དྲིས་ལན་འབེལ་གཏམ་སྐབས་ལྔ་བ་པུཎྜ་རཱི་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

དྲིས་ལན་འབེལ་གཏམ་སྐབས་ལྔ་བ་པུཎྜ་རཱི་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
དཔྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན།

    ༄༅། ། ན་མོ་དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། གང་གི་མཚན་སྙན་འོད་སྣང་ཆ་ཤས་རེས། ། མི་ཤེས་བློ་ཡི་མུན་པ་སེལ་བའི་གཉེན། ། རྒྱལ་ཀུན་མཁྱེན་རབ་གཟུགས་ཀྱི་སྐུར་ཤར་བ། ། ངག་གི་དབང་ཕྱུག་སྨྲ་བའི་སེང་གེ་རྒྱལ། ། གང་ཞིག་མཁས་མང་འདུས་པའི་ཚོགས་ནང་དུ། ། སྙིང་ལ་རབ་དགའ་བསྐྱེད་པའི་སྐྱེས་ཀྱི་ཕུལ། ། འབེལ་གཏམ་བཀའ་མཆིད་ལས་གཞན་ཡོད་མིན་པས། ། དྲི་ལན་སྐབས་ལྔས་མཚོན་ཏེ་ཅུང་ཟད་གླེང་། ། ཞེས་བརྗོད་ནས་འདིར་བཀའ་གཞུང་ཉན་བཤད་ཀྱི་སྡེ་འཛིན་པའི་ཀློག་པ་བ་རྣམས་ཀྱིས་མཁས་མང་འདུས་པའི་ཚོགས་སུ་བོན་གྱི་འབེལ་གཏམ་བགྱིད་པ་དགའ་སྟོན་གྱི་མཆོག་ཏུ་བསྔགས་པས་ན། བསྟན་པའི་ཁུངས་དང་འཇུག་བྱའི་གནས་ལས་བརྩམ་པའི་དྲིས་ལན་གྱི་རིམ་པ་འགའ་ཞིག་འཕྲལ་དུ་ཉེ་བར་མཁོ་བས་མཚམས་སྦྱར་ནས་མཚོན་བྱེད་ཀྱི་འཇུག་སྒོ་ཙམ་ཞིག་འགོད་པ་ལ། སྡོམ་ནི། གང་ཞིག་རྒྱལ་བའི་བསྟན་པ་དང་། ། སྡོམ་པའི་ཚུལ་ཁྲིམས་ཐོས་པའི་ཡུལ། ། བསམ་པ་དང་ནི་བསྒོམ་པའི་གནས། ། དེ་རྣམས་འདིར་ནི་ཆེ་ལོང་སྟོན། ། ཞེས་སོ། །
བསྟན་པ་དྲི་བ། ན་མོ་ཅི་པར་རཏྣ་ཡེ། ། དེ་ལ་འདིར་ཐོག་མར་གང་ལ་འཇུག་པའི་ཡུལ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་འབྱུང་ཁུངས་ངེས་པར་བྱ་བའི་ཕྱིར་བསྟན་པའི་གནས་དྲི་བ་ནི། ཡུལ་དུ་འོས་པ་དག་ཞལ་མངོན་དུ་གྱུར་པ་ན་འདི་སྐད་ཅེས་གླེང་བར་བྱ་སྟེ། ཀྱེ་བཙུན་པ་བྱོན་པ་ལེགས་སམ། འོང་བ་ལེགས་སོ། འོ་ན་བཞིན་བཟང་ཁྱོད་ཡུལ་ནི་གང་ནས་མཆིས། བདག་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་སྨད་སའི་ལྟེ་བ་ཉག་སྨད་ལྕགས་མདུད་སྲིབ་ནགས་ཞེས་ཡོངས་སུ་གྲགས་པའི་གནས་ཆེན། ཉག་ཤོད་ཀྱི་རི་ནག་འཇོམས་པ་གཡུང་དྲུང་གསང་བ་དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་གི་གནས་གཞི་ཞྭ་དཀར་བོན་གྱི་འདུ་གནས་ཆེན་པོ་སྒྲུབ་སྡེ་བྱང་ཆུབ་གླིང་གི་རུ་ལག་བཀྲ་ཤིས་པའི་གཙུག་ལག་ཁང་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་ནས་སོ། ཁྱེད་ཀྱི་འཇུག་བྱའི་ཆོས་ལུགས་ནི་གང་ཞིག་ཡིན། གངས་ཅན་གྱི་བསྟན་པའི་གཞི་མ་སྔ་དར་གཡུང་དྲུང་བོན་གྱི་རིང་ལུགས་སོ། འོ་ན་བསྟན་པའི་བྱུང་ཁུངས་ཀྱི་གནས་ལས་བརྩམས་ཏེ་ལོ་རྒྱུས་ཀྱི་འབེལ་མཆིད་ཅུང་ཟད་ཅིག་བྱ་བར་སྤྲོའམ། བདག་ལྟ་བུ་རང་བཞིན་གྱིས་བློ་མིག་ཞན་ཅིང་མཐོང་རྒྱ་ཆུང་བས་བསྟན་པའི་བྱུང་ཁུངས་ཀྱི་ཚུལ་རྣམས་ཇི་བཞིན་སྨྲ་བའི་རྔོ་མི་ཐོགས་ཀྱང་དེ་ལ་གཏན་ནས་མི་སྤྲོ་བའང་མེད་དོ། འོ་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་བྱུང་ཚུལ་གྱི་རྣམ་བཞག་ཇི་ལྟར་ཡིན། ། དེ་ལ་གསུམ་དུ་མཆིས་ཏེ། རྒྱལ་བ་སྐུ་གསུམ་གྱི་བསྟན་པ་སྤྱིའི་བྱུང་ཚུལ། དེ་དག་འཛམ་བུའི་གླིང་དུ་ཇི་ལྟར་བྱུང་ཚུལ། ཁྱད་པར་ཞང་བོད་གཉིས་སུ་ཇི་ལྟར་བྱུང་བའི་ཚུལ་རྣམས་སོ། འོ་ན་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ནི་སུ་དང་གང་ཞིག་ཡིན། གསང་རྒྱུད་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་བོ། ནང་རྒྱུད་ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར། ཕྱི་རྒྱུད་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོའོ། ། འོ་ན་དང་པོ་གསང་རྒྱུད་བོན་སྐུའི་བསྟན་པ་ཇི་ལྟར་བྱུང་བ་ཡིན། བོན་སྐུའི་བསྟན་པ་ནི་བསྟན་པ་ཐམས་ཅད་ཀྱི་གཞི་མ་གྲོལ་ལམ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པ་སྟེ། དེ་ཡང་བདག་ཅག་གི་སྟོན་པ་འདི་ཉིད་བསྐལ་བ་ཐོག་མེད་ནས་སྤངས་རྟོགས་མཐར་ཕྱིན་ནས་བོན་གྱི་སྐུར་མངོན་པར་བྱང་ཆུབ་སྟེ། གནས་བོན་ཉིད་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར། སྟོན་པ་གང་དུ་ཡང་མི་གནས་པའི་ཡེ་ཉིད་ཀྱི་སྟོན་པ་བོན་སྐུ་ཀུན་ཏུ་བཟང་པོས། འཁོར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་ཚོགས་ལ། བོན་ལྷུན་གྲུབ་འོད་གསལ་གྱི་དགོངས་པ་ཟབ་མོ། དུས་བོན་ཉིད་བརྗོད་ལས་འདས་པའི་སྐབས་སུ་བརྗོད་མེད་རང་གསལ་དུ་གསུངས་པ་རྣམས། ཉིད་ལས་མི་གཞན་པའི་ཐུགས་རྗེའི་སྟོན་པ་ཀུན་བཟང་གཤེན་ལྷ་འོད་དཀར་ལ་དགོངས་པའི་ངང་གིས་བརྒྱུད། དེ་ནས་ཐུགས་རྗེ་ཡེ་ཤེས་ཀྱི་རང་རྩལ་གཤེན་ཚད་མེད་འོད་ལྡན་དང་ཐུགས་སྤྲུལ་འཕྲུལ་གཤེན་སྣང་ལྡན་གཉིས་ལ་རིམ་གྱིས་བརྒྱུད་ནས་ངེས་གསང་བླ་མེད་ཀྱི་ཐེག་པ་རྫོགས་པ་ཆེན་པོའི་བོན་སྡེ་སེམས་ཀློང་མན་ངག་གིས་བསྡུས་པའི་སྐོར་རྣམས་སར་གནས་ཀྱི་རིག་འཛིན་སེམས་དཔའི་ཚོགས་ལ་བསྟན། དེ་ནས་བསྐལ་བ་ཡ་ཐོག་གི་དུས་ནས་སྟོན་པ་ཡེ་གཤེན་གཙུག་ཕུད་དང་འཆི་མེད་ཡུམ་སྲས་གཤེན་གསུམ་སོགས་ལ་བསྟན་ནས་རིམ་གྱིས་ལྷ་གནས་གསུམ་དུ་དར་བའོ། ། དེའི་བཀའ་བསྡུ་དང་བསྟན་པ་སྤེལ་བ་པོ་ཇི་ལྟར་བྱོན། གཞན་སྣང་དུ་སྣང་བའི་བོན་སྡེ་རྣམས་གཙོ་ཆེར་ཞུ་བ་པོ་རྣམས་ཀྱིས་བསྡུས་ཤིང་ཁྱད་པར་ཡུམ་སྲས་གཤེན་གསུམ་དང་གསང་འདུས་སོགས་ཀྱིས་བཀའ་བསྡུ་མཛད། རིམ་གྱིས་ལྷ་ཀླུ་མིའི་གཤེན་གསུམ་སོགས་ལ་བརྒྱུད་ནས་ལྷ་དང་མིའི་ཡུལ་དུ་རིམ་གྱིས་དར་བའོ། ། གཉིས་པ་ནང་རྒྱུད་ལོངས་སྐུའི་བསྟན་པ་ཇི་ལྟར་བྱུང་བ་ཡིན། ལོངས་སྐུའི་བསྟན་པ་ནི་བསྟན་པའི་གཞུང་ཤིང་བསྒྱུར་ལམ་གསང་སྔགས་ཀྱི་བསྟན་པ་སྟེ། དེ་ཡང་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སྟོན་པ་གཡུང་དྲུང་འཆང་ཆེན་ཀུན་བཟང་གཤེན་ལྷ་འོད་དཀར་གྱིས། འཁོར་རྒྱལ་བ་རིགས་ལྔ་དང་ཡེ་གཤེན་སེམས་དཔའི་ཚོགས་རྣམས་ལ། བོན་གསང་ཆེན་གཡུང་དྲུང་ཐེག་པའི་རྒྱུད་སྡེ་དཔག་ཏུ་མེད་པ། དུས་འཕོ་མེད་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་རྣམས། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་ཡབ་འཕྲུལ་གཤེན་སྣང་ལྡན་དང་ཡུམ་བཟང་ཟ་རིང་བཙུན་གྱི་སྲས་སུ་སློབ་དཔོན་འཆི་མེད་གཙུག་ཕུད་བྱོན་ནས་ལོངས་སྐུས་གསུངས་པའི་སྔགས་སེམས་ཀྱི་བོན་རྒྱུད་སྡེ་བཞི་དང་འབྲེལ་བའི་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་པ་ཡང་བསྐྱར་དུ་གཏན་ལ་ཕབས། དེ་ནས་བསྐལ་བ་ཡ་ཐོག་ཚེ་ལོ་ཁྲི་བ་ཙམ་ནས་གཤེན་ཆེན་གསང་བ་འདུས་པ་དང་དབལ་བོན་སྟག་ལ་མེ་འབར་གཉིས་ལ་བརྒྱུད་ཅིང་ལྷའི་རིག་འཛིན་རྣམས་ལ་བསྟན་ནས་རིམ་གྱིས་དར་བའོ། ། དེའི་བཀའ་བསྡུ་དང་བསྟན་པ་སྤེལ་བ་པོ་ཇི་ལྟར་བྱོན། སྤྱིར་ཞུ་བ་པོ་སོ་སོས་བཀའ་བསྡུས་ཤིང་ཁྱད་པར་གསང་འདུས་དང་སྟག་ལ་སོགས་ཀྱིས་བཀའི་བསྡུ་བ་མཛད། གསང་བ་འདུས་པས་གནས་དགུ་སོགས་སུ་བསྒྲུབས་ནས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དམ་ལ་བཏགས། དེ་ནས་ལྷ་ཀླུ་མིའི་གཤེན་གསུམ་སོགས་ལ་བརྒྱུད་ནས་རིམ་གྱིས་ལྷ་དང་མིའི་ཡུལ་ཕྱོགས་ཀུན་ཏུ་དར་བའོ། ། གསུམ་པ་ཕྱི་རྒྱུད་སྤྲུལ་སྐུའི་བསྟན་པ་ཇི་ལྟར་བྱོན་པ་ཡིན། སྤྲུལ་སྐུའི་བསྟན་པ་ནི་བསྟན་པའི་ཆ་ལག་སྤང་ལམ་མདོའི་བསྟན་པ་གཙོ་བོར་གྱུར་བ་སྟེ། དེ་ཡང་དབྱིངས་ཡུམ་ས་ཏྲིག་ཨེར་སངས་ཀྱི་ཀློང་ནས་ལྷ་གཤེན་སྲིད་པ་གསུམ་གྱི་ཐུགས་རྗེ་ཤར་ནས་གདུལ་བྱའི་དོན་མཛད་པ་སྟེ། དེ་ལས་ད་ལྟའི་གདུལ་བྱ་ཐུན་མོང་བའི་སྣང་ངོར་གནས་སྟག་གཟིག་འོལ་མོའི་གླིང་དུ། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས། འཁོར་མིའི་གདུལ་བྱ་གཙོ་བོར་གྱུར་བའི་སྐལ་ལྡན་རྣམས་ལ། བོན་རང་རང་གི་བློ་དང་འཚམས་པའི་གཡུང་ དྲུང་གི་བོན། དུས་རྩོད་ལྡན་ཚེ་ལོ་བརྒྱ་བ་ལ་ཉེ་བའི་སྐབས་སུ་གསུངས་པ་སྟེ། དེའི་ཚུལ་མང་ཡང་ཅུང་ཟད་སྨོས་ན། བདག་ཅག་གི་སྟོན་པ་འདི་ཉིད་ཐོག་མར་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་བསགས་སྦྱོངས་མཐར་ཕྱིན་པར་མཛད་དེ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚུལ་བསྟན་ནས། སླར་ཡང་འོལ་མོའི་གླིང་དུ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྲས་སུ་བལྟམས་ནས་མཛད་པ་བཅུ་གཉིས་ལ། སྤྲོས་པ་དྲུག་ཅུ། རྒྱས་པ་བརྒྱ་དང་རྩ་བརྒྱད་ཀྱི་སྒོ་ནས་བསྟན་པ་དང་གདུལ་བྱའི་དོན་རྒྱ་ཆེན་པོ་མཛད། ཁྱད་པར་དུ་བཀའ་དང་པོ་དྲང་དོན་གཙོ་ཆེ་བ་ཐེག་པ་རིམ་པ་དགུ། བར་བ་དྲང་ངེས་ཟུང་འབྲེལ་སྒོ་བཞི་མཛོད་ལྔ། ཐ་མ་ངེས་དོན་གཙོ་ཆེ་བ་ཕྱི་ནང་གསང་གསུམ་དུ་གསུངས་ནས་བསྟན་པ་ཡོངས་སུ་སྤེལ། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ། རིགས་དྲུག་འདུལ་བའི་གཤེན་དྲུག གཡེན་འདུལ་གྱི་བོན་པོ་སོ་གསུམ། གླིང་བཞི་འདུལ་བའི་གཤེན་བཞི་སོགས་སུ་སྤྲུལ་ནས་འགྲོ་བའི་དོན་རྒྱ་ཆེར་མཛད་པའོ། དེའི་བཀའ་བསྡུ་དང་བསྟན་པ་སྤེལ་བ་པོ་ཇི་ལྟར་བྱོན། སྟོན་པ་སྐུ་གཤེགས་ནས་གསང་བ་མདོ་སྡུད་སོགས་སྡུད་འཁོར་བཅུ་གཉིས་ཀྱིས་བཀའ་བསྡུ་རྒྱས་པར་མཛད། གསུང་གི་བསྟན་པ་ལ་གདུང་སོབ་མུ་ཆོ་ལྡེམ་དྲུག་བྱོན་ནས་བཀའ་ཐམས་ཅད་འཆད་ཉན་གྱི་སྒོ་ནས་ཡོངས་སུ་སྤེལ། དེ་ནས་ད་ལྟའི་བར་དུ་གཤེན་ཚངས་པ་གཙུག་ཕུད་གདུང་སོབ་ཀྱི་རྒྱལ་ཚབས་སུ་བཞུགས་ནས་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་སྤེལ་བའི་གཉེར་འཛིན་མཛད། དེ་དང་འབྲེལ་བར་རྒྱ་གར་དུ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དམ་པའི་ཆོས་ཀྱི་བསྟན་པ་རྒྱས་པར་མཛད། ཐུགས་ཀྱི་བསྟན་པ་ལ་འཆི་མེད་དྲན་པ་ཡབ་སྲས་བྱོན་ནས་ངེས་གསང་སྒྲུབ་བརྒྱུད་ཀྱི་ཉམས་ལེན་ལ་བརྟེན་ནས་གསང་སྔགས་ཀྱི་བསྟན་པ་གཙོ་བོར་སྤེལ་ཞིང་ད་དུང་ཡང་ཚེ་ལོ་བཅུ་བ་ལ་ཐུག་གི་བར་དུ་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཅི་ལྟར་རིགས་པར་དར་ཞིང་རྒྱས་པར་འགྱུར་བ་སྟེ། དེ་ལྟར་ན་བསྟན་པ་གཅིག་ལ་སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ་དང་ལྡན་པས་བསྟན་པའི་གཙོ་བོ་ཞེས་ཡོངས་སུ་གྲགས་པའང་ཡིན་ནོ།། འོ་ན་གཉིས་པ་བསྟན་པ་དེ་དག་ཐམས་ཅད་འཛམ་བུའི་གླིང་དུ་སྔ་ཕྱིའི་དུས་ནམ་ཞིག་ནས་ཇི་ལྟར་དར་བ་ཡིན། རྣམ་མཁྱེན་སྟོན་པ་སྐུ་གཤེགས་ནས་སྐུའི་བསྟན་པ་རྫོགས་པའི་རྗེས་སུ། གདུང་སོབ་ཆེན་པོ་བྱོན་ནས་གཤེན་ལོ་གསུམ་དུ་བོན་འཁོར་བསྐོར། དེ་ནས་སྡུད་འཁོར་བཅུ་གཉིས་སོ་སོས་གཤེན་ལོ་གསུམ་གསུམ་དུ་བོན་འཁོར་བསྐོར་ཟིན་ནས། མི་ལོ་ཉེར་བརྒྱད་སོང་མཚམས་གསང་སྔགས་ཀྱི་བོན་ཐམས་ཅད་ལྷ་ཀླུ་མིའི་གཤེན་གསུམ་ནས་བརྒྱུད་དེ་འོལ་མོ་གླིང་དུ་བབས་ཏེ་འཕེལ། གདུང་སོབ་ཞལ་བཞུགས་པའི་སྐབས་སུ་འཛམ་གླིང་ཡུལ་ཆེན་སོ་སོ་ནས་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་སྟག་གཟིག་ནས་དམུ་ཙ་ཏྲ་ཧེར། ཞང་ཞུང་ནས་ཁྲི་ཐོག་པར་ཚ། སུམ་པ་ནས་གུ་ཧུ་ལི་སྤར་ཡ། རྒྱ་གར་ནས་ལྷ་བདག་སྔགས་གྲོལ། རྒྱ་ནག་ནས་ལེགས་ཏང་སྨ་བོ། ཁྲོམ་ནས་གསེར་ཐོག་ལྕེ་འབྱམས་རྣམས་བྱོན་ནས་གཡུང་དྲུང་གི་བོན་རིག་པའི་གནས་དང་བཅས་པ་རང་རང་གི་ཡུལ་དུ་སྤེལ་ཏེ་དར་བར་བྱས། དེ་དག་ནས་རིམ་གྱིས་བལ་བོ་དང་ཁ་ཆེ་དང་བྲུ་ཤ་དང་ལི་ཡུལ་དང་ཐོད་དཀར་སོགས་ཡུལ་ཕྲན་སྣ་ཚོགས་སུ་ཁྱབ་པས་དེང་སང་ཡང་དེ་དག་ཏུ་རྟེན་གསུམ་དང་བོན་སྡེའི་རྒྱུན་སྣ་ཚོགས་སུ་བཞུགས་པ་ཡིན་ནོ། ། འོ་ན་གསུམ་པ་བོད་ཡུལ་དུ་བསྟན་པ་ཇི་ལྟར་དར་ཚུལ་འཆད་དགོས་པས། ཐོག་མར་བསྟན་པའི་གཞི་མ་རྒྱལ་བོ་གང་གི་རིང་དུ་དར་བ་ཡིན། སྟོན་པ་ཤཱཀྱ་ཐུབ་པའི་གོང་ཙམ་དུ་བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙད་པོ་བྱོན་ནས་བསྟན་པའི་གཞི་བཟུང་། མུ་ཁྲི་བཙན་པོ་སོགས་གནམ་ལ་ཁྲི་དྲུག་གི་སྐབས་སུ་བསྟན་པའི་གཞུང་བསྲང་། དེ་ནས་རྒྱལ་རབས་དུ་མ་དང་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་སོགས་ཀྱིས་བསྟན་པ་རབ་ཏུ་སྤེལ་ཞིང་རྒྱས་པ་ཡིན་ནོ། ། བསྟན་པའི་བདག་པོ་བླ་མ་གང་གིས་གཡུང་དྲུང་གི་བོན་གང་ཞིག་ཇི་ལྟར་སྤེལ་ཚུལ་འཆད་དགོས་པས། ཐོག་མར་བསྟན་པའི་སྲོག་ཤིང་འདུལ་བ་ཇི་ལྟར་བྱུང་བ་ཡིན། འདུལ་བ་ནི་བདག་ཅག་གི་སྟོན་པས་དྲང་སྲོང་རྒྱལ་བ་སོགས་འཁོར་ཐམས་ཅད་རབ་ཏུ་བྱུང་ནས་རིམ་གྱིས་འཛམ་གླིང་རྒྱན་དྲུག་གི་སྐབས་སུ་བསྟན་པ་སོ་སོའི་ཡུལ་དུ་སྤེལ་བ་ལས་སྟག་གཟིག་དམུ་ཙ་ཏྲ་ཧེས་སྟག་གཟིག་གི་ཡུལ་དང་། དེ་ནས་རྫུ་འཕྲུལ་ཡེ་ཤེས་ཀྱིས་ཞང་ཞུང་དུ་སྤེལ། དེ་ནས་བོད་རྒྱལ་ཁྲི་བདུན་གྱི་རིང་ནས་བོད་དུ་དར་བས་ག་ཆུ་གཙུག་ཕུད་རྒྱལ་བས་བོད་དུ་འདུལ་བ་སྤེལ་ནས་རིམ་གྱིས་ཡ་གོང་ཡེ་ཤེས་རྒྱལ་མཚན་དང་ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་ཀྱིས་ཕྱོགས་སུ་ཁྱབ་པར་བྱས་པས་གནས་སྡེ་ཆེན་པོ་དྲུག་ཅུ་རྩ་བདུན་སོགས་སུ་འཕེལ། བར་སྐབས་སུ་འདུལ་བསྟན་ལ་འཕེལ་འགྲིབ་ཅུང་ཟད་བྱུང་ན་ཡང་བསྟན་པ་ཕྱི་དར་ལ་སྨད་ནས་མུ་ཟི་གསལ་བཟང་འགོག་པ་ལས་བཞེངས་པའི་སྡོམ་རྒྱུན་བླ་ཆེན་དགོངས་པ་རབ་གསལ་ལ་བརྒྱུད་དེ་འདུལ་བ་སྨད་འདུལ་གྱི་བརྒྱུད་པ་ད་ལྟའི་བར་དུ་མ་ཉམས་པར་བཞུགས་སོ། བསྟན་པའི་གཞུང་ལམ་གསང་སྔགས་ཇི་ལྟར་བྱུང་བ་ཡིན། གསང་སྔགས་ནི་ལྷ་གནས་གསུམ་ནས་རིམ་གྱིས་མི་ཡུལ་དུ་བབས་ནས། བོད་དུ་རྒྱལ་བོ་གཉའ་ཁྲིའི་སྐབས་ནས་གཤེན་ནམ་མཁའ་སྣང་མདོག་སུམ་ཅུ་རྩ་གསུམ་གྱི་གནས་ནས་མི་ཡུལ་དུ་བྱོན་ཏེ་སྤྱི་སྤུངས་སྔགས་ཕྱོགས་གསས་མཁར་མཆོག་ལྔ་དང་། སེམས་ཕྱོགས་སེམས་སྨད་སྡེ་དགུ་སོགས་དང་། རྫོགས་རིམ་མ་རྒྱུད་ཀྱི་སྐོར་དང་བཅས་སྔགས་སེམས་ཐམས་ཅད་སྤེལ་ནས་དར། རིམ་གྱིས་གདུང་བརྒྱུད་བཅུ་གསུམ་སོགས་ལ་བརྒྱུད་ནས་སྔགས་ཀྱི་སྒྲུབ་སྡེ་ཆེན་པོ་སོ་གསུམ་སོགས་སུ་འཕེལ། གྲུབ་པ་ཐོབ་པའི་གཤེན་དགུ་སོགས་ཆེན་པོ་དྲུག་ཅུ་རྩ་བདུན་དང་། བླ་མ་ཆེ་དྲུག་ནས་སེམས་དཔའ་རྣམ་གསུམ་གྱི་བར་གྲུབ་ཆེན་བརྒྱད་ཅུ་བྱོན་ནས་དར་ཞིང་ད་ལྟའི་བར་དུ་བརྒྱུད་པ་མ་ཉམས་པར་བཞུགས་སོ། བསྟན་པའི་སྙིང་བོ་རྫོགས་ཆེན་ཇི་ལྟར་བྱུང་བ་ཡིན། རྫོགས་ཆེན་ལ་རྣམ་གྲངས་མང་ཡང་སེམས་ཕྱོགས་སྤྱི་ནི་སྤྱི་སྤུངས་དང་མཉམ་དུ་དར་ལ། སྙན་རྒྱུད་སྐོར་ནི་ལྷ་ཀླུ་མིའི་གཤེན་གསུམ་སོགས་ནས་བརྒྱུད་དེ་དཔོན་ཆེན་ཧོར་ཏི་ཆེན་པོ་སོགས་བར་གྱི་གཤེན་པོ་ཉེར་བཞི་ལ་བརྒྱུད་ནས་དེ་དག་ཐམས་ཅད་འཇའ་ལུས་སུ་གཤེགས། བརྒྱུད་འཛིན་སྣང་བཞེར་ལོད་པོས་ཞང་བོད་གཉིས་སུ་རྫོགས་ཆེན་གྱི་བསྟན་པ་སྤེལ། བསྒྲགས་པ་སྐོར་གསུམ་ནི་ལྷ་ཀླུ་མི་གསུམ་ནས་བརྒྱུད་དེ་བོད་དུ་སྙན་ཆེན་ལི་ཤུ་སྟག་རིང་ནས་གྲུབ་ཆེན་བཅོ་བརྒྱད་སོགས་ལ་བརྒྱུད་ནས་དར། རྒྱ་གར་གྱི་བོན་ཡེ་ཁྲི་མཐའ་སེལ་སྐོར་ནི་འགྲོ་མགོན་ཚེ་དབང་རིག་འཛིན་ལ་བརྒྱུད་དེ་ལུང་བོན་ལྷ་གཉེན་གྱིས་བོད་ཀྱི་ཡུལ་དུ་སྤེལ་ནས་དར་བ་སྟེ་དེ་དག་དེང་སང་ཡང་ཉམས་ལེན་གྱི་རྒྱུན་མ་ཆད་པར་བཞུགས་སོ།། །།
བོད་ཡུལ་དུ་བསྟན་པ་ལ་འཕེལ་འགྲིབ་བྱུང་ཚུལ་ཇི་ལྟར་ཡིན། ཐོག་མར་གནམ་ལ་ཁྲི་བདུན་གྱི་དུས་སུ་ རྒྱུ་བོན་དང་འདུལ་མདོ་སྔགས་སེམས་དང་བཅས་པ་དར་ཞིང་རྒྱས། བར་གྱི་ལྡིང་གཉིས་ཞེས་ལོག་པའི་རྒྱལ་པོ་གྲི་གུམ་སྐབས་དབུས་གཙང་སྐོར་དུ་རྒྱུ་བོན་མ་གཏོགས་མདོ་སྔགས་ཀྱི་བོན་ཕལ་ཆེར་ནུབ་ནས་གཏེར་དུ་སྦས། སླར་ཡང་ལོ་བཅུ་བདུན་ན་དེའི་སྲས་སྤུ་དེ་གོང་རྒྱལ་གྱི་རྒྱལ་ས་འཛིན་སྐབས་བོན་བར་དར་ཞེས་ཞང་ཞུང་ནས་སྟོང་རྒྱུང་མཐུ་ཆེན་གདན་དྲངས་ཏེ་བོན་གྱི་བསྟན་པ་སླར་ཡང་བཙུགས། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ་རྣམས་ཀྱི་དུས་སུ་བོན་བསྟན་ཤིན་ཏུ་དར། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐབས་རྒྱ་གར་ནས་ཆོས་ཀྱི་དབུ་བརྙེས། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་རིང་ལ་མདོ་ཕྱོགས་མཚན་ཉིད་ཀྱི་བོན་ལ་འཆད་ཉན་ལྷག་པར་དར། ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་ལྔའི་ནང་ཚན་སྲོང་བཙན་སྒམ་པོས་ཆོས་ཀྱི་སྲོལ་བཏོད། དེ་ནས་བོན་ཆོས་གཉིས་ཀ་རྐང་ཚུགས་སུ་མ་དར་བས་ཀླ་ཀློ་དང་འདྲེས་པའི་བོན་ནག་ཏུ་གྲགས་པའང་བྱུང་། རྒྱལ་སྲིད་ཐ་མའི་བརྒྱུད་འཛིན་དྲུག་ལས་ཁྲི་སྲོང་ལྡེའུ་བཙན་སྐབས་མཁན་སློབ་ཆོས་གསུམ་གདན་འཛོམ་ནས་མདོ་སྔགས་རྫོགས་ཆེན་དང་བཅས་པའི་ཆོས་བསྟན་རྒྱ་ཆེར་སྤེལ། ཞང་བོད་གཉིས་སུ་རྒྱུ་བོན་ཡོངས་རྫོགས་དང་རྫོགས་ཆེན་སྙན་བརྒྱུད་དང་མེ་རིའི་སྐོར་རྣམས་དང་། ཉང་བོའི་ཕྱོགས་སུ་རྒྱ་གར་གྱི་བོན་སྡེ་ཡེ་ཁྲི་མཐའ་སེལ་གྱི་སྐོར་དང་། མདོ་སྨད་དང་ཨ་མདོའི་ཕྱོགས་སུ་ཡང་ལུགས་ཀྱི་བོན་སྡེ་དབལ་ཆེན་རམ་པའི་སྐོར་རྣམས་མ་གཏོགས་བོན་སྡེ་གཞན་རྣམས་གཏེར་དུ་སྦས། ཁྲི་སྲོང་ནས་བཟུང་ཆོས་བསྟན་དར་ཞིང་རྒྱས་ཀྱང་རིམ་གྱིས་སྲས་བརྒྱུད་གླང་དར་སྐབས་ཕལ་ཆེར་ནུབ། དེ་ནས་སླར་ཡང་བོན་ཕྱི་དར་ཞེས་འདུལ་བ་སྨད་ལུགས་བླ་ཆེན་སྡོམ་རྒྱུན་དང་། གཏེར་སྟོན་ལ་སྔ་བ་ཨ་ཙར་མི་གསུམ་བྱོན་ནས་བསམ་ཡས་ཀྱི་གཏེར་བཏོན་པ་སོགས་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་ཕྲིན་ལས་ལ་བརྟེན་ནས་བོན་གྱི་བསྟན་པ་སླར་ཡང་དར་བ་ཡིན་ནོ། ། བསྟན་པའི་ངོ་བོ་བཤད་སྒྲུབ་ཀྱི་བསྟན་པ་ཡིན་པས། ཐོག་མར་མདོ་སྔགས་བཤད་རྒྱུན་གྱི་རིང་ལུགས་ཇི་ལྟར་བྱུང་བ་ཡིན། སྔ་དར་སྐབས་དར་ཚུལ་མང་ཡང་ཕྱི་དར་སྐབས་སུ་ཤིང་རྟའི་སྲོལ་འབྱེད་བྲུ་ཆེན་ནམ་མཁའ་གཡུང་དྲུང་སོགས་བྲུ་ཞུ་སྤ་རྨེའུའི་མཁས་དབང་རྣམས་དང་། བཀའ་བབས་གཙང་སྟོན་བཅོ་བརྒྱད་དང་ནང་གསེས་གཉོས་བཙུན་ཚུལ་ཁྲིམས་རྒྱལ་མཚན་སོགས་མཁས་པ་རྒྱལ་མཚན་ཆེ་ལྔ་རྣམས་ཀྱིས་བསྟན་པའི་སྲོལ་ཕྱེ་ནས། མདོ་སྔགས་ཐུན་མོང་གི་གཞུང་ཐེག་རིམ་དང་། མདོ་ཕྱོགས་ལ་ཚད་མ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་ཕུག་རྣམས་དང་། སྔགས་ལ་ཀློང་རྒྱས། ཁྲོ་བོ། རྩ་རྒྱུད་བསེན་ཐུབ། སངས་རྒྱས་རྒྱུད་གསུམ་སོགས་ལ་འཆད་ཉན་མཛད་པས་དེ་དག་ད་ལྟའི་བར་དུ་རྒྱུན་མ་ཉམས་པར་ཡོད་དོ། ཉམས་ལེན་སྒྲུབ་རྒྱུད་ཀྱི་རིང་ལུགས་ཇི་ལྟར་བྱུང་བ་ཡིན། གཏེར་ཆེན་གཤེན་གྱེར་རྨ་དབྱིལ་གྱི་བཀའ་བབས་བྲུ་ཞུ་སྤ་རྨེའུ་དང་། གཙང་སྟོན་བཅོ་བརྒྱད་སོགས་ཀྱི་རིང་ལུགས་ལས་བྱོན་པའི་སྒྲུབ་སྡེ། ཕྱི་རྒྱུད་ལ་རྣམ་ཀློང་རྒྱལ་གསུམ། ཆོ་ག་བཅུ་གཉིས་སོགས་དང་། ནང་རྒྱུད་ལ་གསང་སྔགས་བཀའ་དྲུག མཆོག་ལྔ། འབུམ་རོལ་རམ་གསུམ། སྟག་ལྷ་སོགས་སྒྲུབ་སྡེ་བརྒྱད་རྗེས་འབྲངས་དང་བཅས་པ་དང་། གསང་རྒྱུད་ལ་ཨ་རྫོགས་སྙན་གསུམ་ཆ་ལག་དང་བཅས་པའི་སྨིན་གྲོལ་གྱི་རྒྱུན་དང་ཕྱག་ལེན་སྲོལ་མ་ཉམས་པར་བཞུགས་སོ། ། རིང་ལུགས་དེ་དག་འཛིན་པའི་བསྟན་པའི་བདག་པོ་ཅི་འདྲ་བྱོན། སྔོན་རྒྱལ་མཚན་ཆེ་ལྔ་སོགས་གོང་བཤད་ལྟར་མང་ཡང་དུས་ཕྱིས་ཀྱི་སྐབས་སུ་བསྟན་པའི་བདག་པོ་རྒྱལ་བ་གཉིས་པ་དཔལ་སྨན་རི་བ་མཉམ་མེད་ཆེན་པོ་ཁོ་ན་ཡིན་ཏེ། དེའི་རིང་ལུགས་ལ་ཆེ་བ་མང་ཡང་མདོར་ན། མདོ་སྔགས་འགལ་མེད་དུ་བསླབ་པ། ལྟ་སྤྱོད་ཟུང་འབྲེལ་དུ་སྤྱོད་པ། བཤད་སྒྲུབ་གཉིས་མཉམ་དུ་སྐྱོང་བའི་སྒོ་ནས་རྒྱལ་བསྟན་མདོ་སྔགས་ཡོངས་རྫོགས་གང་ཟག་གཅིག་གིས་ཉམས་སུ་ལེན་པའི་ཁྱད་པར་དང་ལྡན་པའོ། དེང་སང་ལ་བསྟན་འགྲོ་ལ་གཟིགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཅི་ལྟར་བཞུགས། གདན་ས་གོང་འོག་གི་མཁན་རབས་ཁྲི་བཞུགས་རིན་པོ་ཆེ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་ཡང་། ད་ལྟར་མདོ་ཁམས་སུ་རྗེ་མཉམ་མེད་བླ་མའི་རིང་ལུགས་རྒྱལ་མཚན་གྱི་ཏོག་བཞིན་འདེགས་པ་པོ ྋ རྗེ་རྒྱལ་བ་གཉིས་པ་དཔལ་ཤར་རྫ་བ་ཆེན་པོ་ཡིན་ལ། དེའི་བརྒྱུད་འཛིན་མང་ཡང་ད་ལྟར་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཐུགས་སྲས་དམ་པ་རིན་པོ་ཆེ་ཞལ་མངོན་དུ་གྱུར་བཞིན་བཞུགས་པའོ། ། གཤེན་སྡེ་འཛིན་པའི་གནས་སྡེ་ཇི་ལྟར་བྱུང་། བསྟན་པ་སྔ་དར་གྱི་སྐབས་སུ་ཟང་ཟང་ལྷ་རྩེ་སོགས་གནས་གཞི་ཉེར་དགུ། ར་ས་གཡུང་དྲུང་རོལ་བ་སོགས་གནས་གཞི་སུམ་ཅུ་རྩ་བརྒྱད་སོགས་འདུས་གྲྭ་ཆེན་པོ་སྟོང་ཕྲག་དུ་མ་དང་། ཁྱུང་ལུང་དངུལ་མཁར་སོགས་ཞང་བོད་སྤྱིའི་སྔགས་སྡེ་སོ་བདུན། ངན་ལམ་རལ་གསུམ་སོགས་དབུས་གཙང་གི་སྔགས་གྲྭ་སོ་བདུན་སོགས་མང་དུ་བྱུང་ལ། ཕྱི་དར་གྱི་སྐབས་སུ་ནི་སྟོད་ན་གཤེན་ཚང་དང་གྲྭ་ས་ཡ་བཞི། གཡས་རུ་དབེན་ས་སོགས་དང་། བར་དུ་ཁྱུང་བོ་དཀར་ནག་སེར་གསུམ་གྱི་གདན་ས་དང་། སྨད་ན་བུ་འབོར་གཡུང་དྲུང་སྤུན་བཞི། ཞིག་པོ་བཅོ་བརྒྱད་ཀྱི་གདན་ས་དང་འབྲེལ་བའི་འདུ་གནས་དང་སྔགས་སྡེ་སྟོང་ཕྲག་དུ་མ་བྱུང་ལ། དེང་སང་དེ་དག་ཕལ་ཆེ་བར་འཕེལ་འགྲིབ་ཅུང་ཙམ་རེ་བྱུང་ཡང་། གཙོ་ཆེ་བ་གྲུབ་པའི་གདུང་རབས་ཕལ་ཆེར་སྔ་ལྟར་བཞུགས་ལ། དེང་སང་ནི་རྒྱལ་རིགས་བྲུའི་རིང་ལུགས་སྔགས་གྲྭ་ཆེན་མོ་སྨན་རི་བ་དང་། རྒྱུད་གྲྭ་འཛིན་པ་ར་ལག་གཡུང་དྲུང་གླིང་དང་། སྒོམ་གྲྭ་འཛིན་པ་གཡས་རུ་མཁར་སྣ་དང་། དེ་དག་ལ་བརྟེན་པའི་གནས་གཞི་ཆེ་ཕྲ་སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་རྒྱ་ནག་ཟངས་ཆུ་ཡན་ཆད། བྱང་སོག་ཡུལ་ནས་ལྷོ་འཇང་ས་ཏམ་ཚུན་ཆད་ན་དགོན་སྡེ་ཆེ་ཕྲ་སྟོང་ལས་ལྷག་ཙམ་ད་ལྟར་ཡང་འཆད་ཉན་དང་སྒོམ་སྒྲུབ་ལ་བརྩོན་བཞིན་དུ་མཆིས་སོ། ། ། །
འཕྲུལ་ངག་བོན་གྱི་བསྟན་པ་མི་ཡུལ་དུ་བཞུགས་པའི་གནས་ཚུལ་ཅི་འདྲ་ཡིན། དྲང་ངེས་ཀྱི་རྣམ་བཞག་འགའ་ཞིག་ཡོད་ཀྱང་ཡོངས་གྲགས་སྐུ་གསུངས་ཐུགས་ཀྱི་བསྟན་པ་གསུམ་མི་ལོ་ཁྲི་ཕྲག་གསུམ་དུ་གནས་པ་ཡིན་ནོ། དེ་ལས་དེ་སྔོན་མི་ལོ་ཅི་ཙམ་འདས། རྣམ་མཁྱེན་སྟོན་པ་ཤིང་ཕོ་བྱི་བར་སྐུ་བལྟམས་ནས་གཤེན་ལོ་གྱ་གཉིས་མི་ལོ་བརྒྱད་སྟོང་ཉིས་བརྒྱ་བཅུ་འདས་པའི་ཆུ་ཡོས་ལ་གཤེགས། དེ་ནས་མི་ལོ་ཆིག་སྟོང་བདུན་བརྒྱ་གོ་དགུ་ཆུ་ཡོས་ལ་སྐུ་བསྟན་ཁྲི་རྫོགས། དེ་ནས་གསུང་བསྟན་ལ་ཤིང་འབྲུག་ལོར་གདུང་སོབ་ཆེན་པོ་མི་ཡུལ་དུ་བྱོན། དེ་ནས་མི་ལོ་ལྔ་སྟོང་ང་དྲུག་ལྕགས་སྤྲེལ་ལ་སྟོན་པ་ཤཱཀྱ་ཐུབ་པ་བྱོན། དེ་ནས་ཞེ་དྲུག་པ་མེ་རྟ་ལ་བླ་ཆེན་དྲན་པ་ནམ་མཁའ་བྱོན། དེ་ནས་གསུང་བསྟན་བདུན་སྟོང་ཆིག་བརྒྱ་ཉེར་གསུམ་རྫོགས་མཚམས་བསྟན་པ་ཕྱི་དར་གྱི་མགོ་ཚུགས། དེ་ནས་མི་ལོ་ཉིས་བརྒྱ་དང་འདས་པའི་རབ་བྱུང་ལྔ་བའི་ལྕགས་འབྲུག་ལོར་རྒྱལ་རིགས་ཁོད་སྤུངས་ཀྱི་གདུང་བརྒྱུད་ གཏེར་ཆེན་བློ་གྲོས་ཐོགས་མེད་བལྟམས། དེ་ནས་མི་ལོ་དོན་དྲུག་པ་མེ་སྤྲེལ་ལ་གངས་ཅན་གྱི་བསྟན་པའི་བདག་པོ་རྒྱལ་བ་མཉམ་མེད་ཆེན་པོ་བྱོན། དེ་ནས་དྲུག་ཅུ་སྐོར་བཅུ་གཅིག་འདས་པའི་རབ་བྱུང་བཅོ་ལྔ་བའི་ས་ལུག་ལ་མདོ་སྨད་བསྟན་པའི་གསལ་བྱེད་དཔལ་ཤར་རྫ་ཆེན་པོ་བྱོན། དེ་ནས་མི་ལོ་ལྔ་འདས་པའི་ཤིང་བྱི་ལ་གྲུབ་པའི་དབང་བོ་གཏེར་ཆེན་གསང་སྔགས་གླིང་བ་བལྟམས། དེ་ནས་མི་ལོ་ཉེར་གསུམ་འདས་པའི་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལ་བདག་ཅག་གི་མཁན་རིན་པོ་ཆེ་གཤེན་བསྟན་བསྐལ་བཟང་བསྟན་པའི་རྒྱལ་མཚན་བྱོན། དེ་ནས་མི་ལོ་ཉེར་ལྔ་འདས་པའི་ལྕགས་ཁྱི་ལོར་མདོ་ཁམས་གྲུབ་པའི་གནས་ཆེན་གཡུང་དྲུང་གསང་བ་ཡང་རྫོང་གི་གནས་ཞལ་ཕྱེས་ནས་སྒྲུབ་སྡེ་ཆེན་པོ་བྱང་ཆུབ་གླིང་གི་གཞི་བཏིང་བ་སྟེ། འདི་ཡན་ཆད་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་བྱོན་ནས་བགྲང་བྱ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་སོ་བརྒྱད་སོང་ཞིང་། གསུང་བསྟན་ལ་བདུན་སྟོང་དགུ་བརྒྱ་སུམ་ཅུ་རྩ་བརྒྱད་འདས་སོ། །
མ་འོངས་པར་བསྟན་པ་ཅི་ཙམ་གནས། གསུང་གི་བསྟན་པ་ལ་ཉིས་སྟོང་དྲུག་ཅུ་རྩ་གཉིས་དང་། ཐུགས་བསྟན་ལ་ཁྲི་ཕྲག་གཅིག་བཅས་འཇིག་རྟེན་ན་གནས་པ་ཡིན་ནོ། ཕྱིས་སུ་བསྟན་འཛིན་གྱི་སྐྱེས་བུ་ཅི་འདྲ་བྱོན་པའི་ངེས་པ་ཡོད་དམ། ཁ་བྱང་རྣམས་ལས་གཏེར་ཆེན་བརྒྱ་དང་རྩ་བརྒྱད་འབྱོན་པར་པར་གསུངས་པ་ལས་ད་ལྟར་གཏེར་ཆེན་གསང་སྔགས་གླིང་བ་ཡན་ཆད་གཏེར་སྟོན་བརྒྱ་ལྷག་ཙམ་བྱོན་ཞིང་། ཕྱིས་སུ་ཡང་དེ་འཕྲོས་རྣམས་རིམ་གྱིས་འབྱུང་བ་དང་། གཞན་ཡང་འདུལ་བ་གླིང་གྲགས་དང་སྲིད་པ་ཁ་བྱང་དང་ཡང་བྱང་སོགས་ལས་མ་འོངས་པར་བསྟན་འཛིན་གྱི་སྐྱེས་བུ་བྱོན་ཚུལ་མང་དུ་གསུངས་པས་དེ་དག་ལས་ཞིབ་པར་ཤེས་དགོས་སོ། ། འོ་ལེགས་ཏེ། ད་དུང་ཡང་སྙིགས་མའི་གདུལ་བྱ་རྣམས་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་མགོན་དང་མ་བྲལ་བར་འདུག་གོ ། དེ་ལྟར་ལགས་ཏེ་རྒྱལ་བའི་བསྟན་པ་དང་འཕྲད་པ་སྐལ་བ་བཟང་བ་ཡིན་པས་བསྟན་པ་ལ་ལེགས་པའི་འབྲེལ་འཇོག་ཅི་ནུས་སུ་བྱོས་ཤིག དེ་ལྟར་ཡིད་ལ་ཤིན་ཏུ་ངེས་ཏེ་རྒྱལ་བའི་བསྟན་པ་ཇི་ལྟར་བྱུང་བའི་རྣམ་བཞག་ལས་བརྩམ་པའི་བཀའ་མཆིད་ཀྱི་རིམ་པ་ཁྱེད་ཀྱིས་ལེགས་པར་སྨྲས་ཤིང་སྤོབས་པ་ལའང་རྗེས་སུ་ཡི་རང་ངོ་། ། ཞེས་པ་ལས་བརྩམས་ཏེ་གླེང་ངོ་། ། བསྟན་པའི་དྲི་བའི་གནས་ཏེ་དང་པོའོ། ། ། །

