྣམས་ནས་ལྷ་བསང་དཀར་པོ་བཏང་བ་དང་ཙི་དུང་ལ་སོགས་འབུད་དཀྲོལ་གྱིས་མདུན་བསུས་ནས་བསུ་མ་རྒྱ་ཆེན་བྱས།

ཚོགས་མང་ཡོངས་གསས་ཁང་གསར་བའི་ནང་དུ་བཞུགས་པ་དང་ཚོགས་ཆེན་དགེ་བསྐོས་ཆེན་མོ་ཚེ་དབང་རིག་འཛིན་ལགས་ནས་ཚོགས་མང་གི་སྒྲིག་ལམ་སྐོར་ནས་ཚོགས་གཏམ་བཏང་བ་དང་། དེ་ནས་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ཕེབས་བསུ་བྱས་ཏེ་ཚོགས་དབུར་བཞུགས། སྒྲུབ་མཆོད་འདིའི་ཉིན་དང་པོའི་ཁྲི་བ་ཆེན་མོ་རྟ་མགྲིན་ཚེ་རིང་དང་བོན་མང་དགེ་བསྐོས་ཆེན་མོ་བསོད་ནམས་གཡུང་དྲུང་རྣམ་གཉིས་ནས་ཚོགས་མང་བོན་གཤེན་ཡོངས་ལ་འགྱེད་དང་མང་ཇ་སོགས་སྡིག་སྤང་དགེ་སྒྲུབ་ཀྱི་ལས་རྒྱ་ཆེན་མཛད་པ་དང་། བླ་མ་རིན་པོ་ཆེ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་མཆོག་ནས་ཀྱང་བོན་གཤེན་རེ་རེའི་ཕྱག་ཏུ་དམངས་སྒོར་བརྒྱ་རེ་འགྱེད་ཏེ་བོན་གཤེན་རྣམས་ལ་བདག་ཅག་གི་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་སྐུ་དྲིན་འཇལ་ཕྱིར་རང་རང་གིས་ཁ་འདོན་སྒྲུབ་སྦྱོང་བྱེད་དགོས་ཚུལ་གྱི་ཕྱོགས་ནས་བཀའ་སློབ་གསབ་མོ་གནང་།ཉིན་འདིའི་ཁྲི་བ་དང་དགེ་བསྐོས་རྣམ་པ་གཉིས་ནས་བླ་མ་རིན་པོ་ཆེ་རང་ཁྱིམ་དུ་གདན་ཞུ་ཞུས་པ་དང་། དགོང་མོར་ཚོགས་མང་འདུས་པ་རྒྱ་མཚོ་རང་ཁྱིམ་དུ་བསུས་ནས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་གཡང་འབོད་བྱས་པ་དང་། དགེ་བསྐོས་ཆེན་མོས་སྦྱིན་བདག་རྣམ་པ་གཉིས་ལ་ཁ་གཡང་དང་བཀའ་དྲིན་ཞུས་རྗེས་ཚོགས་མང་གྲོལ་བ་དང་གདུང་རྒྱའི་ཀ་རིང་ཡན་ཆད་ཀྱི་བོན་གཤེན་རྒན་པ་རྣམས་དགེ་བསྐོས་ཆེན་མོ་བསོད་ནམས་གཡུང་དྲུང་ཚང་ནས་རྒན་གྲོས་ཀྱི་ཚོགས་འདུ་འཚོགས་ཏེ་མ་འོངས་བོན་མང་གི་བྱ་བཞག་ལ་གླེང་མོལ་བྱས་ཏེ་ཉིན་དང་པོའི་རིམ་པ་རྫོགས།།

