བོན་བརྒྱ་དགོན་ནས་ལོ་སར་ནང་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་གདུང་མཆོད་འབུལ་བ་དང་ངོ་མཚར་བའི་བཀྲ་ཤིས་མེ་ཏོག་བཞད་པའི་གནས་ཚུལ་རགས་བསྡུས།

རྩོམ་པ་པོ། ཁྱུང་བཟང་།  རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

ད་ལོར་མཚོན་ན་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་བདག་ཅག་གི་མེ་ཏོག་ཕོག་པའི་ལྷ་སྐལ་བཀའ་དྲིན་བཞི་རྫོགས་ཀྱི་རྩ་བའི་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་གང་ཉིད་རེ་ཞིག་དགོངས་པ་བོན་དབྱིངས་སུ་ཐིམ་པས། རེབ་གོང་སྟོད་སྨད་བར་གསུམ་གྱིས་གཙོས་པའི་མདོ་སྨད་བྱང་རྒྱུད་ཀྱི་ཞྭ་དཀར་རང་ལུགས་འཛིན་པ་ཡོངས་ནས་ལོ་གསར་དགའ་སྟོན་གྱི་བགྱི་བ་མཐའ་དག་རྣམ་པར་སྤངས་ཏེ། སོ་སོས་ཅི་འཇོན་གང་ནུས་ཀྱིས་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་གཅིག་ཏུ་འབུངས་ཤིང་། ཁྱད་པར་དུ་མགོན་པོ་གང་གི་གདན་ས་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོས། ཚོགས་ཆེན་འདུ་ཁང་གི་ཁྱམས་ར་ནས་རིན་པོ་ཆེའི་སྐུ་འདྲ་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཆེ་ལེགས་སུ་བཤམས་པ་དང་། གདུགས་དང་རྒྱལ་མཚན་མཎྜལ་ལ་སོགས་མཆོད་པའི་ཡོ་བྱད་ཀྱི་ཚོགས་དུ་མས་མཛེས་པར་བརྒྱན། དེའི་མདུན་དུ་ཨ་ཡིག་དང་གཡུང་དྲུང་དང་འཁོར་ལོ་ལ་སོགས་པའི་དབྱིབས་སྣ་ཚོགས་སུ་བཞད་པའི་མར་མེ་སྟོང་ཕྲག་མང་བོ་བང་རིམ་དང་ལྡན་པར་བསྒྲོན་ཏེ། ཟབ་མོ་བོན་གྱི་སྒྲ་དབྱངས་འགག་མེད་དུ་བསྒྲགས་ཤིང་། དད་གུས་མི་གཡོ་བའི་ངང་ལ་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་བ་རྩེ་གཅིག་ཏུ་བཏབ།

ད་ནངས་ལོ་གསུམ་སྒྲུབ་གྲྭ་བ་རྣམས་ཀྱིས་རིན་པོ་ཆེ་ཁོང་གི་གཟིམས་ཁང་ཤར་བླ་བྲང་ནས་བླ་མ་ཚེ་དབང་རིག་འཛིན་གྱི་ཚོགས་འཁོར་རྒྱ་ཆེར་བསྐོར་ཏེ། བླ་མའི་བཀའ་དྲིན་དྲན་ཞིང་ཚེ་རབས་ཀུན་ཏུ་བླ་མའི་ཐུགས་རྗེ་དང་མི་འབྲལ་བའི་སྨོན་ལམ་མཛད།

དེ་མིན་དད་ལྡན་མང་ཚོགས་རྣམས་དགོན་པའི་ཕྱི་ནང་ལ་ཕྱག་སྐོར་གྱིས་བླ་མའི་སྐུ་གདུང་ཞུགས་འབུལ་གྱི་གནས་རྣམས་སུ་ཁ་དོག་སྔོ་ལ་དྭངས་པའི་མེ་ཏོག་ཆུང་ཆུང་མང་དུ་བཞད་པ་མཐོང་བས་ཡིད་མྱོས་ཏེ། སྔར་ལས་ལྷག་པའི་དད་དམ་གཙང་མའི་ས་བོན་རྒྱུད་ལ་ཐེབས་པ་སོགས་བཀྲ་ཤིས་པའི་ལྟས་བཟང་ཡང་མང་དུ་བྱུང་།

དེ་རིང་ནས་ཚེས་ལྔ་ཡི་སྨོན་ལམ་མ་གྲོལ་བར་དུ་ཁྲི་མཆོད་དང་མཚན་སྐོར་ལ་སོགས་པའི་ཚོགས་བསག་དགེ་སྒྲུབ་ཀྱི་རྣམ་གྲངས་ཅི་རྒྱས་གང་ལེགས་ཆག་མེད་དུ་བསྒྲུབ་རྒྱུ་གང་ཞིག་ལ། ཚེས་གསུམ་ཉིན་གྲྭ་ཚང་གི་སྨོན་ལམ་མགོ་འཛུགས་པ་དང་དད་ལྡན་ཡོངས་ལ་རྟེན་མཇལ་གྱི་སྐལ་བཟང་སྩོལ་བ། ཚེས་ལྔ་ཉིན་རྗེ་མཉམ་མེད་ཆེན་པོའི་གོས་སྐུ་ཞལ་འབྱེད་གནང་རྒྱུ་ཡིན་པ་བཅས་གནས་ཚུལ་རགས་བསྡུས་སུ་བཀོད་པ་ཙམ་མོ།།

ཞེས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།