བསླབ་པ་དྲི་བ། འདིར་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ལམ་གྱི་གཞི་རྟེན་ངེས་པར་བྱ་བའི་ཕྱིར་སྟོན་པ་ཉིད་ཀྱིས་བཅོས་པའི་ཚུལ་ཁྲིམས་ཀྱི་གནས་དྲི་བ་ནི། ཀྱེ་སྡོམ་བརྩོན་པ། ཁྱེད་ཀྱི་གནས་སྡེ་ནི་གང་ཞིག་ཡིན། བདག་ནི་མདོ་ཁམས་བསྟན་པའི་འབྱུང་གནས་གནས་ཆེན་གསང་བ་ཡང་རྫོང་གི་སྒྲུབ་སྡེ་བྱང་ཆུབ་གླིང་གི་རུ་ལག་བཀྲ་ཤིས་པའི་གཙུག་ལག་ཁང་རྣམ་དག་བསྟན་འཕེལ་གླིང་ནས་སོ། ཁྱེད་ནི་བསླབ་སྡོམ་ཇི་ལྟ་བུ་ལ་གནས་པ་ཞིག་ལགས། བདག་ནི་གཡར་ཁྲལ་ཙམ་དུ་སྡོམ་པ་གསུམ་ཆར་བླང་བའི་དགེ་སྦྱོང་གི་གཟུགས་བརྙན་ཞིག་གོ ། ཁྱེད་ཀྱི་མཁན་པོ་ནི་སུ་ཡིན། མཚན་ནས་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་དྲང་སྲོང་དགེ་བའི་བཤེས་གཉེན་བསྐལ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའོ། གནས་ཀྱི་མཁན་པོ་སུ། གནས་ཀྱི་མཁན་པོའང་དེ་ཉིད་དོ། བསྙེན་པར་རྫོགས་ནས་ལོ་དུ་ལོན། ཤིང་ཕོ་བྱི་བ་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གསུམ་གྱི་སྐྱ་རེངས་བར་མའི་ཚེ་སྡོམ་པ་བླང་ནས་ལོ་བཅུ་ལོན་ནོ། འོ་ན་བསླབ་སྡོམ་གྱི་གནས་རྣམས་ལས་བརྩམས་ཏེ་སྤང་བླང་གི་རིམ་པ་ལ་འབེལ་མཆིད་འགའ་ཙམ་ཞིག་བགྱིད་པར་འཚལ་ན་སྤྲོའམ། བདག་ལྟ་བུ་བློ་དང་བསླབ་པ་ལ་བརྩོན་པ་ཞན་པས་བསླབ་སྡོམ་གྱི་གནས་རྣམས་ཇི་བཞིན་གསལ་བར་སྨྲ་མི་ནུས་ཀྱང་དེ་ལ་སྙིང་ནས་མི་སྤྲོ་བའང་མེད་དོ། འོ་ན་བསླབ་སྡོམ་ལ་འཇུག་པའི་གནས་ནི་གང་ལྟར་མཆིས། དེ་ལ་གསུམ་དུ་མཆིས་ཏེ། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་གསང་སྔགས་ཀྱི་སྡོམ་པ་རྣམས་སོ། ། འོ་ན་ཐོག་མར་སོ་ཐར་གྱི་སྡོམ་པའི་བརྒྱུད་པ་ནི་ཇི་ལྟ་བུ། བརྒྱུད་པ་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྲི་གཙུག་རྒྱལ་བ། དེ་ནས་དྲང་སྲོང་གཙུག་གཤེན་རྒྱལ་བ། དེ་ནས་རིམ་པར་ཁྲི་ལྡེ་འོད་པོ། ལྷང་ལྷང་གཙུག་ཕུད། དང་བ་ཡིད་རིང་། ཐུགས་ཀར་ཡེ་ཤེས། གུང་རུམ་ཡེ་ཤེས། འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས་ཏེ་སྟག་གཟིག་གི་མཁན་བརྒྱུད་དང་། ཞང་ཞུང་ཚུལ་ཁྲིམས་ཡེ་ཤེས། གཡུང་དྲུང་ཚུལ་ཁྲིམས། གཙུག་ཕུད་ཚུལ་ཁྲིམས་ཏེ་ཞང་ཞུང་གི་མཁན་བརྒྱུད་དང་། ག་ཆུ་གཙུག་ཕུད་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་བ། ལྡེ་བཙུན་རབ་གསལ། ཇོ་བཙུན་ཡེ་ཤེས། མུ་ཟི་གསལ་བཟང་་སྟེ་མངའ་རིས་ཀྱི་མཁན་བརྒྱུད་དང་། སོག་པོ་ཁྲི་འབར་ཚུལ་ཁྲིམས། རྒྱལ་བ་གཙུག་ཕུད། གཙུག་ཕུད་ཚུལ་ཁྲིམས། བླ་ཆེན་དགོངས་པ་རབ་གསལ་ཏེ་མདོ་ཁམས་ཀྱི་མཁན་བརྒྱུད་དང་། དེ་ལས་བོན་ཆོས་ཀྱི་བརྒྱུད་འཛིན་གཉིས་བྱུང་བ་ལས། བོན་ལུགས་ཀྱི་མཁན་བུ་གཉོས་བཙུན་རིན་ཆེན་རྒྱལ་མཚན། ཀུན་དགའ་ཚུལ་ཁྲིམས། རིན་ཆེན་གཙུག་ཕུད། པྲ་ཕུད་ཚུལ་ཁྲིམས། ཚུལ་ཁྲིམས་ཡེ་ཤེས། གཤེན་བཙུན་གཡུང་དྲུང་། གཡུང་དྲུང་རྒྱལ་མཚན། མཁན་སློབ་རྣམ་གཉིས། དམ་པ་དགོངས་མཛོད། ཤེས་རབ་འོད་ཟེར། གཤེན་སྟོན་ནམ་མཁའ། གཡོར་བོ་མེ་དཔལ། བདུད་རྩི་རྒྱལ་མཚན། དར་མ་རྒྱལ་མཚན། ཚུལ་ཁྲིམས་བླ་མ། མར་སྟོན་ཆེན་པོ། བ་ཐང་ཞང་སྟོན། སུམ་སྟོན་ལྷ་འབུམ། འགྲོ་མགོན་བློ་གྲོས། ཡེ་ཤེས་བློ་གྲོས། འདུལ་བ་བློ་གྲོས། ཤེས་རབ་བློ་གྲོས། གཡུང་དྲུང་ཡེ་ཤེས། ཚུལ་ཁྲིམས་ཡེ་ཤེས། རྗེ་རིན་པོ་ཆེ་མཉམ་མེད་རིན་པོ་ཆེ། དེ་ནས་རིམ་པར་འགྲོ་མགོན་ཤེས་རབ་གཡུང་དྲུང་བར་མཁན་རབས་ཉེར་ལྔ། དེ་ནས་སྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན། སྟག་ཞིག་གཤེན་རྒྱལ་བསྟན་འཛིན། དེ་ནས་ཤར་རྫ་པ་ཆེན་པོ་གཤེན་བསྟན་དྲི་མེད་སྙིང་བོ། དེ་ནས་བདག་ཅག་གི་མཁན་པོ་གཤེན་བསྟན་དྲང་སྲོང་བསྐལ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བར་དུ་བརྒྱུད་པའོ། དེ་ལས་བྱུང་བའི་སོ་ཐར་གྱི་སྡོམ་པ་ལ་སྡོམ་པའི་ངོ་བོ་ཇི་ལྟར་ཡིན། ངོ་བོ་ནི་ངེས་འབྱུང་གི་བློས་ཀུན་ནས་བསླང་བའི་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། དེ་ལ་དབྱེ་བ་ཇི་ལྟར་མཆིས། ཐེག་དམན་དང་ཐེག་ཆེན་གྱི་སོ་ཐར་གཉིས་མཆིས་སོ། དང་པོ་ཐེག་དམན་གྱི་སོ་ཐར་ལ་འཇུག་ཚུལ་ཇི་ལྟར་ཡིན། དེ་ལ་གསུམ་སྟེ། སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཐབས། ཉམས་ན་ཕྱིར་བཅོས་པའི་ཚུལ་ལོ། འོ་ན་དང་པོ་མ་ཐོབ་པ་ཐོབ་བྱེད་ཀྱི་ཚུལ་གང་ལྟར་ཡིན། ཡུལ་མཁན་སློབ་མཚན་ཉིད་དང་ལྡན་པའི་མདུན་དུ་རྟེན་གྱི་གང་ཟག་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བས་རང་གིས་གང་འདོད་ཀྱི་སྡོམ་པ་ཆོ་ག་བཞིན་དུ་ཚུལ་བཞིན་ལེན་པའོ། གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་ཚུལ་གང་ལྟར་ཡིན། འདི་ལ་ཁྱིམ་པ་བ་དང་རབ་བྱུང་གི་ཕྱོགས་གཉིས་སུ་མཆིས་སོ། ཁྱིམ་པའི་ཕྱོགས་ཀྱི་བསྲུང་ཚུལ་གང་ཡིན། བསྙེན་གནས་དང་དགེ་བསྙེན་གཉིས་སོ། བསྙེན་གནས་ཀྱི་བསླབ་བྱ་གང་ཡིན། དེ་ལ་ཡན་ལག་བརྒྱད་ཡོད་དེ། རྩ་བ་བཞི། ཁ་ཟས་བཞི། ལུས་ངག་ཡིད་ཀྱི་མ་དག་པའི་སྤྱོད་པ་གསུམ། རྒྱན་གྱི་རིགས་བཅས་སྤོངས་པའོ། དགེ་བསྙེན་གྱི་བསླབ་བྱ་གང་ཡིན། དགེ་བསྙེན་འདིར་ལྔ་ལས། སྐྱབས་གསུམ་འཛིན་པ་ནི་སྐྱབས་སྡོམ་ལ་གནས་པ་དང་། སྣ་འགའ་སྤྱོད་པ་ནི་སྲོག་གཅོད་སོགས་ཅི་ནུས་སྤོང་བ་དང་། ཡོངས་རྫོགས་དགེ་བསྙེན་ནི་འདོད་ལོག་གཞིར་བཞག་གི་རྩ་བ་བཞི་བོ་སྤོང་བ་དང་། ཚངས་སྤྱོད་དགེ་བསྙེན་ནི་མི་ཚངས་སྤྱོད་སྤོང་བའི་རྩ་བཞི་དང་ཁ་ཟས་གང་རུང་གཅིག་སྤོང་བ་དང་། ཕལ་ཆེར་བསྲུང་བ་ཞེས་མི་ཚངས་སྤྱོད་སྤོང་བའི་རྩ་བཞི་དང་ཁ་ཟས་བཞི་བཅས་གཏན་ནས་སྤོང་བའོ། རབ་བྱུང་གི་ཕྱོགས་ཀྱི་བསླབ་བྱ་ལ་གང་ལྟར་མཆིས། གཙང་གཙུག་དང་དྲང་སྲོང་གི་བསླབ་བྱ་གཉིས་མཆིས་སོ། གཙང་གཙུག་པའི་བསླབ་བྱ་གང་ཡིན། དེ་ལ་ཉི་ཤུ་རྩ་ལྔ་ཡོད་དེ། རྩ་བ་བཞི། ལྷག་མ་མི་དགེ་བའི་སྡེ་དྲུག་སྟེ་བཅུ། ཁ་ཟས་བཞི་སྟེ་བཅུ་བཞི། སིལ་བུའི་སྡེ་གསུམ་དང་། ཁྲི་སྟན་གྱི་སྡེ་གསུམ་དང་དྲུག་སྡེ་ཉི་ཤུ། དེ་སྟེང་རྗེས་སྲུང་ལྔ་བསྣན་པས་ཉེར་ལྔའོ། དྲང་སྲོང་གི་སྡོམ་པའི་བསླབ་བྱ་གང་ཡིན། འདི་ལ་སྤྱི་དང་བྱེ་བྲག་གཉིས་མཆིས་སོ། སྤྱིའི་བསླབ་བྱ་གང་ཡིན། དེ་ལ་ལྔ་སྟེ། གང་ཟག་གཞན་ལ་བརྟེན་ནས་བསྲུང་བ། རང་གི་བསམ་པ་ལ་བརྟེན་ནས་བསྲུང་བ། མི་མཐུན་པའི་ཕྱོགས་ངོ་ཤེས་པས་བསྲུང་བ་། བསླབ་པ་ཡོངས་སྦྱོང་གི་སྒོ་ནས་བསྲུང་བ། བདེ་བར་གནས་པའི་རྐྱེན་ལ་བརྟེན་ནས་བསྲུང་བ་རྣམས་སོ། བྱེ་བྲག་གི་བསླབ་བྱ་གང་ཡིན། དེ་ལ་དགག་སྒྲུབ་ཀྱི་བསླབ་བྱ་གཉིས་མཆིས་སོ། དགག་པའི་བསླབ་བྱ་གང་ཡིན། དེ་ལ་ཕྱི་ཁྲིམས་དང་ནང་ཁྲིམས་གཉིས་མཆིས་སོ། དེ་ལ་ཕྱི་ཚུལ་གྱི་བསླབ་བྱ་ཇི་ལྟར་ཡིན། ཕྱི་ཚུལ་ལ་ལྔ་སྟེ། བཞར་བྲེག་དང་། ཁྲུས་དང་། གོས་དང་། རྫས་དང་། སྤྱོད་ཚུལ་གྱི་རྗེས་སྲུང་དང་ལྔ་སྟེ་ནང་གསེས་སུ་ཕྱེ་ན་བརྒྱ་དང་བདུན་ཅུ་རྩ་དྲུག་ཏུ་མཆིས་སོ། ནང་གི་ཁྲིམས་ལ་ཇི་ལྟར་མཆིས། རྩ་བ་དང་ཡན་ལག་གཉིས་མཆིས་སོ། རྩ་བ་གང་ཡིན། སྲོག་གཅོད་པ་སོགས་བཞིའོ། ཡན་ལག་ནི་གང་ཡིན། ཡན་ལག་ལ་སྡེ་བདུན་སྟེ། དང་པོ་མི་དགེ་བའི་སྡེ་ངག་འཁྱལ། ཚིག་རྩུབ། དབྱེན་ཕྲ། མངན་སེམས། གདུག་སེམས། ལོག་ལྟ་དྲུག་ལ་ནང་གསེས་སུ་དྲུག་ཅུ་རྩ་གསུམ། གཉིས་པ་ཉོན་མོངས་པའི་སྡེ་གཏི་མུག ཞེ་སྡང་། འདོད་ཆགས། ཕྲག་དོག ང་རྒྱལ་ལྔ་ལ་ནང་གསེས་སུ་དྲུག་ཅུ་རྩ་བརྒྱད། གསུམ་པ་འཁྲུལ་བའི་སྡེ་ལ་རྔམ་སེམས། འདོད་སེམས། སེར་སྣ། འཇུངས་གེགས། བྱུང་ཚོར། ཉོན་མོངས་པའི་ཡིད་ལྡང་བ། ལེ་ལོ། ཕྱིན་ཅི་ལོག་གི་སྨོན་པ། རེ་དོགས། འཁོར་བར་ཆགས་པ་དང་། གཡེང་བ། འཁྲུལ་བའི་བློ་སྟེ་བཅུ་གཉིས་ལ་ནང་གསེས་བརྒྱ་དང་བཅུ་གཉིས། བཞི་བ་ཁྲིམས་ཆེན་གྱི་སྡེ་ལ་ནང་གསེས་བདུན་ཡོད་པ་གཅིག་ཏུ་བརྩིས་བ་དང་། ལྔ་བ་ཁ་ཟས་ཀྱི་སྡེ་ལ་བཞི། དྲུག་པ་ཁྲི་སྟན་གྱི་སྡེ་ལ་གསུམ། བདུན་པ་སིལ་བའི་སྡེ་ལ་གསུམ་ཡོད་པ་གཅིག་ཏུ་བརྩིས་པ་བཅས་བསླབ་པ་ཉིས་བརྒྱ་དང་ལྔ་བཅུའོ། །
གཉིས་པ་སྒྲུབ་པའི་བསླབ་བྱ་ཇི་ལྟར་ཡིན། གསོ་སྦྱོང་དབྱར་གནས་དགག་དབྱེའི་སྒོ་ནས་བསླབ་བྱ་བསྲུང་ཞིང་དགེ་སྦྱོར་ལ་འབད་པའོ། །

གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་གང་ཡིན། བསྙེན་གནས་དང་དགེ་བསྙེན་ལ་རྩ་ལྟུང་བྱུང་ན་སྡོམ་པ་བསྐྱར་བ་དང་རབ་བྱུང་ལ་རྩ་ལྟུང་འཆབ་བཅས་གསོར་མི་རུང་ཞིང་འཆབ་མེད་གསོ་བ་དང་ལྟུང་བ་གཞན་རྣམས་ཚོགས་ཀྱིས་ཕྱིར་བཅོས་དང་རང་གིས་བཤགས་སྡོམ་བྱེད་པའོ། གཉིས་པ་ཐེག་ཆེན་གྱི་སོ་ཐར་ཇི་ལྟར་ཡིན། སོ་ཐར་གྱི་བསླབ་པ་ལ་བསམ་པ་དང་སེམས་བསྐྱེད་ཀྱིས་ཟིན་པ་སྟེ། ཆོ་ག་ཉན་ཐོས་དང་ཐུན་མོང་ཐེག་དམན་སོ་ཐར་ལ་སེམས་བསྐྱེད་ཀྱིས་ཟིན་པ་སྟེ། ཐེག་ཆེན་ཐུན་མིན་གྱི་སོ་ཐར་འདུལ་བ་རྒྱུད་དྲུག་གི་སོ་ཐར་ལྟ་བུ་དང་། ཆོ་ག་གོང་མ་དང་ཐུན་མོང་བ་བྱང་སྡོམ་སྐབས་ཐོབ་པ་དང་། གསང་སྔགས་དང་ཐུན་མོང་བ་ཕྱི་རྒྱུད་ཀྱི་གསོ་སྦྱོང་གི་ཆོ་ག་དང་། དབང་གི་སྟ་གོན་སྐབས་སུ་ཐོབ་པའི་སོ་ཐར་ལྟ་བུའོ། འོ་ན་བོན་ལུགས་ཀྱི་སོ་ཐར་འདི་ཐེག་ཆེན་དང་ཐེག་དམན་གང་ཡིན། ད་ལྟའི་སྡོམ་རྒྱུན་འདི་ནི་ཐེག་ཆེན་སོ་ཐར་ཡིན་ཏེ་བླ་ཆེན་གྱི་སྡོམ་རྒྱུན་འདི་ཐེག་ཆེན་ཡིན་པར་མཉམ་མེད་སོགས་ཀྱིས་བཞེད་དོ། འོ་ན་རང་ལུགས་ལ་ཐེག་དམན་སོ་ཐར་ཡོད་དམ། ཉན་ཐོས་ཀྱི་སྡོམ་པ་ཡིན་ན་ཐེག་དམན་སོ་ཐར་ཡིན་པས་ཡོད་མོད་ཀྱི། ཐེག་པ་ཐམས་ཅད་ཉམས་ལེན་གྱི་རིམ་པར་བཞེད་པས་བསྟན་པའི་སྤྱི་ལྡོག་ནས་ཐེག་པ་ཐམས་ཅད་ཐེག་ཆེན་གྱི་བསྟན་པའི་ཡན་ལག་ཡིན་པར་བཞེད་དོ། དེ་ལྟར་སོ་ཐར་གྱི་སྡོམ་པ་ཞུས་ནས་བོན་ལ་ལག་ལེན་ཇི་ལྟར་བགྱི། དེ་ཡང་སྟོན་པའི་རྗེས་སུ་འཇུག་པ་རྣམས་གནས་གཞི་གཅིག་ཏུ་འདུས་ཏེ་སྒྲིག་ལམ་གྱི་གཞི་བཟུང་། ཐོག་མར་མི་རྟག་པ་བསམ་པ་སོགས་ཀྱིས་རང་རྒྱུད་ལེགས་པར་སྦྱངས། ཟས་གོས་སྣོད་སྤྱད་གནས་མལ་སོགས་མཐའ་གཉིས་སུ་མ་ལྷུང་བར་བྱ། འདུལ་བ་དང་མི་མཐུན་པ་བྱུང་ན་ཐབས་ཀྱིས་ཚར་བཅད། ཉེས་སྐྱོན་བྱུང་རིགས་རྣམས་བཤགས་སྡོམ་གྱིས་སོར་ཆུད་པར་བྱ། དྲན་ཤེས་བག་ཡོད་ཀྱི་སྒོ་ནས་རང་ས་ཟིན་ཅིང་བསླབ་པ་གཙང་བར་བྱ། རྒྱུན་དུ་ཞི་གནས་གསོ་སྦྱོང་དང་འབྲེལ་བར་དྲན་པ་ཉེར་བཞག་སོགས་ལ་ཉམས་ལེན་བྱས་ནས་རིམ་གྱིས་ཐར་བའི་གོ་འཕང་ཐོབ་པ་ཞིག་བྱ་དགོས་པ་ཡིན་ནོ། ། འོ་ན་ནང་བྱང་སེམས་ཀྱི་སྡོམ་པ་ལ་ཐོག་མར་བརྒྱུད་པ་ནི་ཇི་ལྟ་བུ། བརྒྱུད་པ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ནས་རྒྱལ་ཚབ་བྱམས་པ། འ་ཞ་གསང་ཐུབ། མུ་ཆོ་ལྡེམ་དྲུག འཛམ་གླིང་རྒྱན་དྲུག ལོ་ཙཱ་མི་བཞི། བླ་ཆེན་དྲན་པ། ལོ་པཎ་གཤེན་བརྒྱད། གཤེན་གྱེར་རྨ་དབྱིལ། བྲུ་ཞུ་སྤ་རྨེའུ། དྲན་པ་ཡབ་སྲས། གཙང་བ་སྙིང་རྗེ་ཅན། སྨན་གོང་བ། ཁྱུང་སྒོམ་ཇོ་གཡུང་། དམ་པ་ཚུལ་ཤེས། གཡོར་བོ་མེ་དཔལ། བདུད་རྩི་རྒྱལ་མཚན། བློ་གྲོས་རྒྱལ་མཚན། འདུལ་བ་རྒྱལ་མཚན། རྒྱལ་བ་གཡུང་དྲུང་། ནམ་མཁའ་འོད་ཟེར། བསོད་ནམས་རྒྱལ་མཚན། བསོད་ནམས་བློ་གྲོས། རྣམ་རྒྱལ་ཀ་ར། རིན་ཆེན་བློ་གྲོས། མཉམ་མེད་ཆེན་པོ། དེ་ནས་ཤེས་རབ་གཡུང་དྲུང་བར་དུ་བརྒྱུད་ནས། སུམ་ལྡན་བསམ་གཏན་ཡེ་ཤེས། དེ་ནས་དབལ་མདོ་ཁམས་པ་ཆེན་པོ་ཤར་རྫ་བ་གཞན་ཕན་ནོར་བུ། དེ་ནས་བདག་ཅག་གི་དགེ་བའི་བཤེས་གཉེན་དབྲ་སྟོན་རྒྱལ་སྲས་གཞན་ཕན་ཕྲིན་ལས་རྒྱ་མཚོའི་བར་དུ་བརྒྱུད་པའོ། དེ་ལས་བྱུང་བའི་བྱང་ཆུབ་སེམས་སྡོམ་ལ་སྡོམ་པའི་ངོ་བོ་ཇི་ལྟར་ཡིན། ངོ་བོ་ནི་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱིས་ཀུན་ནས་བསླངས་ཏེ་སྒོ་གསུམ་གྱི་ཉེས་སྤྱོད་ཆ་དང་བཅས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། ། དེ་ལ་དབྱེ་བ་ཇི་ལྟར་མཆིས། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་སུ་མཆིས་སོ། དང་པོ་ཀུན་རྫོབ་སེམས་བསྐྱེད་ལ་འཇུག་ཚུལ་ཇི་ལྟར་ཡིན། དེ་ལ་གསུམ། སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་སྲུང་ཐབས། ཉམས་ན་ཕྱིར་བཅོས་པའི་ཚུལ་ལོ། དང་པོ་མ་ཐོབ་པ་ཐོབ་བྱེད་ཀྱི་ཚུལ་གང་ལྟར་ཡིན། ཡུལ་བླ་མའམ་རྟེན་གྱི་དྲུང་དུ་སྐྱབས་འགྲོ་དང་ཐར་སྡོམ་ཅི་རིགས་དང་ལྡན་པའི་གང་ཟག་གིས། ཆོ་ག་ཕྱི་རྒྱུད་ལས་བྱུང་བ་དྲི་མེད་ཀྱི་སེམས་སྡོམ་དང་ནང་རྒྱུད་ལས་བྱུང་བ་སེམས་ལུང་དང་བཀའ་རྟེན་ལས་བྱུང་བ་ཐེག་ཆེན་ལྷའི་མེ་ལོང་སོགས་ལྟར་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བས་སྨོན་འཇུག་གི་སྡོམ་པ་ཚུལ་བཞིན་ལེན་པའོ། ། གཉིས་པ་ཐོབ་པ་མི་ཉམས་པར་སྲུང་ཚུལ་གང་ལྟར་ཡིན། འདི་ལ་སྨོན་སེམས་དང་འཇུག་སེམས་ཀྱི་བསླབ་བྱ་གཉིས་མཆིས་སོ། དང་པོ་སྨོན་པའི་བསླབ་བྱ་གང་ཡིན། དཀར་ནག་བོན་བརྒྱད་ལ་བླང་དོར་བྱ་བ་དང་ཚད་མེད་བཞི་ལ་བློ་སྦྱོང་བའོ། འཇུག་པའི་བསླབ་བྱ་གང་ཡིན། དེ་ལ་སྡེ་བཞི་ཡོད་དེ། དང་པོ་ཐུགས་རྗེ་