སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་གདན་ས་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་སྤེལ་བའི་ཡི་གེ

རྩོམ་ཁུངས།  རེབ་གོང་བོན་མང་དྲ་བ།

ད་ལོ་གདུལ་བྱའི་བསོད་ནམས་ཀྱི་སྐལ་པས་མ་ཐེག་པར་སྐྱབས་མཆོག་ཡིད་བཞིན་ནོར་བུའི་དགོངས་པ་རེ་ཞིག་བོན་དབྱིངས་སུ་བསྡུས་པ་ཀུན་གྱིས་ཤེས་གསལ་ལྟར་ལ། རིན་པོ་ཆེ་མཆོག་གི་གདུལ་བྱར་གྱུར་བའི་དད་ལྡན་སློབ་འབངས་ཡོངས་དང་། སྒོས་སུ་རང་ཅག་སྒར་གྲོང་བོན་རྩ་སོ་སོས་གདུང་སེམས་མཉམ་སྐྱེད་གྱི་རྒྱུན་བསྐྱངས་ཏེ། ལོ་སར་ལ་དགའ་སྟོན་ཡོ་ལང་གི་མཛད་སྒོ་སོགས་གང་ཡང་མི་བྱེད་ལ་སྤེལ་ཀྱང་མི་རུང་བར་མ་ཟད། ད་ལོ་དགོན་པར་ལོ་གསར་ལ་ཡོང་མཁན་མཆིས་ཚེ། སྒེར་གཞུང་གང་ནས་སྣེ་ལེན་བྱེད་རྒྱུ་ཡང་མིན་པས་ཀུན་གྱི་ཐུགས་ལ་མངའ་བར་གྱིས། མཉམ་མེད་དུས་ཆེན་རྒྱ་ལོའི་ཚེས་གསུམ་ནས་དབུ་བཟུང་སྟེ་ཡར་འཚོགས་གནང་རྒྱུ་ཡིན་ལ། ཚེས་ལྔའི་ཉིན་ནས་བཟུང་གོས་སྐུ་ཞལ་འབྱེད་དང་གཟིམ་ཁང་རྟེན་མཇལ་གྱི་ཉིན་མོ་ཡིན་པས། ཐག་ཉེ་རིང་གི་དད་ལྡན་མང་ཚོགས་རྣམས་དུས་ལྟར་ཕེབས་ནས། སྡིག་སྤང་དགེ་སྒྲུབ་ཀྱི་བགྱི་བ་དང་དུ་བླངས་ཏེ། བྱིན་རླབས་མྱུར་འཇུག་གི་ཐབས་མཆོག་ལ་འབད་པར་བྱེད་རྒྱུ་ཐུགས་ལ་འཛིན་རྒྱུ་མཁྱེན་ཞེས།

 

བོན་བརྒྱ་དགོན་གཞུང་ནས་ས་ཁྱི་ལོའི་ཟླ༡༢པའི་ཚེས༡༥ཉིན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།