ཁྱུང་མོང་དགོན་ནས་བོན་བརྒྱ་རིན་པོ་ཆེའི་སྐུ་གདུང་རབ་གནས་ཀྱི་མཛད་སྒོ་སྤེལ་བ།

བོན་བརྒྱ་རིན་པོ་ཆེའི་སྐུ་གདུང་སྲིད་གསུམ་འོད་འབར་རབ་གནས་ཀྱི་མཛད་སྒོ།

དེ་རིང་ནི་རྒྱལ་ཕུར་སྟོབས་གསུམ་འཛོམས་པའི་ཉིན་མོ་སྟེ། མི་བརྗེད་ཞིང་གི་སྟོན་མཆོག་ཚད་མའི་མགོན་པོ་གཤེན་རབ་མི་བོ་སྐུ་འཁྲུངས་པའི་དུས་གཉན་ཁྱད་པར་ཅན་ཏེ། བོད་ས་ཁྱི་ལོའི་ལུགས་རྙིང་བོད་ལོའི་ཚེས་བཅོ་ལྔ་ལ་འཁེལ་ཡོད། ད་ལོའི་སྟོན་ཟླ་ར་བའི་ཚེས་དྲུག་ཉིན་འགྲོ་བའི་འདྲེན་སྟོན་ཆེན་པོ་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་པ་ཞིང་ཁམས་གཞན་དུ་གཏད་དེ། མཁའ་ཁྱབ་འགྲོ་བ་སེམས་ཅན་ཐམས་ཅད་བྱང་འབྲོག་གི་གནས་སུ་འཁྱམས་ཏེ་དྭ་བུར་ལུས་པའི་སྐྱོ་གདུང་ཚད་མེད་མྱོང་ན་ཡང་། རྒྱ་ནག་འཕོ་བ་གྲོང་འཇུག་གི་གདམས་པར་མངའ་བརྙེས་པའི་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པའི་གོ་ཆ་བརྟན་པོའི་ངང་ནས། སྐྱབས་རྗེ་བོན་བརྒྱ་བླ་མའི་དངུལ་གདུང་སྲིད་གསུམ་འོད་འབར་ཞེས་པ་བཞེངས་བསྐྲུན་མཛད་པ་རེད།

ས་ཁྱི་ལོའི་དགུན་ཟླ་ཐ་མའི་ཚེས་བཅོ་ལྔ་ཉིན། བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་ལ། ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་གི་སྣེ་ཁྲིད་འོག  མཚོ་སྔོན་དུང་དཀར་དགོན་པའི་བླ་མ་ཚུལ་ཁྲིམས་ཉི་མ་རབ་གསལ་དང་།   རྩེ་ཞིག་དགོན་པའི་དབུ་བླ་ཤེས་རབ་རྣམ་རྒྱལ། བོན་བརྒྱའི་སྐུ་སྐྱེས་དྲི་མེད་ཉི་མ། གསེར་ཁ་སྤྲུལ་སྐུ་བསྟན་པའི་ཉི་མ། བྱ་འཕུར་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ  སྨན་རིའི་དགེ་བཤེས་ཁྱུང་མོ་དགོན་པའི་མཁན་པོ་བཟོད་པ་འགྱུར་མེད  བོན་བརྒྱ་དགོན་པའི་མཁན་པོ་གཡུང་དྲུང་བསྟན་པ་སོགས་ཀྱིས་གཙོས། ཁྱུང་མོ་དགོན་པའི་འདུས་པ་སྤྱི་དང་། རེབ་གོང་བོན་བརྒྱ་དགོན།  ཀན་ལྷོའི་རྩེ་ཞིག་དགོན་པ་སོགས་ཀྱིས། མདོ་ལུགས་ལྟར་དུ་དཔལ་ལྡན་དུས་འཁོར་གྱི་ཆོ་གའི་ཞལ་ཕྱེས་ཤིང་།  སེར་བརྒྱའི་བོན་མང་གིས་བླ་མ་མཆོད་པའི་ཆོ་ག་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱས་འབུལ་བྱས་ཤིང་།སྟོང་ཆེ་བོན་མང་གིས་ཀུན་བཟང་ཞི་བའི་ཚོགས་འཁོར་རྒྱས་འབུལ་གནང་། མངའ་དབུལ་བཀྲ་ཤིས་རབ་གནས་ཀྱིས་མཐར་རྒྱན་ནས། ཞིང་གཤེགས་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར། བཀྲ་ཤིས་དང་རྟེན་འབྲེལ་གྱི་སྒོ་འཕར་ཆེས་ཆེར་རྣམ་པར་འཕེལ་བ་ལགས་སོ། །

སྲིད་ཞིའི་སྐྱབས་གཅིག་གཤེན་རབ་མི་བོ་ཆེ།། སྐྱོབ་བྱེད་ཉག་ཅིག་བོན་བསྟན་ཡིད་བཞིན་ནོར།། འཆོས་སྐྱོབ་རྒྱུན་བཟང་འདྲེན་པའི་བསྟན་འཛིན་བཅས།། མཆོག་གསུམ་བྱིན་གྱིས་ཡོངས་སུ་བརླབས་ནས་སུ།། ཁྱུང་གིས་མཚན་པའི་འདུས་སྡེ་རྒྱས་གྱུར་ཅིག །   ས་གསུམ་འགྲོ་བའི་གཉེན་གཅིག་བླ་མའི་གཙོ།། བསྟན་པའི་མངའ་བདག་ཤེས་རབ་རྒྱལ་བའི་མཚན།། སྙིགས་མའི་འགྲོ་ལ་ཐུགས་རྗེས་དགོངས་མཛོད་ལ།། བཤད་སྒྲུབ་འཁྱོངས་པའི་དགེ་ལེགས་བསྩལ་ནས་སུ།། གཡུང་དྲུང་བོན་གྱི་བསྟན་པ་རྒྱས་གྱུར་ཅིག།  བསྐལ་པ་གྲངས་མེད་རྣམས་ཀྱི་སྔ་རོལ་ཏུ།། རྣམ་འདྲེན་སངས་རྒྱས་སྟོང་གི་གཙོ་བོ་རུ།། སྟོབས་བཅུ་རྫོགས་པའི་སྐུ་རུ་བཞེངས་པའི་མགོན།། ཡེ་ཤེས་རྒྱལ་མཚན་མཆོག་གི་གཟི་བྱིན་གྱིས།། ཁྱུང་མོང་འདུས་སྡེའི་བསྟན་པ་རྒྱས་གྱུར་ཅིག།  བོན་བསྟན་ཉི་མས་ས་གསུམ་གསལ་བ་དང་།། བསྟན་འཛིན་ཐུགས་ནང་འོ་མའི་ཀློང་བརྡོལ་ནས།། བཤད་སྒྲུབ་རླབས་ཀྱི་རྩེ་མོ་འཕྱོ་བ་ཡིས།། འགྲོ་དོན་རྒྱ་མཚོ་ཕྱོགས་བཅུར་རྒྱས་ནས་སུ།། རིགས་དྲུག་ཁམས་གསུམ་གྲུ་ཆར་འཇོ་བར་ཤོག།  རྒྱལ་བའི་བསྟན་པ་གཡུང་དྲུང་བོན།། མཐར་ཐུག་འཁོར་བ་མ་སྟོང་བར།། གདུལ་བྱ་ནམ་མཁའི་མཐའ་མཉམ་ཞིང་།། བསྟན་པ་ཡུན་རིང་འབར་གྱུར་ཅིག། རྒྱལ་བ་མཉམ་མེད་ཆེན་པོ་ཡི།།བསྟན་པ་ཡུན་རིང་འབར་གྱུར་ཅིག།  བསྟན་པ་འཛིན་པའི་སྐྱེས་བུ་རྣམས།། སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།