སེམས་དཔའི་ལུགས་སྡོམ་པ་ཉི་ཤུ། གཉིས་པ་གཡུང་དྲུང་སེམས་དཔའི་ལུགས་ལ་ཐུན་མིན་གྱི་བསླབ་བྱ་བོན་གྱི་མདོ་བཞི། ཐུན་མོང་གི་བསླབ་བྱ་ལ་བསྡུས་པ་ཉེར་བརྒྱད། ཡོངས་བསྡུས་སེམས་བསྐྱེད་མ་བཞི། ཡང་དག་བསྡུས་པ་སྣ་གཅིག་པ་དང་སྦྱིན་སོགས་ཕར་ཕྱིན་དྲུག་རྣམས་སོ། གསུམ་པ་མདོ་ཁུངས་ཀྱི་བསླབ་བྱ་བཙུན་མོ་མ་འགུ་ལིང་མའི་བཅས་ལྟུང་བདུན། གཏོ་བུ་དོད་དེའི་བཅས་ལྟུང་བདུན། དགེ་བསྙེན་ཁྱབ་པའི་བཅས་ལྟུང་བདུན་རྣམས་སོ། བཞི་བ་ཟབ་མོ་གཞུང་གི་བསླབ་བྱ་ལ་སྤང་བྱ་བཞི། བླང་བྱ་བཞི། སེམས་བསྐྱེད་མ་བཞི་རྣམས་ཏེ་དེ་དག་ནི་བསླབ་བྱའོ། གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་གང་ཡིན། སྨོན་སེམས་ཉམས་པ་དང་རྩ་ལྟུང་ཆེན་པོ་བྱུང་ན་སྡོམ་པ་སླར་ཡང་བསྐྱར་དགོས་ཤིང་། རྩ་ལྟུང་འབྲིང་དང་ཆུང་ངུའི་རིགས་རྣམས་ལ་ཕྱིར་བཅོས་དང་བཤགས་སྡོམ་ཅི་རིགས་པས་དག་པར་བྱ་དགོས་སོ། གཉིས་པ་དོན་དམ་སེམས་བསྐྱེད་ཀྱི་ཚུལ་གང་ལྟར་ཡིན། དོན་དམ་སེམས་བསྐྱེད་དངོས་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཡིན་ཅིང་། རྗེས་མཐུན་པ་ལས་དང་པོ་བའི་སྟོང་ཉིད་མོས་པས་རྣམ་པ་ལམ་བྱེད་ཚུན་ཆད་དེར་གཏོགས་ལ། དེ་ཉིད་མ་བསྒོམ་ན་ཇི་བཞིན་པ་མི་སྐྱེ་ཡང་དབང་བཞི་པའི་ཡེ་ཤེས་ཚིག་ཙམ་ལས་སྐྱེ་བ་དང་བྱང་སྡོམ་གྱི་ནང་གསེས་རིག་པའི་ཡེ་ཤེས་ཀྱི་སེམས་བསྐྱེད་བཞིན་རྗེས་མཐུན་ཙམ་ཆོ་གས་བསྐྱེད་པའང་མཆིས་སོ། དེ་ལྟར་བྱང་སྡོམ་ཞུས་ནས་བོན་ལ་ལག་ལེན་ཇི་ལྟར་བགྱི། དེ་ཡང་དད་དང་སྙིང་རྗེ་སོགས་ཐེག་ཆེན་གྱི་རིགས་ཡོད་པའི་གང་ཟག་རྣམས་ཀྱིས་ཐོག་མར་སེམས་སྡོམ་བླང་ནས་བཟུང་། སྐྱབས་སེམས་སྔོན་དུ་བཏང་ནས་ཚད་མེད་བཞི་སོགས་ལ་བློ་སྦྱངས་བྱ། རྒྱུན་དུ་སྦྱིན་པ་སོགས་ཕར་ཕྱིན་དྲུག་སོ་སོ་ལ་གནས་སྐབས་ཀུན་ཏུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བརྩོན། བསྡུ་དངོས་བཞིའི་སྒོ་ནས་གཞན་ཕན་ཅི་ནུས་བྱས་ནས་དགེ་བ་ལས་སེམས་གཞན་གྱིས་མི་འཕྲོག་པ་ནས་ཚོགས་ལམ་གྱི་སྣེ་ཟིན་པ་ཡིན་པས། རིམ་གྱིས་ཞི་ལྷག་གི་ཏིང་འཛིན་དང་འབྲེལ་བར་བྱང་ཕྱོགས་ཀྱི་བོན་རྣམས་ལ་ཉམས་ལེན་བྱས་ནས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པ་ཞིག་བྱ་དགོས་པ་ཡིན་ནོ། །
འོ་ན་གསང་བ་སྔགས་ཀྱི་སྡོམ་པ་ལ་ཐོག་མར་བརྒྱུད་པ་ནི་ཇི་ལྟ་བུ། བརྒྱུད་ཚུལ་ཤིན་ཏུ་མང་ཡང་ཡེ་གཤེན་ཆེན་པོ་སྤྱི་སྤུངས་ལྟར་ན། སྐུ་གསུམ་སངས་རྒྱས། གོང་མ་ཆེ་དྲུག གདུང་བརྒྱུད་བཅུ་གསུམ། མཁས་པ་མི་བཞི། འཆི་མེད་དྲན་པ། གཤེན་གྱེར་རྨ་དབྱིལ། བྲུ་ཞུ་སྤ་རྨེའུ། གཙང་གི་སྟོན་པ་བཅོ་བརྒྱད། རྗེ་མཉམ་མེད་ཆེན་པོ། ལུང་ཟིན་མཁན་རབས་ཉེར་ལྔ། གཏེར་ཆེན་ཚེ་དབང་གྲགས་པ། ཤར་རྫ་བ་ཆེན་པོ་འཇིགས་མེད་དབང་བོ། གར་དབང་གསང་སྔགས་གླིང་བ། དེ་ནས་བདག་ཅག་གི་དཔོན་གསས་བླ་མ་དམ་པ་དབྲ་སྟོན་རིག་འཛིན་འཆི་མེད་རྣམ་རྒྱལ་དབང་བོའི་བར་དུ་བརྒྱུད་པའོ། དེ་ལས་བྱུང་བའི་གསང་སྔགས་ཀྱི་སྡོམ་པ་ལ་སྡོམ་པའི་ངོ་བོ་ཇི་ལྟར་ཡིན། ཐ་མལ་གྱི་རྣམ་རྟོག་ཐབས་ཤེས་ཁྱད་པར་ཅན་གྱིས་སྡོམ་པར་དམ་བཅས་ནས་དེ་ལ་སློབ་པའི་སེམས་པ་དབང་སོ་སོ་ལས་བྱུང་བའི་ཚུལ་ཁྲིམས་སོ། དེ་ལ་དབྱེ་བ་ཇི་ལྟར་མཆིས། ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་ཀྱི་སྡོམ་པ་གསུམ་དུ་མཆིས་སོ། དེ་དག་ལ་འཇུག་ཚུལ་ཇི་ལྟར་ཡིན། དེ་ལ་གསུམ། སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཐབས། ཐ་མ་ཉམས་ན་ཕྱིར་བཅོས་པའི་ཚུལ་ལོ། དང་པོ་མ་ཐོབ་པ་ཐོབ་བྱེད་ཀྱི་ཚུལ་གང་ལྟར་ཡིན། དཔོན་གསས་མཚན་ལྡན་གྱི་མདུན་ནས་རྟེན་གྱི་གང་ཟག་སྐལ་བ་དང་ལྡན་པས་ཕྱི་ནང་གསང་བའི་དབང་བསྐུར་རིམ་པར་ཞུས་པས་དང་པོ་སྟ་གོན་ནས་དཀྱིལ་འཁོར་དུ་འཇུག་པ་དང་དངོས་གཞི་མཐའ་རྟེན་བཅས་རྫོགས་པ་ལས་སྡོམ་པ་ཅི་རིགས་སུ་ཐོབ་པའོ།
གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་གང་ལྟར་ཡིན། འདི་ལ་རྒྱུད་སྡེ་ཕྱི་ནང་གསང་གསུམ་གྱི་དམ་ཚིག་གསུམ་དུ་མཆིས་སོ། ཕྱི་རྒྱུད་ཀྱི་དམ་ཚིག་ཇི་ལྟར་ཡིན། བྱ་རྒྱུད་ཀྱི་དམ་ཚིག་ལ་རྣམ་པ་དྲུག་དང་། སྤྱོད་རྒྱུད་ཀྱི་དམ་ཚིག་ལ་རྣམ་གྲངས་བཞི། ཡེ་གཤེན་གྱི་དམ་ཚིག་ལ་རིག་ལྔའི་དམ་ཚིག་དང་རྩ་ལག་གི་དམ་ཚིག་རྣམས་མཆིས་སོ། ནང་རྒྱུད་ཀྱི་དམ་ཚིག་ཇི་ལྟར་ཡིན། འདི་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་དམ་ཚིག་གཉིས་མཆིས་སོ། བསྐྱེད་རིམ་གྱི་དམ་ཚིག་ཇི་ལྟར་ཡིན། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ཏེ། རྩ་བའི་དམ་ཚིག་ལ། དཔོན་གསས། ཡི་དམ་གྱི་ལྷ། སྔགས་དང་ཕྱག་རྒྱ། མཆེད་གྲོགས་དང་འགལ་བ། གསང་བ་བསྒྲགས་པ་སྟེ་ལྔ་དང་། ཡན་ལག་གི་དམ་ཚིག་ལ་སྤྱད་བྱ་ལྔ། མི་སྤོང་བ་ལྔ། དང་དུ་བླང་བ་ལྔ། ཤེས་བྱ་ལྔ། བསྒྲུབ་བྱ་ལྔ་བཅས་ཉེར་ལྔ་སྟེ་བསྡོམས་པས་སུམ་ཅུའོ། གཉིས་པ་རྫོགས་རིམ་གྱི་དམ་ཚིག་གང་ལྟར་ཡིན། འདི་ལ་རིམ་པ་དྲུག་ལས། དང་པོ་རྩ་བའི་དམ་ཚིག་བླ་མ་མི་སྨོད་པ་སོགས་ལྔ་དང་། གཉིས་པ་ཡན་ལག་གི་དམ་ཚིག་ལ་བཞི་ཚན་ལྔ་སྟེ་ཉི་ཤུ་དང་། གསུམ་པ་སྤྱི་དམ་ལ་དྲུག་སྟེ། དུག་སྐྱོན་ལྔ། དུག་སྐྱོད་ལྔ། སྤོང་བ་ལྔ། མི་འདའ་བ་ལྔ། བསྒྱུར་བ་ལྔ། སྤྱོད་པ་ལྔ་སྟེ་སུམ་ཅུ་དང་། བཞི་བ་སྦོམ་པོ་ལ་བཅུ་དྲུག་དང་། ལྔ་བ་ཉེས་བྱས་ལ་དགུ། དྲུག་པ་རྣམ་གྲངས་གཞན་ལ་ཆེ་བ་བཞི། རྣལ་འབྱོར་དྲུག སྐྱོན་དགུ། ཉམས་པའི་ཡན་ལག་བདུན། དབང་མ་ཞུས་པ་བདུན། གདར་ཤ་མ་ཆོད་པ་བཅུ་གཉིས་ཏེ་རྩ་བ་ལྔ་ནས་ཉམས་པ་བདུན་ཡན་ཆད་བརྒྱ་དང་རྩ་དྲུག དབང་མ་ཞུས་པ་དང་གདར་ཤ་མ་ཆོད་པ་གཉིས་བསྣན་པས་བརྒྱ་དང་རྩ་བརྒྱད་དོ། གསུམ་པ་གསང་རྒྱུད་ཀྱི་དམ་ཚིག་གང་ལྟར་ཡིན། འདི་ལ་ཐུན་མོང་གི་དམ་ཚིག་བཅུ་ཚན་གསུམ་སྟེ་སུམ་ཅུ། མཐར་ཐུག་གི་དམ་ཚིག་ཏུ་མེད་ཕྱལ་སོགས་བཞི་སྟེ་དམ་ཚིག་གི་རྐང་གྲངས་ཙམ་ནི་དེ་དག་གོ། །
གསུམ་པ་ཉམས་ན་ཕྱིར་བཅོས་བྱ་ཚུལ་ཇི་ལྟར་ཡིན། སྔགས་ཀྱི་དམ་ཚིག་ཉམས་པ་མ་བཤགས་ན་ངན་སོང་མནར་མེད་དུ་སྐྱེ་ཡང་བཤགས་ན་ནི་རང་གིས་ཀྱང་གསོ་ནུས་པས་རྩ་ལག་གི་ཉམས་ཆགས་སོ་སོར་བཤགས་ཚུལ་རང་གཞུང་ལས་བྱུང་བ་ལྟར་དང་ཁྱད་པར་ཚོགས་མཆོད་བསྐང་བཤགས་ཡིག་བརྒྱ་རྣམས་ལ་སྙིང་ནས་འབད་ཅིང་གསོ་བར་བྱའོ། དེ་ལྟར་སྔགས་སྡོམ་ཞུས་ནས་བོན་ལ་ལག་ལེན་ཇི་ལྟར་བགྱི། དེ་ཡང་བླ་ སློབ་མཚན་ཉིད་དང་ལྡན་པས་གསང་སྔགས་སྨིན་གྲོལ་གྱི་སྒོར་ཞུགས་ནས་དམ་ཚིག་རྣམས་སྲོག་དང་བསྡོས་ཏེ་བསྲུངས། གསང་དོན་རྣམ་འབྱེད་སོགས་ལ་ལེགས་པར་བསླབ་ནས་སྔགས་ཀྱི་གོ་བ་བསྐྱེད། རྟོགས་པའི་ལྟ་བ་གཞིར་བཞག་ནས་བསྐྱེད་རྫོགས་རིམ་པ་གཉིས་ལ་འབད་དགོས་པའི་དུས་དང་རྒྱུན་གྱི་ཡི་དམ་དང་བསྙེན་སྒྲུབ་དང་ཉམས་ལེན་ཅི་ནུས་བྱ། ཚོགས་དང་གཏོར་མ་སོགས་སྦྱིན་པ་རྣམ་བཞི་ཅི་རིགས་མ་ཆགས་པར་བྱ། གྲོགས་སྤྱོད་པ་ལ་བརྟེན་ནས་བོགས་དབྱུང་སྟེ་ཡུན་མི་རིང་བར་ཟུང་འཇུག་གཡུང་དྲུང་འཆང་གི་གོ་འཕང་ཐོབ་པ་ཞིག་བྱ་དགོས་པ་ཡིན་ནོ། །
འོ་ན་སྡོམ་པ་གསུམ་ལ་འཇུག་ཚུལ་གྱི་ལག་ལེན་ཇི་ལྟར་ཡིན། དབང་རབ་སྔགས་སྡོམ་ལས་སྡོམ་གསུམ་ཅིག་ཅར་དུ་སྐྱེ་བ་དང་། དབང་འབྲིང་སོ་སོའི་ཆོ་ག་ལ་བརྟེན་སོ་སོར་ལེན་པ་དང་། དབང་ཐས་དགེ་བསྙེན་ནས་སྡོམ་པ་ཇི་ནུས་སུ་ལེན་པའོ། སོ་ཐརབླང་ནས་སྔགས་ལ་མ་ཞུགས་ན་ཅིར་འགྱུར། རྒྱུའི་གཤེན་རབ་ཏེ་རིང་ལམ་ཡིན་པས་ཉེ་ལམ་ནི་མེད་དོ། སྔགས་ལ་ཞུགས་ནས་སོ་ཐར་མ་བླང་ན་ཅིར་འགྱུར། སྔགས་བོན་ནམ་ཁྱིམ་པ་རིག་པ་འཛིན་པ་སྟེ་ཉེ་ལམ་ཡིན་ཀྱང་འདུལ་བའི་རྟགས་མེད་པས་བསྟན་པ་ལ་བྱ་བ་བྱེད་ནུས་པ་མིན་ནོ། འོ་ན་གང་ལྟར་བྱས་ན་ལེགས་པ་ཡིན། དབང་འབྲིང་གི་ལུགས་ལྟར་སྡོམ་གསུམ་སོ་སོར་ལེན་པ་དབང་པོ་རྣོ་རྟུལ་གཉིས་དང་མི་འགལ་ཞིང་གང་ཟག་གཅིག་ལ་བསྟན་པ་ཡོངས་སུ་རྫོགས་པར་འགྱུར་བས་དེ་ལྟར་ལེགས་པ་བདག་གི་མཁན་སློབ་རྣམས་ལས་ཐོས་སོ། སྡོམ་པ་གསུམཔོ་གང་ཟག་གཅིག་གིས་བླང་ན་ཅིར་འགྱུར། དེ་ལ་སུམ་ལྡན་རིག་པ་འཛིན་པ་ཞེས་བྱ་སྟེ་རྒྱལ་བའི་བསྟན་པ་ཐམས་ཅད་ལ་ཞུགས་པའོ། དེ་དག་དོན་དུ་མི་འགལ་ལམ། མི་འགལ་ཏེ་གནས་འགྱུར་ཡོན་ཏན་ཡར་ལྡན་གྱི་རིང་ལུགས་བཞིན་དུ་ཕྱི་སོ་ཐར་ནང་བྱང་སེམས་གསང་བ་སྔགས་དང་མཐུན་པར་ཕྱག་ལེན་དུ་ཐེབས་ན་བསྟན་པའི་བདག་པོ་རྒྱལ་བ་མཉམ་མེད་ཆེན་པོའི་བཀའ་སྲོལ་རྨད་དུ་བྱུང་བ་ཡིན་པས། དེ་ལྟར་ཤེས་ནས་བསྟན་པ་ཡོངས་རྫོགས་ལ་འབྲེལ་འཇོག་བྱེད་པ་དེང་སང་གི་བསྟན་འཛིན་དམ་པ་རྣམས་ཀྱི་ལག་ལེན་ཡིན་པར་གདའ་འོ། འོ་ལེགས་ཏེ་དེ་ལྟར་ངེས་པས་སྡོམ་པ་གསུམ་གྱིས་རང་རྒྱུད་སྡོམ་པ་ནི་རང་དོན་གཞན་དོན་གཉིས་ཀ་ལ་བྱ་བ་བྱས་པ་ཡིན་ནོ། དེ་ལྟར་ཡིན་པར་གདའ་སྟེ་སྡོམ་པས་རང་རྒྱུད་བསྡམས་ན་ལེགས་ཚོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་ས་ལམ་གྱི་ཡོན་ཏན་ཐམས་ཅད་རིམ་གྱིས་རྫོགས་པ་དང་། ཡུལ་གང་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་གཞི་ཚུགས་ཤིང་བསྟན་པའི་མཛེས་རྒྱན་དུ་འགྱུར་བས་གདུལ་བྱའི་དོན་རྒྱ་ཆེན་པོར་འགྲུབ་པའི་རྒྱུ་མ་ནོར་བ་ཡིན་ནོ། དེ་ལྟར་ཁྱེད་ཀྱིས་ལེགས་པར་སྨྲས་ཏེ་སྡོམ་པ་ལ་གཅེས་སྤྲས་ཀྱི་བློས་ལན་ལེགས་པར་གནང་ཞིང་ཚུལ་བཞིན་དུ་སྤོབས་པར་གྱུར་པ་ལ་རྗེས་སུ་ཡི་རང་ངོ་། ཞེས་གླེང་ངོ་། བསླབ་པ་དྲི་བའི་གནས་ཏེ་གཉིས་པའོ།། །།

ཐོས་པ་དྲི་བ། འདིར་གཞི་སྡོམ་པ་གསུམ་གྱིས་རྒྱུད་བསྡམ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་ཐོག་མར་ཤེས་བྱའི་གནས་ལ་འཆད་ཉན་གྱིས་འཇུག་དགོས་པས་ཐོས་པ་དྲི་བ་ནི། ཀྱེ་བཙུན་པ། ཁྱེད་ནི་གནས་སྡེ་གང་ཞིག་ནས་མཆིས། བདག་ནི་མདོ་ཁམས་མཁས་པའི་འབྱུང་གནས་གནས་ཆེན་གསང་བ་ཡང་རྫོང་གི་སྒྲུབ་སྡེ་བྱང་ཆུབ་གླིང་གི་རུ་ལག་བཀྲ་ཤིས་པའི་གཙུག་ལག་ཁང་གཤེན་བསྟན་ལེགས་བཤད་མདོ་སྔགས་གླིང་ནས་སོ། ཁྱེད་ཀྱི་གནས་ཚུལ་ནི་ཇི་ལྟ་བུ་ཞིག བདག་ནི་སྐྱེས་སྦྱངས་ཀྱི་བློ་གྲོས་དམན་ཡང་བོན་སྡེ་ཕྱི་ནང་གི་ཀློག་པ་འཆད་ཉན་གྱི་ཚུལ་ལ་ཅུང་ཟད་བརྩོན་པའི་དགེ་སྦྱོང་གི་གཟུགས་བརྙན་ཞིག་ལགས་སོ། ཁྱོད་ཀྱི་ཀློག་གི་སློབ་དཔོན་ནི་སུ། སྙིགས་དུས་ཀྱི་གཤེན་གྱི་རིགས་པ་སྨྲ་བའི་དྲང་སྲོང་དགེ་བའི་བཤེས་གཉེན་དམ་པ་མཁན་ཆེན་བསྐལ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའོ། འོ་ན་ཀློག་པ་ཐོས་བསམ་གྱི་གནས་ལས་བརྩམ་སྟེ་འབེལ་མཆིད་ཀྱི་བགྲོ་གླེང་འགའ་ཞིག་བགྱི་བར་འཚལ་ན་སྤྲོའམ། བདག་ནི་བློ་རིག་རྟུལ་བས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེན་པོ་ཇི་བཞིན་སྨྲ་བའི་སྤོབས་པ་མ་མཆིས་ཀྱང་འོལ་སྤྱི་ཙམ་དུ་གླེང་བ་ལ་ཧ་ཅང་མི་འདོད་པའང་མ་མཆིས་སོ། འོ་ན་ལེགས་པར་སྨོས་དང་ཐོས་པ་ལ་འཇུག་པའི་ཡུལ་ནི་གང་ལྟར་མཆིས། དེ་ལ་གསུམ་དུ་མཆིས་ཏེ། སྤྱིར་རིག་པའི་གནས་དང་འཇིག་རྟེན་གྱི་ལམ། བྱེ་བྲག་ཐེག་པ་ཆེ་ཆུང་གི་ཤེས་བྱའི་རྣམ་གྲངས། ཁྱད་པར་རྒྱུ་འབྲས་བླ་མེད་ཀྱི་ཐེག་པའི་རྣམ་བཞག་རྣམས་སོ། །
འོ་ན་དང་པོ་རིག་གནས་ཀྱི་སྐོར་ལ་ཇི་ལྟར་མཆིས། གཞི་ཡི་གེའི་སྦྱོར་བ། རིག་གནས་སོ་སོའི་རྣམ་གྲངས། ཚུར་མཐོང་འཇིག་རྟེན་གྱི་ལམ་རིམ་མོ། དང་པོ་ཡི་གེའི་རྣམ་བཞག་ཇི་ལྟར་ཡིན། སྤྱིར་གཙོ་ཆེ་བ་ཚངས་པའི་ཡི་གེ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་དང་། སྟག་གཟིག་གི་སྤུངས་སོ་ཆེ་ཆུང་། ཞང་ཞུང་གི་ཡིག་རྒན། སྨར་ཡིག་ཆེ་ཆུང་། དེ་ལས་བོད་ཀྱི་གཟབ་ཆེ་ཆུང་། གཤར་ཡིག་ཆེ་ཆུང་། འབྲུ་ཚ་དཀྱུས་ཡིག་རྣམས་བྱུང་བ་སྟེ། དེ་དག་ལ་གཞི་ཡི་གེའི་རྣམ་བཞག་དང་། དེ་ལ་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་འཇུག་ཚུལ། དེ་ཉིད་འབྲུ་ཀློག་དང་སྦྱོར་ཀློག་གི་སྒོ་ནས་སྒྲའི་གནས་བརྒྱད་དང་འབྲེལ་བར་གང་དགོས་པའི་དོན་ལ་འཇུག་པའོ། ། ། །