ཡི་དམ་དབལ་གསས་རྔམ་པའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་བྱང་འདྲེན་ཆེན་མོ་མཁར་བྱམས་རྒྱལ་ནས་སྐད་ངག་སྣེ་དྲངས་ཏེ་གཞུང་ཆེན་འདིའི་འགོ་བཟུང་། དེ་ནས་བོན་མང་དགེ་བསྐོས་ཆེན་མོ་ཀུན་བཟང་བཀྲ་ཤིས་མཆོག་ནས་བོན་མང་གི་བཅའ་ཡིག་ཆེན་མོ་གསུང་བ་དང་ཚོགས་གཏམ་བཏང་། ཉིན་གཉིས་པའི་ཁྲི་བ་ཆེན་མོ་ཤ་བོ་བཀྲ་ཤིས་དང་དགེ་བསྐོས་ཆེན་མོ་ཀུན་བཟང་བཀྲ་ཤིས་གཉིས་ནས་ཀྱང་བླ་མ་རིན་པོ་ཆེ་རྣམ་གཉིས་ལ་སྐུ་གསུང་ཐུགས་རྟེན་འབུལ་བ་དང་ཚོགས་མང་བོན་གཤེན་ཡོངས་ལ་འགྱེད་དང་མང་ཇ་སོགས་སྡིག་སྤང་དགེ་སྒྲུབ་ཀྱི་ལས་རྒྱ་ཆེན་མཛད་པ་དང་། གུས་པ་དང་བཅས་མནྜལ་འབུལ་བཤད་བྱས།  ཉིན་གུང་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བོན་མང་གི་སེར་སྐྱ་ཕོ་མོ་དད་ལྡན་ཡོངས་ལ་སྔོན་འགྲོའི་ལུང་ཁྲིད་གནང་བ་དང་། ཕྱི་དྲོ་གཤེན་གྱི་གར་འཆམ་ལས་རེབ་གོང་བོན་མང་ལ་གྱ་འཆམ་ཞེས་པའི་གར་འཆམ་གྱི་ལས་སྒྲུབ་དེ་དེ་རིང་གི་སྦྱིན་བདག་རྣམ་གཉིས་ནས་བླ་མ་རིན་པོ་ཆེ་རང་ཁྱིམ་དུ་གདན་ཞུ་བྱས་པ་དང་བོན་མང་གིས་དགོང་ཇ་བཞེས་རྗེས་སྦྱིན་བདག་རྣམ་གཉིས་ཀྱི་ཁྱིམ་ལ་ཕེབས་ཏེ་བཀྲ་ཤིས་གཡང་འབོད་དང་དགེ་བསྐོས་ཆེན་མོ་ནས་བཀའ་དྲིན་དང་ལེགས་སོ་ཞུས་ཏེ་ཉིན་གཉིས་པའི་རིམ་པ་རྫོགས།།སྔ་དྲོའི་ཆུ་ཚོད་དྲུག་པའི་སྟེང་ཡར་ཚོགས་བྱས་པ་དང་ཚོགས་འཁོར་སོགས་རྒྱ་ཆེན་བསྐོར་ཏེ་ཉིན་གུང་ལ་སླེབས། གུང་ཚིགས་བཞེས་རྗེས་ཚོགས་མང་སེར་ཕྲེང་ལ་ཕེབས་པ་དང་དེ་རྗེས་རིམ་བཞིན་གཤེན་གྱི་གར་འཆམ་ཆེན་མོ་དངོས་སུ་འཆམ་པ་དང་། བོན་མང་འདུས་པ་རྒྱ་མཚོ་གཏོར་རྒྱག་ལ་བུད་ཏེ་གཡུང་དྲུང་བོན་གྱི་བསྟན་ལ་སྡང་བའི་གནོད་བྱེད་དགྲ་གདོན་བགེགས་གསུམ་ལ་སོགས་སྟེང་ལ་དམིགས་པ་རྩེ་གཅིག་ཏུ་བཏབ་སྟེ་གཏོར་ཟློག་འཕངས། བོན་གཤེན་རིག་འཛིན་རྣམས་ཕྱིར་འདུ་ཁང་གི་ཆོས་རར་ཕེབས་ཏེ་ཟློག་གཞུང་ཁ་སྦུབ་པའི་སྟེང་དུ་བྲོ་རྡུང་དང་བཀྲ་ཤིས་ལྷ་རྒྱལ་བྱས་པ་ཏེ་ཉིན་གསུམ་པའི་གནས་ཚུལ་ཙམ་མོ།། ཉིན་བཞི་བ་ཚེས་༡༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༧པའི་སྟེང་ཡར་ཚོགས་བྱས་ཏེ་བཀྲ་ཤིས་གཡང་ཇ་བཞེས་པ་དང་།  གྱང་རི་སྡེ་བའི་གསས་ཁང་ཁ་འགོ་བ་རྣམས་ཀྱིས་བོན་མང་ལ་གོས་ཆེན་དྲི་མ་མེད་པའི་ཐོགས་དྲངས་ཏེ་གསས་ཁང་བསྐྱར་བཞེངས་ཀྱི་ཐད་ལ་རོགས་རམ་གནང་བའི་མི་སྣ་རླབས་ཆེན་དང་། ལག་དང་ལས་ཀའི་ཧུར་བརྩོན་བྱེད་མཁན་ཐབས་དང་བཀོད་པའི་རྒྱབ་སྐྱོར་བྱེད་མཁན་སོགས་སྡེ་འདི་གཙོ་བྱས་མ་གྱུར་སེམས་ཅན་ཐམས་ཅད་ཁྱེད་རེབ་གོང་བོན་མང་གི་བོན་གཤེན་རྣམས་ཀྱིས་ཐུགས་ལ་འཛིན་དགོས་པའི་སྐྱབས་འཇུག་ཞུས་པ་དང་། བོན་མང་དགེ་བསྐོས་ཆེན་མོ་ཀུན་ཏེ་ལགས་ནས་ཇ་ཆང་གོས་གསུམ་ཕྱག་ཏུ་བཟུང་ནས་འགྱིང་རི་སྡེ་བའི་ཕོ་མོ་རྒན་གཞོན་ཡོངས་ལ་ཁ་གཡང་དྲོན་མོ་བོས་པ་དང་། ཚོགས་མང་ནས་བསྐང་བ་བསྐང་གསོལ་དང་བསྔོ་བ་སྨོན་ལམ་གསུངས།  དེ་ནས་ཐེངས་རྗེས་མའི་སྒྲུབ་མཆོད་ཆེན་མོའི་ཁྲི་བ་སྤྱི་ཨརྒ་སྟེང་གི་དོན་འགྲུབ་ཚེ་རིང་དང་སྐལ་བཟང་ཚེ་རིང་གཉིས་ལ་ཁ་བཏགས་བཏང་བ་དང་། བོན་མང་རིག་འཛིན་འདུས་པ་རྒྱ་མཚོ་ཡོངས་ནས་འགྱིང་རིའི་གསས་ཁང་གསར་བར་བཀྲ་ཤིས་རབ་གནས་མཛད་པ་དང་ལྷན་ཐེངས་འདིའི་སྒྲུབ་མཆོད་ཆེན་མོ་ཡོངས་སུ་མཇུག་གྲུབ་བོ།།

ཞེས་སྤྱི་ལོ༢༠༡༨ལོའི་ཟླ༡༠ཚེས༡༢ལ་དྲ་ཚིགས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།