གཉིས་པ་རིག་གནས་སོ་སོའི་རྣམ་གྲངས་ལ་ཇི་ལྟར་མཆིས། བསྟན་པ་སྔ་དར་དང་ཕྱི་དར་གྱི་སྲོལ་གཉིས་མཆིས་སོ། སྔ་དར་གྱི་སྲོལ་གང་ལྟར་ཡིན། རིག་གནས་ལ་ལྔ་ཡོད་པ་ལས། བཟོ་རིག་པ་ནི་གཞན་རྗེས་སུ་འཛིན་པའི་ཆེད་དུ་སྲིད་པ་སངས་པོ་འབུམ་ཁྲིས་གསུངས་པ་སྟེ་བཟོ་རིག་པའི་འབུམ་གསུམ་ལྟ་བུ་ཡིན། སྒྲ་ཚད་རིག་པ་ནི་རྒོལ་བ་ཚར་གཅོད་པའི་ཆེད་དུ་ཡེ་མཁྱེན་དགྲ་བླའི་རྒྱལ་བོས་གསུངས་པ་སྟེ་སྒྲ་ཚད་ཀྱི་འབུམ་གསུམ་ལྟ་བུ་ཡིན། གསོ་བ་རིག་པ་ནི་ལུས་སྲོག་གསོ་བའི་ཆེད་དུ་ཡེ་མཁྱེན་སྨན་ལྷའི་རྒྱལ་བོས་གསུངས་པ་སྟེ་སྨན་འབུམ་གསུམ་ལྟ་བུ་ཡིན། ཕྱི་རིག་པ་ནི་སྣང་སྲིད་ཀྱི་ལེགས་ཉེས་སྟོན་པའི་ཆེད་དུ་ཡེ་དབང་སའི་རྒྱལ་བོས་གསུངས་པ་སྟེ་རྩིས་རྒྱུད་ཀྱི་འབུམ་གསུམ་ལྟ་བུ་ཡིན། ནང་རིག་པ་ནི་གདོན་བགེགས་ཐབས་ཀྱིས་བཅོས་པའི་ཆེད་དུ་ཡེ་དབལ་མཐུ་སྟོབས་རྒྱལ་བོས་གསུངས་པ་སྟེ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལྟ་བུ་ཡིན་ནོ། ཕྱི་དར་གྱི་སྲོལ་གང་ལྟར་ཡིན། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུར་མཆིས་སོ། རིག་གནས་ཆེ་བ་ལྔ་གང་ལྟར་ཡིན། ཚིག་གི་འཁྲུལ་བ་སེལ་བྱེད་བརྡ་སྤྲོད་པའི་རིག་པ་ཀ་ཙན་དབྱངས་གསུམ་ལྟ་བུ་དང་། དོན་གྱི་འཁྲུལ་བ་སེལ་བྱེད་ཚད་མའི་རིག་པ་སྡེ་བདུན་མདོ་དང་བཅས་པ་ལྟ་བུ་དང་། རྗེས་འཛིན་བཟོའི་རིག་པ་དུས་འཁོར་ལས་བྱུང་བའི་ལྷའི་ཆ་ཚད་དང་འཕྲུལ་འཁོར་གྱི་རྣམ་བཞག་ལྟ་བུ་དང་། ཕན་བྱེད་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞི་ལྟ་བུ་དང་། ནང་དོན་རིག་པ་བོད་ན་ཡོངས་གྲགས་མཚན་ཉིད་ཀྱི་གཞུང་ལྔ་རྣམས་སོ། ཆུང་བ་ལྔ་གང་ལྟར་ཡིན། ཀུན་རྫོབ་བླང་དོར་སྟོན་པའི་རྩིས་རིག ལུས་དང་རྒྱན་ གྱིས་བསྡུས་པའི་སྙན་ངག པྲྀ་ཏ་ཛཱ་ཏིས་བསྡུས་པའི་སྡེབ་སྦྱོར། རྗོད་བྱེད་མིང་གི་མངོན་བརྗོད། ཡན་ལག་ཟློས་གར་དང་བཅས་པ་རྣམས་སོ། །
གསུམ་པ་ཚུར་མཐོང་འཇིག་རྟེན་པའི་ལམ་རིམ་གང་ལྟར་ཡིན། ལམ་ལ་ཞུགས་པ་ནི་འཇིག་རྟེན་ཐ་མལ་བ་ཡིན་པ་ལ། ཞུགས་པ་ལམ་ལོག་པ་ཕྱི་རོལ་བ་དང་། མངོན་མཐོའི་རང་ལམ་སྲིད་པའི་བོན་དང་གཉིས་སོ། ཕྱི་རོལ་བ་ལ་ཇི་ལྟར་མཆིས། ལྷ་དང་མིའི་ཡུལ་དུ་བྱུང་བའི་ཕྱི་རོལ་པ་མང་ན་ཡང་གྲགས་ཆེ་བ། བྱེ་བྲག་པ་སོགས་རིགས་པར་སྨྲ་བ་བཞི། བྱེད་པོར་སྨྲ་བ་གཅིག དབུ་མར་སྨྲ་བ་གཉིས། སེམས་སུ་སྨྲ་བ་གཉིས་ཏེ་རྟག་ལྟ་སྡེ་དགུ། རྣམ་མཁྱེན་དགེ་སྡིག་ཚེ་སྔ་ཕྱི་མེད་པ་སྟེ་ཆད་ལྟ་སྡེ་གསུམ་བཅས་བཅུ་གཉིས་མཆིས་སོ། མངོན་མཐོའི་རང་གཞུང་གི་ལམ་ལ་ཇི་ལྟར་མཆིས། ལྷ་མིའི་ཐེག་པ་དང་ཚངས་པའི་ཐེག་པ་གཉིས་མཆིས་ཏེ། ལྷ་མིའི་ཐེག་པ་ནི་དགེ་སྡིག་ལ་བླང་དོར་བྱས་ནས་གནས་སྐབས་སུ་མངོན་མཐོ་ལྷ་དང་མིའི་གནས་ཐོབ་པ་དང་། ཚངས་པའི་ཐེག་པ་ནི་ཚད་མེད་བཞི་དང་བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་འཛིན་སོགས་ལ་བརྟེན་ནས་ཁམས་གོང་མ་ནས་སྲིད་རྩེའི་བར་དུ་བགྲོད་བྱེད་ཀྱི་ལམ་ཡིན་ལ། དེ་དག་ལ་ཞི་གནས་ཡོད་ཀྱང་ལྷག་མཐོང་ཞི་རགས་ཀྱི་རྣམ་པ་སོགས་ལས་སྟོང་ཉིད་ཀྱི་ལྟ་བ་མེད་པས་ཐར་ལམ་མ་ཡིན་ཀྱང་འདི་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་འགྲུབ་པས་ཕྱི་ནང་ཐམས་ཅད་ཀྱི་ཐུན་མོང་གི་ལམ་ཡིན་ཅིང་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྔོན་འགྲོའང་ཡིན་ནོ། །
གཉིས་པ་ཐེག་པ་སྤྱིའི་ཤེས་བྱའི་རྣམ་གྲངས་ལ་ཇི་ལྟར་མཆིས། ཐུན་མོང་སྤྱིའི་ལུགས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག ཐེག་ཆེན་ཐུན་མིན་གྱི་ལུགས་འཁོར་འདས་བོན་གྱི་རྣམ་གྲངས། ཐེག་པ་སྤྱི་བསྡུས་རྟེན་འབྲེལ་གྱི་རྣམ་བཞག་དང་གསུམ་དུ་མཆིས་སོ། དང་པོ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་གང་ལྟར་ཡིན། འདི་ལ་ཕུང་བོ་དང་སྐྱེ་མཆེད་དང་ཁམས་གསུམ་ལས། དང་པོ་ཕུང་བོ་ལ་ཟག་བཅས་དང་ཟག་མེད་གཉིས་ལས། དང་པོ་ཟག་བཅས་ཀྱི་ཕུང་བོ་ལ་ལྔ་ལས། དང་པོ་གཟུགས་ལ་བཅོ་ལྔ། གཉིས་པ་ཚོར་བ་ལ་གསུམ། གསུམ་པ་འདུ་ཤེས་ལ་གསུམ། བཞི་བ་འདུ་བྱེད་ལ་ལྔ་བཅུ་ང་གཅིག ལྔ་བ་རྣམ་ཤེས་ཚོགས་བརྒྱདཡོད་ལ། གཉིས་པ་ཟག་མེད་ཀྱི་ཕུང་བོ་ལའང་ལྔ་ལས། དང་པོ་ཚུལ་ཁྲིམས་ཀྱི་ཕུ་བོ་ལ་ཉིས་བརྒྱ་ལྔ་བཅུ། གཉིས་པ་ཏིངངེ་འཛིན་གྱི་ཕུང་བོ་ལ་བཅུ་དྲུག གསུམ་པ་ཤེས་རབ་ཀྱི་ཕུང་བོ་ལ་དགུ། བཞི་བ་རྣམ་གྲོལ་གྱི་ཕུང་བོ་ལ་བརྒྱད། ལྔ་བ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་བོ་ལ་དྲུག་མཆིས་སོ། གཉིས་པ་སྐྱེ་མཆེད་ལ་ནང་དང་ཕྱིའི་སྐྱེ་མཆེད་བཅུ་གཉིས་ལས། དང་པོ་ལ་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་སྐྱེ་མཆེད་དེ་རེ་རེ་ལ་དྲུག་རེ་ཕྱེ་བས་སོ་དྲུག གཉིས་པ་ལ་གཟུགས་སྒྲ་དྲི་རོ་རེག་བོན་གྱི་སྐྱེ་མཆེད་དེ་རེ་རེ་ལ་དྲུག་རེ་ཕྱེ་བས་སོ་དྲུག་གོ། གསུམ་པ་ཁམས་ལ་འབྱུང་བ་དང་དབང་བོ་དང་སེམས་ཅན་གྱི་ཁམས་གསུམ་ལས། དང་པོ་ལ་ནམ་མཁའ་རླུང་མེ་ཆུ་ས་ལ། གཉིས་པ་དབང་བོའི་ཁམས་ལ་རྟེན་མིག་སོགས་དབང་བོ་དྲུག དམིགས་པ་གཟུགས་སོགས་ཡུལ་དྲུག དེ་ལས་མིག་གི་རྣམ་ཤེས་སོགས་དབང་ཤེས་དྲུག་དང་བཅོ་བརྒྱད་དོ།། གསུམ་པ་སེམས་ཅན་གྱི་ཁམས་ལ་ཁམས་གསུམ་ལས། དང་པོ་འདོད་ཁམས་ལཉི་ཤུ། གཉིས་པ་གཟུགས་ཁམས་ལ་བཅུ་བདུན། གསུམ་པ་གཟུགས་མེད་ལ་བཞིར་དབྱེར་ཡོད་པ་ཡིན་ནོ།། གཉིས་པ་ཐུན་མིན་འཁོར་འདས་བོན་གྱི་རྣམ་གྲངས་གང་ལྟར་ཡིན། འདི་ལ་འཁོར་འདས་ཀྱི་བོན་གྱི་རྣམ་གྲངས་གཉིས་ལས། དང་པོ་འཁོར་བའི་བོན་ལ་སྡེ་ཚན་དྲུག་ཡོད་དེ། དང་བོ་གཟུགས་སོགས་ཕུང་བོ་ལྔ། གཉིས་པ་མིག་དང་གཟུགས་ཀྱི་སྐྱེ་མཆེད་སོགས་བཅུ་གཉིས། གསུམ་པ་མིག་གི་རྣམ་ཤེས་སོགས་རྣམ་ཤེས་དྲུག བཞི་བ་མིག་གི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱི་ཚོར་བ་སོགས་རྐྱེན་ཚོར་དྲུག ལྔ་བ་སའི་ཁམས་སོགས་ཁམས་ལྔ། དྲུག་པ་མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་རྣམས་ཏེ་དེ་དག་གི་ནང་གསེས་ནི་ཤིན་ཏུ་མང་ངོ་།། གཉིས་པ་མྱང་འདས་ཀྱི་བོན་གྱི་རྣམ་གྲངས་ལ་གསུམ་ལས། དང་པོ་གོམས་བྱ་ལམ་གྱི་རྣམ་བཞག་ལ། སྤྱོད་པ་དང་ལྟ་བ་གཉིས། དང་པོ་ལ་སྦྱིན་པ་སོགས་བླ་ན་མེད་པ་ཕྱིན་པ་བཅུ། གཉིས་པ་ལ་ཕྱི་སྟོང་བ་ཉིད་སོགས་སྟོང་ཉིད་བཅོ་བརྒྱད་རྣམས་སོ།། གཉིས་པ་གོམས་བྱེད་བློའི་རྣམ་བཞག་ལ་གཉིས་ལས། དང་པོ་ཐེག་དམན་དང་ཐུན་མོང་གི་རྣམ་པ་བཅུ་གཉིས་ནི་དྲན་པ་ཉེར་བཞག་བཞི། ཡང་དག་པའི་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་བ་བཞི་རྣམས་སོ།། གཉིས་པ་གཡུང་དྲུང་སེམས་དཔའ་དང་ཐུན་མོང་གི་རྣམ་པ་སོ་དྲུག་ནི་དབང་བོ་དྲུག་དང་། ཏིང་ངེ་འཛིན་ལྔ། གཤེན་རབ་ཀྱི་ལམ་བཞི། མི་འཇིགས་པའི་སྟོབས་བཅུགསུམ། ཐར་བའི་ལམ་བརྒྱད། ཕྱིར་མི་ལྡོག་པའི་འབྲས་བུ་བཅུ་དྲུག ལན་གཅིག་ཕྱིར་འོང་བའི་འབྲས་བུ་བཅུ་གཅིག རྒྱུན་དུ་ཞུགས་པའི་འབྲས་བུ་བརྒྱད་རྣམས་སོ།། གསུམ་པ་གོམས་པ་མཐར་ཕྱིན་གྱི་འབྲས་བུ་ལ་བཅུ་དགུ་སྟེ། ཚད་མེད་པ་བཞི་དང་། གཡུང་དྲུང་གི་བོན་ཕྱེ་བ་མ་འདྲེས་པ་དགུ། ཡང་དག་པའི་རིག་པ་བདུན། གཤེན་རབ་ཀྱི་བདེན་པ་བཞི། སོ་སོ་ཡང་དག་པའི་རིག་པ་བཞི། མི་བསྙེལ་བའི་གཟུངས་བདུན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། མཚན་མ་མེད་པ་ལ་སྙོམས་པར་འཇུག་པ་བཞི། རྒྱུན་དུ་གནས་པའི་ཐུགས་རྗེ་བཞི། རྟོགས་པ་ཆེན་པོའི་ལྟ་བ་བཞི། བསྲུང་དུ་མེད་པའི་དམ་ཚིག་བཞི། ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཞི། རྣམ་པར་དག་པའི་སྤྱོད་པ་བཞི། ལེགས་པར་འབྱུང་བའི་ཡོན་ཏན་བཞི། སྙོམས་པར་གནས་པའི་རང་ཉིད་བཞི། འགྱུར་བ་མེད་པའི་སྐུ་བཞི། རང་བཞིན་མེད་པའི་གསུང་བཞི། རྣམ་པར་དག་པའི་ཐུགས་བཞི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ཡིན་ནོ།།
གསུམ་པ་སྤྱི་བསྡུས་རྟེན་འབྲེལ་གྱི་རྣམ་བཞག་གང་ལྟར་ཡིན། རྟེན་འབྲེལ་ནི་མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་ཏེ་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་ནི་འཕེན་བྱེད་མིང་གཟུགས་དང་སྐྱེ་མཆེད་དང་རེག་པ་དང་ཚོར་བ་ནི་འཕང་འབྲས་དང་། སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་དང་སྐྱེ་བ་དང་རྒ་ཤི་གཉིས་གྲུབ་འབྲས་ཏེ་ཚེ་གསུམ་ལ་སོགས་པའི་སྒོ་ནས་རྫོགས་ཤིང་འཁོར་བ་འགྲུབ་ལ་དེ་ཉིད་ལུགས་ལྡོག་གི་སྒོ་ནས་མ་རིག་པ་འགགས་ན་ཐར་བ་ཐོབ་པས་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་བསྡུ་ན་རྟེན་འབྲེལ་རྟོགས་པ་ལ་ངེས་པར་འདུ་བས་ཅིས་ཀྱང་གལ་ཆེ་བ་ཡིན་ནོ།། གསུམ་པ་ཁྱད་པར་དུ་རྒྱུ་འབྲས་བླ་མེད་ཀྱི་ཐེག་པའི་རྣམ་བཞག་གང་ལྟར་ཡིན། འདི་ལ་དབྱེ་ཚུལ་གྱི་ལུགས་མང་ཡང་འདིར་གཞུང་སྤྱིའི་དབང་དུ་བྱས་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ། ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་གསུམ་མཆིས་སོ།། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་རྣམ་དབྱེ་ཇི་ལྟར་མཆིས། དེ་ལ་ལྷ་མི་གཞན་རྟེན་གྱི་ཐེག་པ། རང་རྟོགས་གཤེན་རབ་གྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ་དང་བཞིར་མཆིས་སོ། དང་པོ་ལྷ་མི་གཞན་རྟེན་ གྱི་ཐེག་པའི་རྣམ་བཞག་ཇི་ལྟར་ཡིན། འདི་ཉིད་མཆོག་གསུམ་སྐྱབས་གནས་སུ་འཛིན་པས་ནང་བ་ཡིན་ཀྱང་ཐར་ལམ་དངོས་མིན་པས་མངོན་མཐོའི་ཐེག་པ་ཡིན་ལ། དེའི་ལྟ་བ་ནི་རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བ་ཙམ་མ་གཏོགས་བདག་མེད་མ་རྟོགས། སྤྱོད་པ་ནི་མངོན་མཐོ་དོན་གཉེར་གྱི་དུས་ཁྲིམས་དང་། གཏན་ཁྲིམས་དགེ་བསྙེན་ཅི་རིགས། སྒོམ་པ་ནི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ཅི་རིགས་དང་ལྷའི་ཏིང་འཛིན་སོགས། སྒྲུབས་ཐབས་ནི་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དོར་ཞིང་དགེ་སྡིག་སྤང་བླང་ཅི་ནུས་བྱས་པས། འབྲས་བུ་ལྷ་དང་མིའི་གོ་འཕང་ཅི་རིགས་ཐོབ་པ་སྟེ། ད་ལྟར་ཡོངས་གྲགས་ཀྱི་ཕྱ་སྣང་འཕྲུལ་སྲིད་ཀྱི་ཐེག་པ་རྣམས་ཀྱང་འདིའི་ཕྱོགས་སུ་ཤས་ཆེར་གཏོགས་པར་མངོན་ནོ།། གཉིས་པ་རང་རྟོགས་གཤེན་རབ་གྱི་ཐེག་པ་པའི་རྣམ་བཞག་ཇི་ལྟར་ཡིན། འདི་ལ་ནང་གསེས་རྣམ་རྩོད་ཀྱི་ཐེག་པ་དང་རང་རྟོགས་ཀྱི་ཐེག་པ་གཉིས་ལས། དང་པོ་རྣམ་རྩོད་པའི་ལྟ་བ་ནི་གཙོ་བོ་གང་ཟག་གི་བདག་མེད་རྟོགས། སྤྱོད་པ་ནི་ངེས་འབྱུང་གི་ཀུན་ནས་བསླང་བའི་སོ་ཐར་གྱི་ཚུལ་ཁྲིམས་བསྲུང་། སྒོམ་པ་ནི་ཞི་གནས་དང་ལྷག་མཐོང་གཉིས་ལ་དཔྱད་འཇོག་གིས་སྒོམས། སྒྲུབ་ཐབས་ནི་བདེན་བཞི་མི་རྟག་བཅུ་དྲུག་གཙོར་བྱས་པའི་བྱང་ཕྱོགས་སོ་བདུན་རིམ་པར་བསྒོམས་པས། འབྲས་བུ་ལམ་ལྔ་རིམ་པར་བགྲོད་ནས་ཞུགས་གནས་བརྒྱད་ཀྱི་སྒོ་ནས་རིམ་གྱིས་ལྷག་མེད་དགྲ་བཅོམ་གྱི་གོ་འཕང་ཐོབ་པའོ།། གཉིས་པ་རང་རྟོགས་པའི་ལྟ་བ་ནི་གང་ཟག་གི་བདག་མེད་ཀྱི་སྟེང་དུ་གཟུང་བ་རྡུལ་ཕྲན་ཆ་མེད་རྟོགས་པའི་བདག་མེད་ཕྱེད་གཉིས་རྟོགས། སྤྱོད་པ་ནི་ཉན་ཐོས་དང་འདྲ་ལ། སྒོམ་པའང་དེ་དང་མཚུངས་པ་ལས། སྒྲུབ་ཐབས་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་དམིགས་རྣམ་གཙོ་བོར་བསྐྱངས་པས། འབྲས་བུ་ཡང་ཟད་དང་མི་སྐྱེ་ཤེས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་པའོ།། གསུམ་པ་ཐུགས་རྗེ་སེམས་དཔའི་ཐེག་པ་གང་ལྟར་ཡིན། ཐུགས་རྗེ་སེམས་དཔའི་ལྟ་བ་ནི་སྤྱིར་བདག་མེད་གཉིས་རྟོགས་ཀྱང་གྲུབ་མཐའི་དབང་གིས་གཟུང་འཛིན་གཉིས་སྟོང་གི་ཤེས་པ་དོན་དམ་དུ་འདོད། སྤྱོད་པ་ནི་གཙོ་བོར་ཐུགས་རྗེའི་སྡོམ་པ་ཇི་ཤུ་བསྲུང་བ་དང་། སྒོམ་པ་ནི་ཞི་ལྷག་གཉིས་དང་། སྒྲུབས་ཐབས་ནི་ཐེག་ཆེན་དང་འབྲེལ་བའི་བྱང་ཕྱོགས་སོ་བདུན་རྣམས་རིམ་བཞིན་ཉམས་སུ་བླང་བས་འབྲས་བུ་ནི་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་བརྙེས་པརའདོད་དོ། བཞི་བ་གཡུང་དྲུང་སེམས་དཔའི་ཐེག་པ་གང་ལྟར་ཡིན། འདི་ལ་ནང་གསེས་སུ་སྐྱེ་མཆེད་ལྟར་སྣང་གི་དབུ་མ་པ་དང་མཚན་མེད་ཅིར་མི་གནས་པའི་དབུ་མ་པ་གཉིས་ཏེ། ལྟ་བ་ནི་མཉམ་བཞག་ཏུ་བདག་མེད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་རྟོགས་ཀྱང་རྗེས་ཐོབ་གྲུབ་མཐའི་ཁས་ལེན་རང་རྒྱུད་ཀྱི་དམ་བཅའ་བྱེད་མི་བྱེད་སོགས་ཀྱི་ཁྱད་པར་ཡོད། སྤྱོད་པ་ནི་གཙོ་བོར་གཡུང་དྲུང་སེམས་དཔའི་བསླབ་ཚིགས་བཞི་སོགས་བྱང་སྡོམ་ལ་གནས་པ་དང་། སྒོམ་པ་དང་འབྲས་བུ་ནི་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས་ཐེག་ཆེན་སྤྱི་དང་རྣམ་བཞག་ཕྱོགས་མཐུན་པ་ཡིན་ནོ།། དེ་དག་སྟོན་བྱེད་ཀྱི་གཞུང་ལུགས་གང་ལྟར་མཆིས། བཀའ་དང་བཀའ་རྟེན་ལས་བྱུང་བའི་གཞུང་མང་ཡང་དེང་སང་གྲགས་ཆེ་བའི་ཕྱག་ལེན་དུ་མཚན་ཉིད་ཀྱི་གཞུང་ལྔ་པོ་ཡིན་ནོ།། གཞུང་ལྔ་ཡོད་པ་དེ་དག་གང་ཡིན། བོན་སྤྱིའི་ཤེས་བྱ་ཤེས་བྱེད་ཀྱི་རྟོགས་ཚུལ་རིགས་པས་སྟོན་པ་ཚད་མ། མཁྱེན་གསུམ་སྦྱོར་བཞིའི་སྒོ་ནས་ལམ་གྱི་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པ་ཤེར་ཕྱིན། གཞི་ལམ་འབྲས་བུའི་སྒོ་ནས་ཟབ་མོ་དབུ་མའི་དེ་ཉིད་གསལ་བར་བྱེད་པ་དབུ་མའམ་ས་ལམ། སོ་ཐར་རིགས་བརྒྱད་ཀྱི་དགག་སྒྲུབ་ཀྱི་བསླབ་བྱ་ལེགས་པར་སྟོན་པ་འདུལ་བ། ཤེས་བྱ་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་གསལ་བར་བྱེད་པ་སྲིད་པའི་མཛོད་ཕུག་རྣམས་སོ།། གཞུང་དེ་དག་ལ་རྣམ་བཤད་ཀྱི་ཁུངས་ཅི་ལྟར་མཆིས། ཚད་མའི་བཀའ་གཞུང་སྨྲ་བའི་སེང་གེ། གངས་ཅན་གྱི་པཎྚི་ཏ་འགྲོ་མགོན་ཆེན་པོའི་ཚད་མ་ཀུན་བཏུས། ཤེར་ཕྱིན་ལ་མཁས་པ་དཔལ་ཆེན་པོའི་ཁམས་འགྲེལ། མངོན་རྟོགས་ལམ་རིམ་རྩ་བ་དང་རང་འགྲེལ། མེ་སྟོན་གྱི་དབུ་མ་བདེན་གཉིས་རང་འགྲེལ་བཅས། འགྲོ་མགོན་གྱི་ས་ལམ་རྒྱས་བསྡུས། གཉོས་རྒྱལ་གྱིས་གཞི་ལམ་འབྲས་བུའི་རྣམ་འབྱེད། ཡར་མེ་བའི་འདུལ་བ་ཆེ་ཆུང་། མཛོད་ལ་དྲན་པའི་སྒྲ་འགྲེལ་དང་གཉོས་དང་སྒ་སྟོན་གྱི་རྣམ་བཤད། མཉམ་མེད་ཀྱི་གཞུང་ཆེན་ལྔའི་ཊཱི་ཀ་འཕྲུལ་སྒྲོན་རྣམ་ལྔ་སོགས་སོ། གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་རྣམ་བཞག་གང་ལྟར་ཡིན། འདི་ལ་གསང་སྔགས་བྱ་རྒྱུད་དང་། སྤྱོད་རྒྱུད་དང་ཡེ་གཤེན་གྱི་རྒྱུད་དང་། ཡེ་གཤེན་ཆེན་པོའི་རྒྱུད་དང་བཞིར་མཆིས་སོ། དང་པོ་བྱ་རྒྱུད་ཀྱི་རྣམ་བཞག་གང་ལྟར་ཡིན། བྱ་རྒྱུད་ཀྱི་ལྟ་བ་ནི་དོན་དམ་པར་བོན་ཉིད་སྤྲོས་བྲལ་གྱི་གནས་ལུགས་དང་ཀུན་རྫོབ་ཏུ་བརྟག་པའི་ལྷའི་གཟུགས་བརྙན་དུ་བལྟ་བ་དང་། སྤྱོད་པ་ནི་དཀོན་མཆོག་གསུམ་མི་སྤོང་བ་སོགས་དམ་ཚིག་དྲུག་ལ་གནས་པ་དང་། སྒོམ་པ་ནི་མཚན་མེད་སྟོང་ཉིད་དང་མཚན་བཅས་ཡི་གེ་སོགས་དྲུག་ལ་ཏིང་འཛིན་རྩེ་གཅིག་ཏུ་བསྒོམ་ཞིང་། སྒྲུབ་ཐབས་ནི་གཙང་སྦྲའི་སྒོ་ནས་བདག་དང་ལྷ་རྗེ་ཁོལ་དུ་བལྟས་ནས་བྱིན་རླབས་ཞུས་ཏེ། འབྲས་བུ་གནས་སྐབས་སུ་རིག་འཛིན་གྱི་ལུས་སོགས་དང་མཐར་ཐུག་མི་ཚེ་བདུན་ན་ཡི་དམ་ལྷའི་གོ་འཕང་ཐོབ་པའོ།། གཉིས་པ་སྤྱོད་རྒྱུད་རྣམ་བཞག་གང་ལྟར་ཡིན། སྤྱོད་རྒྱུད་ཀྱི་ལྟ་བ་ནི་དོན་དམ་པར་མཚན་མ་མེད་པའི་བོན་ཉིད་དང་ཀུན་རྫོབ་ཏུ་བྱིན་རླབས་ཀྱི་རོལ་བའི་མཚན་མ་ལྷར་བལྟ་བ་དང་སྤྱོད་པ་ནི་སྤྱི་དང་ལྷ་དང་བླ་མ་སྔགས་ཕྱག་བཅས་མི་ཉམས་པར་བསྲུང་བ་དང་། སྒོམ་པ་ནི་མཚན་མེད་སྟོང་ཉིད་དང་མཚན་བཅས་གཡུང་དྲུང་གི་སྐྱེ་མཆེད་ལྔ་སོགས་བསྒོམ་ཞིང་། སྒྲུབ་ཐབས་ནི་རང་དང་ལྷ་མཆེད་གྲོགས་ལྟར་བལྟས་ཏེ་མཆོད་བསྟོད་སོགས་ཀྱིས་བསྒྲུབ་པས། འབྲས་བུ་གནས་སྐབས་སུ་ལས་དང་གྲུབ་པ་སྣ་ཚོགས་དང་མཐར་ཐུག་མི་ཚེ་ལྔ་ན་རིག་པ་འཛིན་པའི་ས་ཐོབ་པའོ། གསུམ་པ་ཡེ་གཤེན་པའི་རྣམ་བཞག་གང་ལྟར་ཡིན། ཡེ་གཤེན་པའི་ལྟ་བ་ནི་དོན་དམ་པར་ཡུལ་ཡུལ་ཅན་གཉིས་སུ་མི་འབྱེད་པར་དཀོར་བདུན་ལྷུན་གྱིས་གྲུབ་པ་དང་ཀུན་རྫོབ་སྣང་བ་ཡེ་ཤེས་ཀྱི་རོལ་བ་ལྷག་པའི་བདེན་གཉིས་དབྱེར་མེད་དུ་བལྟ་་བ་དང་། སྤྱོད་པ་ནི་རིག་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་ཐམས་ཅད་བསྲུང་བ་དང་། སྒོམ་པ་ནི་མཚན་མེད་སྟོང་ཉིད་དང་མཚན་བཅས་ཆོ་ག་གསུམ་དང་བཞི་སོགས་ཀྱིས་ལྷ་བསྐྱེད་ནས་ཕྱག་རྒྱ་བཞིས་རྒྱས་འདེབས་ཤིང་། སྒྲུབས་ཐབས་ནི་རང་དང་ལྷ་བཟང་ངན་མེད་པར་སྤུན་གྱི་ཚུལ་དུ་བལྟས་ནས་རང་གཞུང་ལྟར་བསྒྲུབ་ནས་དངོས་གྲུབ་ཞུས་པས། འབྲས་བུ་ཙུན་མོང་གི་གྲུབ་པ་སྣ་ཚོགས་དང་མཐར་ཐུག་མི་ཚེ་གསུམ་ན་ཡི་དམ་གྱི་གོ་འཕང་མངོན་དུ་བྱེད་པའོ། བཞི་བ་ཡེ་གཤེན་ཆེན་པོའི་རྣམ་བཞག་གང་ལྟར་ཡིན། འདི་ལ་ནང་གསེས་སུ་དབྱེ་ན་བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད་གསང་བ་འདུས་པ་ལྟ་བུ་དང་། རྫོགས་ རིམ་གཙོ་བོར་སྟོན་པ་མ་རྒྱུད་ཐུགས་རྗེ་ཉི་མ་ལྟ་བུ་དང་། བསྐྱེད་རྫོགས་ཟུང་འཇུག་ཏུ་སྟོན་པ་གཉིས་མེད་ཀྱི་རྒྱུད་གསས་མཁར་མཆོག་ལྔ་ལྟ་བུ་གསུམ་སྟེ། གང་ཡིན་ཀྱང་ལྟ་བ་ནི་དོན་དམ་པར་སེམས་ཉིད་སྒྲིབ་བྲལ་འོད་གསལ་གྱི་གནས་ལུགས་དང་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པར་བལྟ་བ་དང་། སྒོམ་པ་ནི་བསྐྱེད་རིམ་གྱི་དམ་ཚིག་རྩ་བ་ལྔ་དང་ཡན་ལག་ཉེར་ལྔ་སོགས་དང་རྫོགས་རིམ་གྱི་དམ་ཚིག་རྩ་བ་ལྔ་སོགས་རིམ་པ་དྲུག་དང་རྫོགས་ཆེན་གྱི་དམ་ཚིག་སུམ་ཅུ་དང་མཐར་ཐུག་བཞི་སོགས་བསྲུང་བ་དང་། སྒོམ་པ་ནི་མཚན་མེད་རྫོགས་རིམ་སྤྱི་དང་སེམས་ཕྱོགས་ཀྱི་ཉམས་ལེན་དང་མཚན་བཅས་སྤྲོས་བཅས་དང་སྤྲོས་མེད་ཀྱི་བསྐྱེད་རིམ་སྒོམ་བཟླས་ཀྱི་རིམ་པ་སོགས་དང་། སྒྲུབ་ཐབས་རང་ཉིད་ཡེ་ནས་ལྷ་དཔེ་དབྱེར་མེད་དུ་ཤེས་པའི་ངང་ནས་བསྙེན་སྒྲུབ་ལས་གསུམ་སོགས་ལ་བརྩོན་པས། འབྲས་བུ་གནས་སྐབས་སུ་ལས་བཞི་དང་དངོས་གྲུབ་ལྔ་དང་མཐར་ཐུག་མི་ཚེ་གཅིག་ན་མཆོག་གི་དངོས་གྲུབ་ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་ལ་སྦྱོར་བའོ། དེ་དག་སྟོན་བྱེད་ཀྱི་གཞུང་ལུགས་གང་ལྟར་མཆིས། བསྐྱེད་རིམ་སྟོན་བྱེད་ལ་ཀློང་རྒྱས་ཊཱི་ཀ ཁྲོ་བོ་དབང་ཆེན་གྱི་རྣམ་བཤད། རྩ་རྒྱུད་གསང་བ་བསེན་ཐུབ་ལ་གཉོས་དང་འགྲོ་མགོན་གྱི་འགྲེལ་བཤད་ཆེན་མོ། རྩ་རྒྱུད་ཀུན་འདུས་རྩ་འགྲེལ། ཁྲོ་རྒྱུད་དྲུག་གི་དོན་འགྲེལ་རྗེའི་གསང་དོན་རྣམ་འབྱེད། རྫོགས་རིམ་སྟོན་བྱེད་མ་རྒྱུད་ཀྱི་སྒོམ་འགྲེལ་ཉི་མའི་འཁོར་ལོ། སངས་རྒྱས་རྒྱུད་གསུམ། སེམས་སྨད་སྡེ་དགུ། སྒྲོན་མ་དགུ་སྐོར་སོགས་ནི་ཡོངས་གྲགས་སུ་བཞུགས་པ་རྣམས་སོ།།
གསུམ་པ་ཡང་རྩེ་བླ་མེད་ཀྱི་ཐེག་པའི་རྣམ་བཞག་གང་ལྟར་ཡིན། འདི་ལ་ནང་གསེས་སེམས་ཀློང་མན་ངག་གི་སྡེ་གསུམ་ཡོད་པ་གང་ལྟར་ཡང་ལྟ་བ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་ཅིང་འཁོར་འདས་ཐམས་ཅད་རིག་པའི་རང་རྩལ་དུ་བལྟ་བ་དང་། དམ་ཚིག་ནི་རྫོགས་ཆེན་གྱི་དམ་ཚིག་གོང་དུ་བསྟན་པ་རྣམས་དང་། སྒོམ་པ་ནི་ཀ་དག་ལམ་བྱེད་ཁྲེགས་ཆོད་ཀྱི་ཉམས་ལེན་བབས་ཆེན་པོ་བཞི་དང་འབྲེལ་བའི་གནད་བཅུ་དྲུག་དང་ལྷུན་གྲུབ་ལམ་བྱེད་ཐོད་རྒལ་གྱི་ཉམས་ལེན་གནད་བཞི་བཅུ་རྩ་གསུམ་སོགས་ལ་འབད་ཅིང་། སྒྲུབ་པའི་ཐབས་གཞན་ལས་མ་བཙལ་རང་ལ་ཡེ་ནས་རྫོགས་པའི་ཚུལ་དུ་ཉམས་སུ་བླང་བས། འབྲས་བུ་འཁོར་འདས་ཀུན་ལ་མངའ་དབང་འབྱོར་ཞིང་རབ་ཀྱིས་ཚེ་འདིར་འཕོ་ཆེན་གྱི་སྐུར་བཞེངས་པའམ་རྡུལ་ཕྲན་དུ་དེངས་ཤིང་། མིན་ཀྱང་བར་དོ་ཚུན་ཆད་ནས་ཐོག་མའི་གཞི་ཏུ་བཙན་ས་ཟིན་པའམ་རང་བཞིན་སྤྲུལ་བའི་ཞིང་དུ་དབུགས་འབྱིན་པར་འགྱུར་བའོ།། དེ་དག་སྟོན་བྱེད་ཀྱི་གཞུང་ལུགས་གང་ལྟར་མཆིས། ཨ་རྫོགས་སྙན་གསུམ་གྱི་བཀའ་གཞུང་སྤྱི་དང་། སེམས་སྨད་སྡེ་དགུ་དང་སྒྲོན་མ་དགུ་སྐོར་དང་། བསྒྲགས་པ་སྐོར་གསུམ་དང་བཀའ་བརྒྱུད་སྐོར་བཞིའི་བཤད་འགྲེལ་རྣམས་དང་། རྫོགས་ཆེན་སྡེ་གསུམ་གྱི་རང་འགྲེལ་དབྱིངས་རིག་རིན་པོ་ཆེའི་མཛོད་སོགས་བཞུགས་པ་སྟེ། དེ་ཡང་སེམས་ཕྱོགས་ཀྱི་སྐོར་ཡེ་གཤེན་ཆེན་པོའི་ནང་དུ་སྡུད་ཚེ་ནང་རྒྱུད་དང་། བླ་མེད་ཀྱི་ནང་དུ་སྡུད་ཚེ་རྫོགས་ཆེན་ཡིན་པ་མི་འགལ་བའང་ཤེས་དགོས་པ་ཡིན་ནོ།། ཐེག་པ་དེ་དག་ཐམས་ཅད་ཀྱི་དགོངས་འགྲེལ་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལ་སྒ་སྟོན་དང་མཉམ་མེད་སོགས་ཀྱི་རྣམ་བཤད། ཤར་རྫ་པའི་སྡེ་སྣོད་རིན་པོ་ཆེའི་མཛོད། ཏྲེ་སྟོན་གྱི་བོན་སྒོ་གསལ་བྱེད་སོགས་རྒྱ་ཆེར་བཞུགས་སོ། ཐེག་པ་དེ་དག་ཐམས་ཅད་ཀྱི་བབས་ཚུལ་ཇི་ལྟར་ཡིན། ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ནི་བླ་མེད་རྫོགས་ཆེན་ཡིན་ལ། བོན་ཕྱི་ནང་ཐམས་ཅད་ཀྱི་འཕྲོ་གཞི་རྫོགས་ཆེན་གྱི་ཐེག་པ་བྱུང་ནས་ཐེག་པ་གཞན་ཐམས་ཅད་དེའི་ཆ་ལག་གི་ཚུལ་དུ་བྱུང་ཞིང་དར་བ་ཡིན་པས་བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས་དང་རྩ་བ་བླ་མེད་རྫོགས་ཆེན་གྱི་ཐེག་པ་ཡིན་པར་ཤེས་པར་བྱའོ།། འོ་ལགས་ཏེ་གཡུང་དྲུང་གི་བོན་བཀའ་དང་བཀའ་རྟེན་དྲི་མ་མེད་པ་ལ་འཆད་ཉན་ཚུལ་བཞིན་དུ་བགྱིད་པར་ནུས་ན་ལམ་དུ་འགྲོ་བ་ལ་ལམ་རྒྱུས་ཤེས་དགོས་པ་བཞིན་དུ་ཉམས་ལེན་ལ་འཇུག་པའི་གཞི་རྟེན་མ་ནོར་བ་ཡིན་པར་བདག་གིས་རྗེས་སུ་མཐོང་ངོ་།། དེ་ལྟར་ལགས་པས་རྒྱལ་བའི་བསྟན་པ་ལ་ཚུལ་བཞིན་དུ་སློབ་པར་འདོད་ན་ཐོས་བསམ་སྔོན་དུ་མ་སོང་བའི་གླེན་སྒོམ་ཙམ་གྱིས་ཉམས་རྟོགས་ཅི་ཡང་མི་སྐྱེ་བས་ཐོག་མ་ཁོ་ནར་འཆད་ཉན་ལ་བརྩོན་པ་ཅིས་ཀྱང་གལ་ཆེ་བ་བླ་མ་བརྒྱུད་པའི་གསུངས་ལས་ཐོས་སོ།། དེ་ལྟར་འཆད་ཉན་གྱི་གནས་ལས་བརྩམ་པའི་འབེལ་མཆིད་ཅུང་ཟད་བགྱིས་པའི་ལམ་བཟང་བོ་ཚུལ་བཞིན་སྩལ་བ་ལ་བདག་ཀྱང་སྙིང་ནས་སྤྲོ་བས་རྗེས་སུ་ཡི་རང་ངོ་།། ཞེས་གླེང་ངོ་།། ཐོས་པ་དྲི་བའི་གནས་ཏེ་གསུམ་པའོ།།

བསམ་པ་དྲི་བ། འདིར་རིག་པའི་གནས་དང་ཟབ་ཅིང་རྒྱ་ཆེ་བའི་གཞུང་ལུགས་རྣམས་ལ་ཇི་ལྟར་ཐོས་པའི་དོན་ཐམས་ཅད་ནང་དུ་བསམ་པའི་སྒོ་ནས་ལེགས་པར་བརྟག་ཅིང་དཔྱད་ནས་ཡིད་ལ་ངེས་པ་གལ་ཆེ་བས་བསམ་པའི་གནས་དྲི་བ་ནི། ཀྱེ་བཙུན་པ། ཁྱེད་ནི་གཤེན་སྡེའི་འདུ་ས་གང་ནས་མཆིས། བདག་ནི་མདོ་ཁམས་གདམས་པའི་འབྱུང་གནས་གཡུང་དྲུང་གསང་བ་ཡང་རྫོང་གི་སྒྲུབ་སྡེ་བྱང་ཆུབ་གླིང་གི་རུ་ལག་ཉམས་ལེན་གྱི་དགེ་སྦྱོར་བ་དུ་མས་ཡོངས་སུ་བཀང་བའི་བཀྲ་ཤིས་པའི་གཙུག་ལག་ཁང་གཤེན་བསྟན་ལྷག་བསམ་དགེ་འཕེལ་གླིང་ནས་སོ།། ཁྱེད་ཀྱི་གནས་ཚུལ་ཇི་ལྟ་བུ། བདག་ནི་གོ་མྱོང་གི་ངེས་པ་ཕྲ་ཡང་བསམ་བྱུང་གི་བློ་ལ་བརྟེན་ནས་གསུང་རབ་རྣམས་ལ་དཔྱད་པ་དང་བློ་སྦྱོང་གི་རིམ་པ་རྣམས་ཀྱིས་རང་རྒྱུད་འདུལ་བ་ལ་མོས་པ་ཙམ་ལྷུར་བྱེད་པའི་དགེ་སྦྱོང་གི་གཟུགས་བརྙན་ཞིག་ལགས་སོ།། ཁྱེད་ལ་བློ་སྦྱོང་གི་གདམ་ངག་སྟོན་པའི་སློབ་དཔོན་ནི་སུ། སྔོན་བྱོན་དམ་པ་ཡབ་སྲས་ཀྱི་རིང་ལུགས་བཞིན་དུ་དབེན་པའི་བརྟུལ་ཞུགས་ལྷུར་ལེན་པ་ལ་གཅིག་ཏུ་དགེ་བའི་བཤེས་གཉེན་དབྲ་སྟོན་པ་གཞན་ཕན་ཕྲིན་ལས་རྒྱ་མཚོའོ།། འོ་ན་ཉམས་ལེན་གྱི་གཞུང་ལུགས་རྣམས་ལས་བརྩམ་པའི་བཀའ་མཆིད་ཀྱི་རིམ་པ་ཅུང་ཟད་ཅིག་གླེང་བར་འདོད་ན་ཁྱེད་ཀྱིས་སྤྲོའམ། བདག་ནི་བསམ་བྱུང་གི་བློ་མིག་ཞན་པས་ཡིད་ལ་མྱོང་བ་ཕྲ་ཞིང་ལམ་གྱི་གནད་གསང་ཇི་བཞིན་གླེང་བའི་སྤོབས་པ་མ་མཆིས་ཀྱང་དེ་ལ་སྙིང་ནས་མི་སྤྲོ་བའང་མ་མཆིས་སོ།། འོ་ན་ལེགས་པར་སྨོས་ཤིག་དང་བསམ་པས་གཞུང་དང་གདམས་པ་ལ་བློ་སྦྱོངས་པའི་གནས་ལ་གང་ལྟར་མཆིས། དེ་ལ་གསུམ་མཆིས་ཏེ། བཀའ་འཁོར་གསུམ་གྱི་དོན་ལ་སྤྱིར་བསམ་པ། བདེན་གཉིས་རྟེན་འབྲེལ་ལྟ་རིམ་རྣམས་ལ་བྱེ་བྲག་ཏུ་བསམ་པ། བློ་ལྡོག་པའི་བོན་བཞི་ལ་ཁྱད་པར་དུ་བསམ་པ་རྣམས་སོ། དང་པོ་བཀའ་འཁོར་གསུམ་སྤྱི་ལ་བསམ་ཚུལ་གང་ལྟར་ཡིན། དེ་ལ་རེ་ཞིག་ངོ་བོ་དྲང་ངེས་ལ་བསམ་པ། དེའི་ཁྱད་པར་སོ་སོ་ལ་བསམ་པ། རྒྱུ་མཚན་རིགས་པ་བཞི་སོགས་ལ་བསམ་པ་དང་གསུམ་མཆིས་སོ། དང་པོ་དྲང་ངེས་ཀྱི་ངོ་བོ་ལ་བསམ་ཚུལ་གང་ལྟར་ཡིན། ཀུན་ རྫོབ་བདེན་པ་རང་གི་དངོས་ཀྱི་བརྗོད་བྱའི་གཙོ་བོར་སྟོན་པ་ནི་དྲང་དོན་དང་། དོན་དམ་བདེན་པ་རང་གི་དངོས་ཀྱི་བརྗོད་བྱའི་གཙོ་བོར་སྟོན་པ་ནི་ངེས་དོན་ཡིན་ལ། དབྱེ་ན་ཀུན་རྫོབ་ཀྱི་དོན་གཙོ་བོར་སྟོན་པ་བཀའ་དང་པོ་ལྟ་བུ་དང་། དོན་དམ་གྱི་དོན་གཙོ་བོར་སྟོན་པ་བཀའ་ཐ་མ་ལྟ་བུ་དང་། ཀུན་རྫོབ་དང་དོན་དམ་འདྲེས་མར་གཙོ་བོར་སྟོན་པ་བཀའ་དང་བར་བ་ལྟ་བུ་གསུམ་མོ།། གཉིས་པ་དེའི་ཁྱད་པར་སོ་སོ་ལ་བསམ་ཚུལ་གང་ལྟར་ཡིན། དྲང་དོན་གྱི་ཁྱད་པར་དགོངས་ལྡེམ་དགོངས་དང་། ངེས་དོན་གྱི་ཁྱད་པར་རྣམ་ཐར་སྒོ་བཞི་ལ་བསམ་ཚུལ་གཉིས་སོ།། དང་པོ་དྲང་དོན་གྱི་ཁྱད་པར་དགོངས་ལྡེམ་དགོངས་ལ་བསམ་ཚུལ་གང་ལྟར་ཡིན། དེ་ལ་དགོངས་པ་བཞི་དང་ལྡེམ་དགོངས་བཞི་སྟེ་བརྒྱད་ལས། དང་པོ་ལ་དུས་དང་། བསམ་པ་དང་། དོན་གཞན་དང་། དགོངས་པ་ཉིད་དང་ལྡན་པ་སྟེ་བཞི་ལ་དགོངས་ནས་གསུངས་པ་རྣམས་ནི་དགོངས་གཞི་གཞན་ཡོད་པས་སྒྲ་ཇི་བཞིན་དུ་གོ་མི་རུང་ལ། གཉིས་པ་ལ་གཞུག་པ་དང་། མཚན་ཉིད་དང་གཉེན་པོ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་སྟེ་བཞིའི་སྒོ་ནས་གསུངས་པ་རྣམས་ནི་གཞན་གྱི་བློ་དང་བསྟུན་ནས་བསྟན་པ་ཡིན་པས་དོན་གཞན་དུ་གོ་བ་ལས་སྒྲ་ཇི་བཞིན་དུ་གོ་མི་རུང་བས་དྲང་དོན་གྱི་ཁྱད་པར་དུ་ཤེས་དགོས་སོ།། གཉིས་པ་ངེས་དོན་གྱི་ཁྱད་པར་རྣམ་ཐར་སྒོ་བཞི་ལ་བསམ་ཚུལ་གང་ལྟར་ཡིན། རྣམ་པར་ཐར་བའི་སྒོ་ནི་ངོ་བོ་སྟོང་བ་ཉིད་དང་། རྒྱུ་མཚན་མ་མེད་པ་དང་། འབྲས་བུ་སྨོན་པ་མེད་པ་སྟེ་གསུམ་མམ། རང་བཞིན་གྱིས་འོད་གསལ་བ་སྟེ་རྣམ་ཐར་བཞིའི་སྒོ་ནས་བསྟན་པ་རྣམས་ནི་དོན་མཐར་ཐུག་ཏུ་འཛིན་དགོས་པས་ངེས་དོན་གྱི་ཁྱད་པར་དུ་ཤེས་ནས་བསམ་དགོས་སོ།། གསུམ་པ་རྒྱུ་མཚན་རིག་པ་བཞི་སོགས་ལ་བསམ་ཚུལ་གང་ལྟར་ཡིན། ཚད་མས་གྲུབ་ཅིང་དཔྱད་ན་འཐད་པ་ནི་རིགས་པ་ཡིན་ལ། དེ་ལ་ལྟོས་པ་དང་། བྱ་བ་བྱེད་པ་དང་། འཐད་པ་སྒྲུབ་པ་དང་། བོན་ཉིད་ཀྱི་རིགས་པ་སྟེ་བཞིའི་ཚུལ་གྱིས་དཔྱད་པས་འཇུག་ལྡོག་གི་གནས་ངེས་པ་དང་། གཞན་ཡང་རྟོན་པ་བཞི་ལ་སོགས་པ་གསུང་རབ་འཇལ་བྱེད་ཀྱི་རྣམ་བཞག་མང་དུ་གསུངས་པ་རྣམས་ཀྱིས་མདོ་སྔགས་ཀྱི་ཚུལ་ལ་གཞལ་ན་བསམ་བྱུང་གི་ཤེས་རབ་དྲི་མ་མེད་པར་སྐྱེ་བར་འགྱུར་རོ།། གསུམ་པ་བདེན་གཉིས་རྟེན་འབྲེལ་ལྟ་རིམ་རྣམས་ལ་བྱེ་བྲག་ཏུ་བསམ་ཚུལ་གང་ལྟར་ཡིན། དེ་ལ་བདེན་གཉིས་དང་རྟེན་འབྲེལ་དང་ལྟ་རིམ་ལ་བསམ་ཚུལ་གསུམ་མཆིས་སོ།། དང་པོ་བདེན་གཉིས་ལ་བསམ་ཚུལ་གང་ལྟར་ཡིན། བདེན་གཉིས་མདོ་སྔགས་ཀྱི་ལུགས་གཉིས་ལས། ཐོག་མར་མདོ་ལུགས་ཀྱི་དབང་དུ་བྱས་ན། གྲུབ་མཐའ་སྨྲ་བ་བཞི་མཆིས་སོ།། དང་པོ་བྱེ་སྨྲའི་ལུགས་ཀྱི་བདེན་གཉིས་གང་ཡིན། བཅོམ་ཞིང་བསལ་བས་དེ་འཛིན་འདོར་རུང་བ་རི་བོ་ལྟ་བུ་ཀུན་རྫོབ། དེ་འཛིན་འདོར་མི་རུང་བའི་ཆ་མེད་གཉིས་ལྟ་བུ་དོན་དམ་དུ་འདོད། མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་གང་ཡིན། སྣང་ལ་དོན་བྱེད་མི་ནུས་པའི་སྤྱི་མཚན་ཀུན་རྫོབ། དོན་བྱེད་ནུས་པའི་རང་མཚན་དོན་དམ་དུ་འདོད། སེམས་ཙམ་པའི་ལུགས་ཀྱི་བདེན་གཉིས་གང་ཡིན། གཟུང་འཛིན་གཉིས་སུ་སྣང་བ་ཀུན་རྫོབ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འདོད། དབུ་མ་རང་རྒྱུད་པའི་ལུགས་ཀྱི་བདེན་གཉིས་གང་ལྟར་ཡིན། སྣང་བ་སྒྱུ་མ་ལྟུ་བུ་ཚད་མས་གྲུབ་པ་ཀུན་རྫོབ། ངོ་བོ་ཅི་ཡང་མ་གྲུབ་པའི་ཡིན་ལུགས་དོན་དམ་དུ་འདོད། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་བདེན་གཉིས་གང་ཡིན། འཇིག་རྟེན་པའི་བློས་བཏགས་པ་ཙམ་དུ་སྣང་བ་ཀུན་རྫོབ། སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་དོན་དམ་དུ་འདོད། འོ་ན་ཐལ་འགྱུར་བའི་ལུགས་ཀྱི་བདེན་གཉིས་ཀྱི་དབྱེ་གཞི་གང་ཡིན། དབྱེ་གཞི་ནི་ཤེས་བྱ་ཙམ་མོ།། བདེན་གཉིས་ཀྱི་མཚན་ཉིད་གང་ཡིན། འདི་ལ་ནང་གསེས་སུ་མཚན་མ་ཤུགས་སྣང་དང་། མཚན་མ་ཀུན་འགེགས་ཀྱི་ལུགས་གཉིས་ལས། དང་པོ་ལྟར་ན་མཚན་མར་སྣང་བའི་ཡིན་ལུགས་དང་ལྡན་པ་ཀུན་རྫོབ་དང་། མཚན་མར་མ་གྲུབ་པའི་ཡིན་ལུགས་དང་ལྡན་པ་དོན་དམ་གྱི་མཚན་ཉིད། གཉིས་པ་ལྟར་ན། བདེན་པར་མེད་ཀྱང་བདེན་པའི་དོན་ལྟར་སྣང་བ་ཀུན་རྫོབ་དང་། སྤྲོས་པ་ཐམས་ཅད་བྲལ་བའི་དེ་ཁོ་ན་ཉིད་དོན་དམ་བདེན་པའི་མཚན་ཉིད་དོ། བདེན་གཉིས་ཀྱི་དབྱེ་བ་གང་ཡིན། འཕགས་པའི་རྗེས་ཐོབ་དག་པ་ཀུན་རྫོབ། འཇིག་རྟེན་པའི་སྣང་བ་མ་དག་ཀུན་རྫོབ་གཉིས། མ་དག་ལ་འཁྲུལ་ཤེས་ལ་སྣང་བ་ལོག་པ་དང་། མ་འཁྲུལ་བའི་ཤེས་ངོར་སྣང་བ་ཡང་དག་ཀུན་རྫོབ་གཉིས། རྣམ་གྲངས་པའམ་འཇིག་རྟེན་གྲགས་སྡེའི་དོན་དམ། རྣམ་གྲངས་མིན་པའམ་ཟབ་མོ་གཏམ་གྱི་དོན་དམ་གཉིས་སུ་མཆིས་སོ། བདེན་གཉིས་གཅིག་དང་ཐ་དད་གང་ལྟར་འདོད། ཡུལ་ངོས་ནས་བདེན་གཉིས་གཅིག་དང་ཐ་དད་གཉིས་སུ་མི་འདོད་ཀྱང་། སྣང་འཛིན་ཤེས་ངོ་ལ་ལྟོས་ནས་ཀུན་རྫོབ་དང་སྟོང་འཛིན་ཤེས་ངོ་ལ་ལྟོས་ནས་དོན་དམ་སྟེ་ཤེས་མཁན་གྱི་བློ་ངོར་དབྱེ་བ་ཙམ་མོ།། གཉིས་པ་སྔགས་ལུགས་ཀྱི་བདེན་གཉིས་གང་ཡིན། སྣང་བ་ལྷའི་རང་བཞིན་ཡེ་ཤེས་ཀྱི་རོལ་བ་འགགས་མེད་དུ་འཆར་བ་དེ་ཀུན་རྫོབ་དང་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བའི་གནས་ལུགས་དེ་དོན་དམ་དུ་འདོད་པ་སྟེ། དེ་ལྟར་བདེན་གཉིས་ཀྱི་ཚུལ་ཁོང་དུ་ཆུད་ན་སྟོན་པའི་གསུང་རབ་ལ་མི་རྨོངས་ཤིང་བདེན་གཉིས་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་ལ་བརྟེན་ནས་ཚོགས་གཉིས་རྫོགས་ཤིང་མི་གནས་པའི་མྱང་འདས་མངོན་དུ་བྱེད་པའོ།། གཉིས་པ་རྟེན་འབྲེལ་ལ་བསམ་ཚུལ་གང་ལྟར་ཡིན། དེ་ལ་གཤིས་ཀྱི་རྟེན་འབྲེལ་དང་། འཁོར་བའི་རྟེན་འབྲེལ་དང་། མྱང་འདས་ཀྱི་རྟེན་འབྲེལ་ཏེ་གསུམ་དུ་མཆིས་སོ།། དང་པོ་གཤིས་ཀྱི་རྟེན་འབྲེལ་གང་ལྟར་ཡིན། གཞི་བོན་ཅན་ལ་བོན་ཉིད་ཀྱི་ངོ་བོ་བརྟེན་པས་བོན་ཅན་སྐྱེ་འགགས་ལྟར་སྣང་ཡང་ངོ་བོ་ལ་བདེན་པར་མ་གྲུབ་པས་སྣང་སྟོང་ཟུང་དུ་འཇུག་པ་སྟེ་རྟེན་འབྲེལ་དང་སྟོང་ཉིད་གཅིག་གྲོགས་གཅིག་ཏུ་ཤར་བའོ།། གཉིས་པ་འཁོར་བའི་རྟེན་འབྲེལ་གང་ལྟར་ཡིན། རྟེན་འབྲེལ་ནི་མ་རིག་པ་དང་། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་སྟེ་བཅུ་གཉིས་སོ།། དེ་དག་གི་དབྱེ་བསྡུ་ཇི་ལྟར་ཡིན། དབྱེ་བ་ལ་འཕེན་འགྲུབ་དང་ཚེ་དུས་ཀྱི་དབྱེ་བ་གཉིས་སུ་ཡོད་ལ། བསྡུ་ན་དེ་དག་ཀུན་འབྱུང་དང་སྡུག་བསྔལ་ཏེ་འཁོར་བ་རྒྱུ་འབྲས་གཉིས་སུ་འདུས་པ་ཡིན་ནོ།། རྟེན་འབྲེལ་དེ་དག་ཀྱང་མ་རིག་པ་ལས་འདུ་བྱེད་སོགས་བྱེད་པ་པོ་མེད་ཀྱང་རྒྱུ་དེ་ཡོད་ན་འབྲས་བུ་དེ་འབྱུང་བ་ནི་རྒྱུ་ལས་བྱུང་བ་དང་། ནང་གི་ཁམས་འབྱུང་ལྔ་དང་རྣམ་ཤེས་ཏེ་ཁམས་དྲུག་འདུས་པའི་རྐྱེན་ལས་གྲུབ་ཅིང་འཁོར་བའི་གནས་སུ་འཁོར་བས་རྐྱེན་ལས་བྱུང་བ་སྟེ་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བའོ།། གསུམ་པ་མྱང་འདས་ཀྱི་རྟེན་འབྲེལ་གང་ལྟར་ཡིན། རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་པོའི་རྩ་བ་མ་རིག་པ་ཡིན་པས་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ལྡོག་སྟེ་འགགས་ནུས་པ་གཞན་ཐམས་ཅད་ལྡོག་པས་འཁོར་བར་འཇུག་པའི་རྒྱུ་ཟད་ནས་མྱ་ངན་ལས་འདས་པར་འགྱུར་བ་སྟེ། དེ་ལྟར་རྟེན་འབྲེལ་གྱི་ཚུལ་ཁོང་དུ་ཆུད་ན་བདག་ཏུ་སྨྲ་བ་སོགས་རྟག་ཆད་ཀྱི་ལྟ་ངན་ཐམས་ཅད་དྲུང་ནས་ཕྱུངས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འགྱུར་རོ། གསུམ་པ་གཙོ་བོ་ལྟ་བའི་ངེས་པ་ལ་བསམ་ཚུལ་གང་ལྟར་ཡིན། འདི་ལ་སྤྱི་དང་བྱེ་བྲག་གི་རིམ་པ་གཉིས་མཆིས་སོ།། དང་པོ་སྤྱིའི་རྣམ་བཞག་གང་ལྟར་ཡིན། སྤྱིར་ན་འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་པ་དང་བཅས་པ་ནི་སྡུག་བསྔལ་བ། བོན་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་ཞིང་བདེ་བ་སྟེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་ལྟ་བའི་གཞི་ཡིན་པས་ཡིད་ལ་ངེས་ཤེས་ཐོབ་པར་བྱའོ།། གཉིས་པ་བྱེ་བྲག་གི་ལྟ་བའི་རིམ་པ་ལ་གང་ལྟར་མཆིས། འདི་ལ་ཉམས་སུ་ལེན་ཚུལ་གྱི་དབང་དུ་བྱས་ན་མདོ་དང་གསང་སྔགས། རྫོགས་ཆེན་གྱི་ལྟ་བ་སྟེ་གསུམ་མཆིས་སོ།།

དང་པོ་མདོ་ལམ་གྱི་ལྟ་བའི་རྣམ་བཞག་གང་ལྟར་ཡིན། མདོ་ལམ་གྱི་ལྟ་བའི་ཁུངས་ནི་ཡུམ་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་དགོངས་པ་མཁས་པ་མི་བཞིའི་རིང་ལུགས་དམ་པ་ཡབ་སྲས་ཀྱིས་གཏན་ལ་ཕབ་པའི་དབུ་མ་ཐལ་འགྱུར་བའི་ལྟ་བའོ།། ལྟ་བའི་རང་བཞིན་ནི་ལྟ་བ་ཡིན་ན་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་པས་སྣང་སྟོང་ཟུང་དུ་འཇུག་པ་ཞིག་ཡིན་ལ། དེ་ཡང་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་སྟོང་བ་ཁས་ལེན་དང་བྲལ་བའི་སྤྲོས་བྲལ་གཉིས་ཟུང་དུ་འཇུག་པའོ། འོ་ན་སྟོང་ཉིད་ཀྱི་ལྟ་བའི་ངོས་འཛིན་གང་ཡིན། ལྟ་བའི་ཡུལ་ནི་སྟོང་ཉིད་དེ་སྟོང་བ་ནི་མེད་པའི་དོན་ཡིན་པས་མཐའ་དང་བྲལ་བ་དང་། ཉིད་ནི་ཁོ་ན་ཉིད་དེ་ངོ་བོ་ཅི་ཡང་མ་གྲུབ་པའི་མེད་པར་དགག་པའི་ཆའོ། སྟོང་ཉིད་དེས་སྟོང་ཚུལ་ཇི་ལྟར་བཞེད་པ་ཡིན། དགག་གཞིར་བཟུང་བའི་བོན་རང་རང་གི་སྟེང་དུ་དོན་དམ་པར་དེ་ཉིད་ཀྱིས་སྟོང་པས་རང་གི་ངོ་བོས་སྟོང་བ་ཡིན་ནོ། འོ་ན་གཏན་མེད་དུ་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ་དོན་དམ་པར་བཀག་ཀྱང་སྟོང་ཉིད་དངོས་པོའི་འཇིགས་རྒྱུ་མ་ཡིན་པའི་ཕྱིར་རོ། འོ་ན་ལྟ་བ་མེད་དགག་ཏུ་འདོད་དམ། ལྟ་བའི་ངོ་བོའི་ཆ་ནས་མེད་དགག་ཏུ་འདོད་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་པ་ཡིན་ལ། ཉམས་སུ་ལེན་པའི་སྐབས་སུ་སྦས་དོན་མངོན་རྟོགས་ཀྱི་སྒོམ་རིམ་རིག་ཁམས་ལས་གསུངས་པ་ལྟར་ན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཉམས་མྱོང་དགོས་པས་སྒོམ་པའི་རང་བཞིན་སེམས་ཉིད་འོད་གསལ་བའི་ཆ་ནས་མ་ཡིན་དགག་ཡིན་ཀྱང་དོན་ལ་སྨྲ་བསམ་བརྗོད་མེད་ཡིན་པས་གནད་གཅིག་གོ། འོ་ན་སྟོང་ཉིད་དེ་གཏན་ལ་འབེབབས་ཚུལ་ཇི་ལྟར་ཡིན། གང་ཟག་གི་བདག་མེད་ནི་གཅིག་དུ་བྲལ་གྱི་རིགས་པ་དང་། བོན་བདག་མེད་ནི་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། རྒྱུ་ལ་དཔྱོད་པ་གཡུང་དྲུང་གཟེགས་ཆེན། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག འགལ་ཟླ་དམིགས་པ་རྟེན་འབྲེལ་གྱི་རིགས་པ་བཅས་གཏན་ཚིགས་ལྔ་སོགས་དང་། མན་ངག་གི་ལུགས་སུ་དགག་བྱ། ཁྱབ་པ། གཅིག་བྲལ། དུ་བྲལ་ངེས་པ་བཞིས་བོན་ཐམས་ཅད་སྟོང་ཉིད་དུ་གཏན་ལ་འབེབས་པ་སྟེ། དེས་ན་མདོ་ལུགས་ཀྱི་ལྟ་བ་ནི་བོན་ཅན་སེམས་ཀྱི་སྤྲོས་པ་གཅོད་པའི་ལྟ་བ་ཡིན་པས་བོན་ཅན་གྱི་ལྟ་བ་ཞེས་བླ་མ་གོང་མ་རྣམས་བཞེད་དོ།།
གཉིས་པ་གསང་སྔགས་ཀྱི་ལྟ་བའི་རྣམ་བཞག་གང་ལྟར་ཡིན། གསང་སྔགས་ཀྱིལྟ་བའི་ཁུངས་ནི་སྤྱི་སྤུངས་སེམས་སྨད་སྡེ་དགུ་སོགས་ཀྱི་དགོངས་པ་དམ་པ་ཡབ་སྲས་ཀྱིས་ཉམས་བརྒྱུད་དུ་གནང་བའི་ཁྲིད་རྒྱུན་བྲུའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་ཞེས་གྲགས་པའི་རིང་ལུགས་ཡིན་ལ། ལྟ་བ་ནི་འདིའི་རང་བཞིན་ནི་མདོ་ལམ་གྱི་ལྟ་བ་སྔོན་དུ་སོང་བའི་གང་ཟག་གིས་དེའི་སྟེང་དུ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཉམས་སུ་ལེན་པ་སྟེ། དེའང་ཡུལ་སྟོང་ཉིད་སྤྲོས་བྲལ་གྱི་ལྟ་བ་ལ། ཡུལ་ཅན་དབང་ལས་བྱུང་བའི་ཡེ་ཤེས་སམ་དབང་དོན་གྱི་རྟོགས་པ་དེ་ཉིད་ཐབས་ཀྱི་ལམ་དུ་བྱས་ཏེ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་རང་བྱུང་གི་ཡེ་ཤེས་དང་ཟུང་དུ་འཇུག་པའོ།། སྔགས་ལུགས་ཀྱི་སྟོང་ཉིད་ཀྱི་ལྟ་བའི་ངོས་འཛིན་གང་ཡིན། ཤེས་བྱ་ཡུལ་གྱི་སྟོང་ཉིད་དང་ནང་སེམས་ཀྱི་སྟོང་ཉིད་ལ་གོང་དུ་བཤད་པའི་མདོ་ལུགས་དང་ཁྱད་པར་ཅི་ཡང་མེད་ཀྱང་། སེམས་ཉིད་གནས་ལུགས་ཀྱི་སྟོང་ཉིད་ནི་བདེན་མེད་མེད་དགག་གི་སྟོང་རྐྱང་ཙམ་མ་ཡིན་པར་ཟག་པ་མེད་པའི་ཡོན་ཏན་གྱི་རྣམ་པ་ཀུན་དང་ལྡན་པའི་སྟོང་བ་ཉིད་རྡུལ་ཕྲ་རབ་ཀྱི་བོན་ལས་འདས་པའི་པྲ་ཕབ་པའི་གཟུགས་བརྙན་ལྟ་བུའི་སྟོང་ཉིད་ཡིན་པས་སྟོང་ཉིད་ལ་ཁྱད་པར་ཡོད་དོ།། སྟོང་ཉིད་དེས་སྟོང་ཚུལ་ཇི་ལྟར་བཞེད་པ་ཡིན། ཡུལ་སེམས་བདེན་པས་སྟོང་ཚུལ་རང་གིས་རང་སྟོང་བའི་བདེན་མེད་མེད་དགག་ཡིན་པ་ལ་ཁྱད་མེད་ཀྱང་། སེམས་ཉིད་ཀྱི་གནས་ལུགས་འོད་གསལ་བའི་ཆ་ནས་སེམས་ཀྱི་དྭངས་མ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་བདེན་རྫུན་གྱི་སྤྲོས་པ་གཞན་གྱིས་སྟོང་བ་ལས་སངས་རྒྱས་ཀྱི་ངོ་བོ་ཡེ་ཤེས་ཀྱིས་མི་སྟོང་བས་སྟོང་ཚུལ་ལའང་ཁྱད་པར་ཡོད་དོ།། འོ་ན་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་མེད་ཇི་ལྟར་འདོད། བོན་སྤྲོས་བྲལ་གྱི་ལྟ་བ་ལ་ཁྱད་པར་ཅི་ཡང་མེད་ཀྱང་བོན་ཅན་སེམས་ཀྱི་གནས་ལུགས་སྐུ་དང་ཡེ་ཤེས་སུ་བལྟ་བ་སྔགས་ཀྱི་ཁྱད་བོན་ཡིན་པས་ཤན་ཕྱེད་པ་གལ་ཆེའོ།། སྐུ་དང་ཡེ་ཤེས་སུ་བལྟ་བ་དེ་བློས་བརྟག་པ་ཡིན་ནམ་རང་གི་གནས་ལུགས་ཡིན། འདི་ནི་བློས་བཏགས་པ་ཙམ་མ་ཡིན་པར་སེམས་ཀྱི་དྭངས་མ་འོད་གསལ་བའི་ཡེ་ཤེས་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཡོད་པས་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་མ་ནོར་བ་ཡིན་ནོ།། འོ་ན་གནས་ལུགས་དེ་གཏན་ལ་འབེབས་ཚུལ་ཇི་ལྟར་ཡིན། གསང་སྔགས་བཤད་རྒྱུད་ཀྱི་ལུགས་སུ་སྔོན་བྱུང་དངོས་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། གོ་བ་སྐུ་ལྔའི་གཏན་ཚིགས་རྣམས་དང་། ཕྱི་མ་ལ་དབྱེ་ན་ཚད་མ་བཀའ་གཞུང་གི་གཏན་ཚིགས་རྟོགས་པ་བཞི། དག་པ་གསུམ། མཉམ་པ་བཞི། བདག་ཉིད་ཆེན་པོའི་གཏན་ཚིགས་རྣམས་དང་། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་ཞེས་བྱ་བ་རྣམས་དང་། མན་ངག་གི་ལུགས་སུ་མཚན་བཅས་ལ་སེམས་བཟུང་བ། མཚན་མེད་ལ་མཉམ་པར་བཞག་པ། གནས་ལུགས་ལ་ངོ་སྤྲོད་པའི་ཚུལ་སོགས་ཀྱིས་གཏན་ལ་ཕབ་ནས་འཇོག་གཤིས་སྐྱོངས་གསུམ་སོགས་ཀྱིས་ཉམས་སུ་བླང་ནས་སྒྱུ་ལུས་དང་འོད་གསལ་སོགས་ཐབས་ལམ་སྐོར་ལྔའམ་རྩལ་སྦྱོངས་ནས་གནས་ལུགས་མངོན་དུ་བྱེད་པ་སྟེ། དེས་ན་གསང་སྔགས་ཀྱི་ལྟ་བ་ནི་བོན་ཕྱིའི་ཡུལ་དང་བོན་ཅན་ནང་གི་སེམས་ཀྱི་སྤྲོས་པ་གཅོད་པའི་ལྟ་བ་ཙམ་མ་ཡིན་པར་བོན་ཉིད་གཤིས་ཀྱི་རང་བཞིན་གནས་ལུགས་ཉམས་སུ་ལེན་པ་གཙོ་བོར་བྱེད་པས་བོན་ཉིད་ཀྱི་ལྟ་བ་ཞེས་ཉམས་བརྒྱུད་ཀྱི་བླ་མ་གོང་མའི་ཞལ་ལུང་ལས་འབྱུང་ངོ་།། གསུམ་པ་རྫོགས་ཆེན་གྱི་ལྟ་བའི་རྣམ་བཞག་གང་ལྟར་ཡིན། རྫོགས་ཆེན་གྱི་ལྟ་བའི་ཁུངས་ནི་བསྒྲགས་པ་སྐོར་གསུམ་དང་བཀའ་བརྒྱུད་སྐོར་བཞི་སོགས་ཀྱི་བསྟན་དོན་གྱེར་སྤུངས་དང་ལི་ཤུ་སོགས་དམ་པ་གོང་མའི་དགོངས་པ་སྙན་བརྒྱུད་རྒྱལ་བའི་ཕྱག་ཁྲིད་སོགས་ཀྱི་རིང་ལུགས་ཡིན་ལ། ལྟ་བ་འདིའི་རང་བཞིན་ནི་གསང་སྔགས་ཀྱི་ལྟ་བ་སྔོན་དུ་སོང་བའི་གང་ཟག་གིས་དེའི་སྟེང་དུ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཉམས་སུ་ལེན་པ་སྟེ། དེའང་སེམས་ཡིད་རྣམ་ཤེས་ཀྱི་ཡུལ་ལས་འདས་པའི་ཀ་དག་རིག་པ་རྗེན་པ་དང་མཐའ་བྲལ་གྱི་སྟོང་ཉིད་ཟུང་དུ་འཇུག་པའོ། སྟོང་ཉིད་དང་སྟོང་ཚུལ་གྱི་གོ་དོན་གསང་སྔགས་དང་མཚུངས་པ་ཡིན་ནམ། སྤྱིར་གསང་སྔགས་དང་ཚུལ་འདྲ་ནའང་སེམས་ཀྱི་གནས་ལུགས་ཡེ་ཤེས་དེ་སེམས་ཀྱི་དྭངས་ཆ་ཕྲ་བ་ཙམ་ལ་མི་བཞེད་པར། ཚོགས་བརྒྱད་ཀྱིས་བསྡུས་པའི་སེམས་དང་མ་འདྲེས་པའི་རིག་པ་ཟང་ཐལ་ཤན་འབྱེད་པའི་ཚུལ་ཁོ་ན་ལུགས་འདིའི་ཁྱད་བོན་ཡིན་པས་རིག་པ་དེ་ཉིད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་བདག་ཉིད་སྐུ་གསུམ་གྱི་ངོ་བོར་ཡེ་ནས་བཞུགས་པས་འདི་ནི་སྟོང་མི་སྟོང་གི་མཐའ་ལས་འདས་པའི་ཀ་དག་སྟོང་བ་ཆེན་པོའོ།། འོ་ན་སེམས་དང་རིག་པ་ཐ་དད་དུ་འདོད་པ་མི་འགལ་ལམ། མདོ་སྔགས་སྤྱིའི་ལུགས་སུ་བློ་རིག་ཤེས་གསུམ་དོན་གཅིག་ཏུ་འདོད་ཀྱང་འདིར་ནི་སེམས་ལས་འདས་པར་འདོད་པས་ཐ་དད་དུ་བཞེད་པ་མི་འགལ་ཏེ་རྒྱུ་མཚན་ནི་ཚོགས་སུ་སྒྲོགས་པའི་གནས་མ་ཡིན་ནོ། དེའི་རང་བཞིན་གཏན་ལ་འབེབས་ཚུལ་ཇི་ལྟར་ཡིན། འདི་ལ་རྒྱུད་དང་མན་ངག་གི་ལུགས་ཤིན་ཏུ་མང་ཡང་མདོར་བསྡུ་ན་ཀ་དག་ལམ་དུ་བྱེད་པ་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་འབེབས་པ་དང་། ལྷུན་གྲུབ་ལམ་དུ་བྱེད་པ་ཐོད་རྒལ་གྱི་ཉམས་ལེན་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་སྟེ་འདི་ནི་གསང་བའི་གནས་ཡིན་པས་དེ་ཙམ་ལས་མི་སྨྲའོ། དེས་ན་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ནི་བོན་ཅན་སེམས་ཀྱི་སྟོང་ཉིད་སེམས་ཉིད་དྭངས་མའི་ཡེ་ཤེས་ལམ་བྱེད་ཙམ་མ་ཡིན་པར་བློ་འདས་ཀྱི་རིག་པ་ལམ་དུ་བྱེད་པས་རང་རིག་གི་ལྟ་བ་ཞེས་དམ་པ་གོང་མའི་གསུང་རྒྱུན་ལས་བྱུང་བར་བླ་མའི་གསུང་ལས་ཐོས་སོ།། གསུམ་པ་བློ་ལྡོག་པའི་བོན་བཞི་ལ་བློ་སྦྱོང་ཚུལ་གང་ལྟར་ཡིན། དེ་ལ་བཞིར་མཆིས་ཏེ། སྐྱོ་ཤས། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། བདག་མེད་སྟོང་ཉིད་ཀྱི་ལྟ་བ་ལ་བློ་སྦྱོངས་པའོ། དང་པོ་སྐྱོ་ཤས་ལ་བློ་སྦྱོངས་ཚུལ་ཇི་ལྟར་ཡིན། ཚེ་འདིའི་བྱ་བ་ལ་མི་འཇུག་པར་ཕྱི་མའི་དོན་ལ་འབད་པ་ལ། ཚེ་འདིའི་ཉེས་དམིགས་ཤེས་ནས་སྐྱོ་ཤས་ལེགས་པར་བསྒོམ་དགོས་པས། དེ་ལ་ཐོག་མར་ཕྱི་མའི་དགེ་སྦྱོར་གྱི་རྟེན་དལ་འབྱོར་རྙེད་དཀའ་ཡིན་པས་དལ་འབྱོར་ངོས་བཟུང་ནས་རྙེད་ན་དོན་ཆེ་བ་དང་ཕྱིས་སུ་རྙེད་དཀའ་བ་ལ་བསམ་ནས་ཚེ་འདི་ལ་བློ་བསྐུལ་བ་དང་། སྐྱོ་ཤས་དངོས་འཆི་བ་མི་རྟག་པ་ཡིན་པས་ཚེ་འདིར་རིང་བོར་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་། ཤི་ནས་མེད་དུ་མི་འགྲོ་བར་སྐྱེ་བ་ལེན་དགོས་ཤིང་ངན་སོང་དུ་སྐྱེས་ན་སྡུག་བསྔལ་ཁོ་ན་ལས་མ་འདས་པས་ཕྱི་མའི་དོན་དུ་དགེ་བ་ཁོ་ན་སྒྲུབ་དགོས་སྙམ་དུ་ཚེ་འདི་ལས་བློ་ལྡོག་པར་བྱའོ།། གཉིས་པ་ངེས་འབྱུང་ལ་བློ་སྦྱོང་ཚུལ་གང་ལྟར་ཡིན། གནས་སྐབས་མངོན་མཐོའི་བདེ་བ་ཙམ་ལ་མི་སེམས་པར་ཞི་བ་མྱང་འདས་ཀྱི་གོ་འཕང་དོན་དུ་གཉེར་བ་ལ། འཁོར་བ་མཐའ་དག་ལས་ཐར་འདོད་ཀྱི་ངེས་འབྱུང་གི་སེམས་བསྐྱེད་དགོས་པས། ཐོག་མར་འཁོར་བར་སྐྱེ་བའི་རྒྱུ་ལས་རྒྱུ་འབྲས་ལ་རག་ལས་པས་དགེ་སྡིག་སྤྱི་དང་། ལས་ཀྱི་སྤྱི་ཡང་སོགས་ལ་བསམ་ནས་དགེ་སྡིག་གི་གནས་ལ་སྤང་བླང་བྱ། ངེས་འབྱུང་དངོས་འཁོར་བའི་ཉེས་དམིགས་དྲན་ནས་དེ་ལས་ཐར་འདོད་ཀྱི་བློ་ཡིན་པས། འཁོར་བ་སྤྱིའི་སྡུག་བསྔལ་གསུམ་དང་། བྱེ་བྲག་ཏུ་རིགས་དྲུག་སོ་སོའི་སྡུག་བསྔལ་བཅུ་དྲུག་སོགས་ལ་ལེགས་པར་བསམ་ནས། འཁོར་བའི་གནས་ན་མཐར་ཐུག་གི་བདེ་བ་ཞིག་གཏན་ནས་མི་འདུག་སྙམ་དུ་ཡིད་ལ་ངེས་པར་བྱས་ནས། དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་ཏུ་བསྐྱེད་ལ། འཁོར་བ་ལས་བློ་ལྡོག་པར་བྱའོ།། །།
གསུམ་པ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས་ཚུལ་ཇི་ལྟར་ཡིན། རང་དོན་ཞི་བདེའི་གོ་འཕང་ཙམ་ལ་བློ་མི་འཇུག་པར་མཐར་ཐུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ། རྣམ་དག་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས་པ་ཅིས་ཀྱང་གལ་ཆེ་བ་ཡིན་པས། ཐོག་མར་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་མ་ནོར་བ། རྒྱུ་འབྲས་མན་ངག་བདུན་ལ་ཚུལ་བཞིན་དུ་བསམ་ནས་རང་གི་བློ་ལེགས་པར་གོམས་དགོས་པས། དེ་ལ་ཡངཡང་བློ་སྦྱངས་ཏེ་མྱོང་བ་ཐོན་པར་བྱ། བྱང་ཆུབ་ཀྱི་སེམས་དངོས་བདག་གཞན་མཉམ་པ་དང་། བརྗེ་བ་དང་། བདག་པས་གཞན་གཅེས་པའི་ཚུལ་རྣམས་ཡིན་པས། དེ་དག་རང་གི་མྱོང་ཐོག་ཏུ་ཚུར་བསྐོར་ནས་ལེགས་པར་བསམ་པའི་སྒོ་ནས། ད་ནི་བདག་གིས་ཅི་ལ་བབས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས། གཞན་དོན་རྒྱ་ཆེན་པོ་ཞིག་སྒྲུབ་པར་མ་ནུས་ན་ཐབས་གཏན་ནས་མི་འདུག་སྙམ་དུ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རང་དོན་ལས་བློ་ལྡོག་པར་བྱའོ།། བཞི་བ་ཡང་དག་པའི་ལྟ་བ་ལ་བློ་སྦྱོངས་ཚུལ་ཇི་ལྟར་ཡིན། གཟུང་འཛིན་འཁྲུལ་བའི་ཡུལ་ལ་མི་ཞེན་པར་ཡང་དག་པའི་ལྟ་བ་སྒོམ་པ་ལ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་རྟོགས་དགོས་པས། ཐོག་མར་ལྟ་བའི་འཇུག་སྒོ་བདེན་རྫུན་གྱི་སྤྲོས་པ་གཅོད་པའི་ཆེད་དུ་གང་ཟག་གི་བདག་མེད་དང་བདེན་མེད་སྟོང་ཉིད་ཀྱི་ལྟ་བ་ལ་ཤེས་རབ་ཀྱི་སྣང་བ་དང་མ་བྲལ་བར་སོ་སོར་རྟོགས་པས་ངེས་ཤེས་བསྐྱེད། ལྟ་བ་དངོས་མཚན་འཛིན་གྱི་སྤྲོས་པ་གཅོད་པའི་ཆེད་དུ་མཐའ་བྲལ་གྱི་ལྟ་བ་ལ་ངེས་ཤེས་བསྐྱེད། དེ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་དང་རིག་སྟོང་ཟུང་འཇུག་གི་ལྟ་བ་ལའང་གོ་མྱོང་ཅི་སྐྱེས་བྱས་ནས་ཐར་བ་དང་རྣམ་མཁྱེན་གྱི་དངོས་རྒྱུ་ལྟ་བ་མ་ནོར་བ་ཞིག་མ་རྟོགས་ན་ཐབས་མེད་དོ་སྙམ་དུ་གཟུང་འཛིན་ཕྲ་རགས་ལས་བློ་ལྡོག་པར་བྱ་བའོ།། འོ་ལགས་ཏེ་དེ་ལྟར་ཐོས་པའི་དོན་རྣམས་ཁ་ཕྱིར་བལྟས་སུ་མ་སོང་བར་ནང་དུ་ཚུལ་བཞིན་བསམ་པའི་སྒོ་ནས་ངེས་ཤེས་བསྐྱེད་པ་ནི་རྒྱུད་ལ་གོ་བ་འཆར་ཞིང་ཐོས་པ་ཅི་བྱས་སེམས་ལ་ཕན་པའི་རྒྱུ་མ་ནོར་བ་ཡིན་པར་རྗེས་སུ་ཤེས་སོ།། དེ་ལྟར་ལགས་པས་ཐོས་པ་རྣམས་གཞུང་ཐོག་ཏུ་ལུས་ཏེ་ཡིད་ལ་དོན་གྱི་ངེས་ཤེས་མ་ཐོབ་ན་ངུ་བ་ལ་བལྟས་ན་ངུ་བྲོ་ཞིང་དགོད་པ་ལ་བལྟས་ན་དགོད་བྲོ་བ་ལྟར་ནམ་ཡང་བླུན་པོ་རྣམས་ཀྱིས་གཞན་དང་གཞན་དུ་བསྒྱུར་ཞིང་བསླུ་བར་འགྱུར་བས་རྒྱུན་དུ་ཐོས་པའི་དོན་ལ་ཡང་ཡང་སེམས་ཤིང་ལུང་དང་རིགས་པས་འཇལ་ཤེས་ན་གསུང་རབ་ཐམས་ཅད་གདམས་པར་འཆར་ཞིང་རིམ་གྱིས་རང་རྒྱུད་དུལ་ནས་སྒོམ་སྒྲུབ་ཇི་བྱས་གནད་དུ་འགྲོ་བ་ཞིག་འོང་བས་ཅིས་ཀྱང་གལ་ཆེ་བ་ཡིན་ཞེས་བདག་གི་བླ་མས་ཡང་ནས་ཡང་དུ་གདམས་པ་ལགས་སོ།། དེ་ལྟར་བསམ་བྱུང་གི་ཤེས་རབ་བསྐྱེད་ཚུལ་ལས་བརྩམས་པའི་དྲིས་ལན་འགའ་ཞིག་བརྩམས་པ་འདིས་ཀྱང་ཡིད་ལ་གོ་བའི་གསལ་འདེབས་ཅིར་ཡང་ཐོབ་པས་ཁྱེད་ཀྱིས་ཇི་ལྟར་ཕེབས་པའི་གསུངས་རྣམས་ལའང་ཤིན་ཏུ་སྤྲོ་བས་རྗེས་སུ་ཡིད་རིང་ངོ་། ཞེས་གླེང་ངོ་། བསམ་པ་དྲི་བའི་གནས་ཏེ་བཞི་བའོ།། སྒོམ་པ་དྲི་བ། འདིར་གསུང་རབ་རྣམས་ཀྱི་དོན་འཆད་ཉན་དང་ཁྲིད་རིམ་ལ་ཞུགས་ནས་གོ་དོན་ལ་བསམ་པས་ངེས་ཤེས་ལེགས་པར་ཐོབ་ཚེ་སླར་ཡང་སྒོམ་སྒྲུབ་ཀྱིས་ཉམས་སུ་ལེན་པ་གལ་ཆེ་བས་སྒོམ་པའི་གནས་དྲི་བ་ནི། ཀྱེ་བཙུན་པ། ཁྱེད་ནི་བོན་གྱི་འདུ་གནས་གང་ནས་མཆིས། བདག་ནི་མདོ་ཁམས་གྲུབ་པའི་འབྱུང་གནས་གནས་ཆེན་གསང་བ་ཡང་རྫོང་གི་སྒྲུབ་སྡེ་བྱང་ཆུབ་གླིང་གི་རུ་ལག་ངེས་པ་དོན་གྱི་ཉམས་ལེན་པ་དུ་མས་རོལ་པའི་བཀྲ་ཤིས་པའི་གཙུག་ལག་ཁང་འཆི་མེད་བསམ་གཏན་གླིང་ནས་སོ།། ཁྱེད་ཀྱི་ངང་ཚུལ་ནི་ཇི་ལྟ་བུ་ཞིག བདག་ནི་ཉམས་རྟོགས་ཀྱི་ཡོན་ཏན་ཤིན་ཏུ་དམན་ཡང་འོལ་སྤྱི་ཙམ་དུ་མདོ་སྔགས་རྫོགས་ཆེན་གྱི་ཁྲིད་རིམ་ལ་སྒོམ་སྒྲུབ་ཉམས་ལེན་གྱིས་འཇུག་ཁུལ་ཙམ་ལྷུར་བྱེད་པའི་དགེ་སྦྱོར་བའི་གཟུགས་བརྙན་ཞིག་གོ། ཁྱེད་ལ་སྨིན་གྲོལ་གྱི་གདམས་པ་གནང་བའི་སློབ་དཔོན་ནི་སུ་ཡིན། བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་གཡུང་དྲུང་གི་སློབ་དཔོན་དམ་པ་དབྲ་སྟོན་འཆི་མེད་རྣམ་རྒྱལ་དབང་བོའོ།། འོ་ན་སྒོམ་སྒྲུབ་ཉམས་ལེན་གྱི་གནས་ལས་བརྩམས་པའི་ཞུས་ལན་ཅུང་ཟད་ཅིག་སྙིང་ནས་བྱ་བར་འདོད་ན་སྐབས་དབྱེ་བར་སྤྲོའམ། བདག་ནི་སྒོམ་བྱུང་གི་ཤེས་རབ་མ་ཐོབ་པས་ཉམས་ལེན་གྱི་གནད་གསང་རྣམས་ཇི་བཞིན་སྨྲ་བའི་སྤོབས་པ་མེད་མོད་ཀྱི་འོན་ཀྱང་དོན་སྤྱི་ཙམ་སྨྲ་བ་ལ་གཏན་ནས་མི་སྤྲོ་བའང་མ་མཆིས་སོ།། འོ་ན་ལེགས་པར་སྨོས་ཤིག་དང་སྒོམ་སྒྲུབ་ཉམས་ལེན་གྱི་སྒོ་ནས་མདོ་དང་སྔགས་ཀྱི་ལག་ལེན་ལ་འཇུག་ཚུལ་ཇི་ལྟར་མཆིས། དེ་ལ་གསུམ་དུ་མཆིས་ཏེ། སྤྱིར་ཞི་ལྷག་གི་སྒོམ་རིམ། བྱེ་བྲག་ཏུ་མཚན་ཉིད་ཐེག་པའི་སྒོམ་རིམ། ཁྱད་པར་གསང་སྔགས་བླ་མེད་ཐེག་པའི་སྒོམ་རིམ་ལ་འཇུག་ཚུལ་རྣམས་སོ།། དང་པོ་ཞི་ལྷག་གི་སྒོམ་ཚུལ་ཇི་ལྟར་ཡིན། འདི་ལ་གསུམ་དུ་མཆིས་ཏེ། ཞི་གནས་དང། ལྷག་མཐོང་དང་། ཟུང་འབྲེལ་གསུམ་གྱི་སྒོ་ནས་བསྒོམ་པའོ།། དང་པོ་ཞི་གནས་ལ་འཇུག་ཚུལ་གང་ལྟར་ཡིན། ཞི་གནས་སྒོམ་པའི་སྦྱོར་བ་གནས་དབེན་པ་བསྟེན་ཅིང་འདོད་ཆུང་ཆོག་ཤེས་བྱ་བ་སོགས་ཞི་གནས་ཀྱི་རྒྱུ་ཚོགས་སྔོན་དུ་སོང་ནས། དངོས་གཞིའི་དམིགས་པ་གང་ལ་བྱེད་ཀྱང་དེ་ལས་གཞན་དུ་མི་རྟོག་པར་སེམས་རྩེ་གཅིག་ཏུ་བཞག་ནས་སྒོམ་པའོ།། ཞི་གནས་ལ་རྣམ་དབྱེ་ཇི་ལྟར་མཆིས། སྤྱིར་འདོད་གཟུགས་གཟུགས་མེད་གསུམ་དང་འགོག་པའི་སྙོམས་འཇུག་གི་ཏིང་འཛིན་བཞི་དང་། བྱེ་བྲག་བསྒོམ་བྱ་ལ་མདུན་གྱི་ལྷ་སྐུ་ལ་དམིགས་པ་སོགས་རྟེན་ཅན་དང་ཐིག་ལེ་བསྒོམ་པ་སོགས་རྟེན་མེད་དེ་མཚན་བཅས་དང་། སེམས་མི་རྟོག་པའི་ངང་ལ་འཇོག་པ་ངོ་བོ་ཉིད་ཀྱི་ཞི་གནས་ཏེ་མཚན་མེད་དང་། གཞན་ཡང་རིགས་སུ་བསྡུ་ན་མི་སྡུག་པ་དང་ཚད་མེད་བཞི་དང་བདག་མེད་སྟོང་ཉིད་སོགས་དང་། གསང་སྔགས་ཀྱི་བསྐྱེད་བཟླས་དང་རྫོགས་རིམ་གྱི་ཡེ་ཤེས་སོགས་གཞི་གང་ལ་འཇོག་སྒོམ་བྱས་ཀྱང་དེ་དང་དེའི་ཏིང་འཛིན་ཡིན་པས་ཞི་གནས་ཀྱི་ཕྱོགས་སུ་གཏོགས་སོ།། ཞི་གནས་སྒོམ་པའི་ཚུལ་གང་ལྟར་ཡིན། ཞི་གནས་ཀྱི་དམིགས་པ་གལང་ལ་བྱེད་ཀྱང་གནས་ཆ་དང་གསལ་ཆ་གཉིས་ལྡན་གྱི་སྒོ་ནས་ལེ་ལོ་སོགས་ཉེས་པ་ལྔ་སྤོང་ཞིང་དད་པ་དང་འདུན་པ་སོགས་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་ཉམས་སུ་ལེན་པའོ།། ཞི་གནས་ཀྱི་སྒོམ་དཔྱད་འཇོག་གང་ཡིན། དམིགས་པ་གང་ལ་བྱེད་ཀྱང་དེ་ལས་གཞན་དུ་མི་ཡེངས་པའི་འཇོག་སྒོམ་ཁོ་ན་བྱེད་པའོ།། དེ་ལྟར་བསྒོམ་པས་ཉམས་ཇི་ལྟར་སྐྱེ། ཉམས་སྐྱེ་ཚུལ་ལྔ་སྟེ། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་རྣམས་སོ།། ཞི་གནས་གྲུབ་པའི་ཚད་གང་ཡིན། ཐོག་མར་སེམས་ཤིན་སྦྱངས་དང་དེ་ནས་ལུས་ཤིན་སྦྱངས་རིམ་པར་སྐྱེས་པའོ།། གཉིས་པ་ལྷག་མཐོང་ལ་འཇུག་ཚུལ་གང་ལྟར་ཡིན། ཐོག་མར་སློབ་དཔོན་ལ་བསྟེན་ནས་ཐོས་བསམ་བྱེད་པ་སོགས་ལྷག་མཐོང་གི་རྒྱུ་ཚོགས་སྔོན་དུ་སོང་ནས། དངོས་གཞིའི་འཇུག་ཡུལ་སྤྱི་དང་ལྟ་བ་ཇི་ལྟར་རྙེད་པ་དེ་ལ་སོ་སོར་རྟོག་ནས་ཡིན་ལུགས་མ་ནོར་བར་མཐོང་བའི་ལྷག་མཐོང་བ་ཙམ་པའོ།། ལྷག་མཐོང་ལ་རྣམ་དབྱེ་ཇི་ལྟར་མཆིས། སྤྱིར་ཞི་རགས་ཀྱི་རྣམ་པ་ཅན་འཇིག་རྟེན་པ་དང་བདེན་པའི་རྣམ་པ་ཅན་ཉན་རང་གི་ལྷག་མཐོང་སོགས་མང་ལ། བྱེ་བྲག་བསྒོམ་བྱ་ལ་བླ་སློབ་ཀྱི་མཚན་ཉིད་ལ་སོ་སོར་རྟོག་པ་ལྟ་བུ་ཇེ་སྙེད་པ་དང་། བདག་མེད་རྣམ་གཉིས་ལ་སོ་སོར་རྟོག་ན་ལྟ་བུ་ཇི་ལྟ་བའི་ལྷག་མཐོང་དང་། གཞན་ཡང་རིགས་སུ་བསྡུ་ན་མཚན་མཚོན་ལ་དཔྱོད་པ་ཚད་མ་ལྟ་བུ་དང་། རང་སྤྱིའི་མཚན་ཉིད་ལ་དཔྱོད་པ་མངོན་པ་ལྟ་བུ་དང་། གཏན་ཚིགས་ལྔ་ལ་དཔྱོད་པ་དབུ་མ་ལྟ་བུ་དང་། ལུང་རིགས་རྩ་རླུང་སོགས་ཀྱིས་རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པ་དང་། བྱིན་རླབས་བརྡ་ཐབས་དུ་མས་རྫོགས་ཆེན་ཐུན་མིན་གྱི་ངོ་སྤྲོད་འདེབས་པ་སོགས་ཀྱང་སོ་སོར་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཐབས་ཡིན་པས་ལྷག་མཐོང་གི་ཕྱོགས་སུ་གཏོགས་སོ།། ལྷག་མཐོང་སྒོམ་པའི་ཚུལ་གང་ལྟར་ཡིན། ལས་དང་པོ་བའི་དབང་དུ་བྱས་ཏེ་ལམ་རིམ་ལྟ་བུ་ལ་མཚོན་ན་བླ་མ་བསྟེན་པ་ནས་ཞི་གནས་མན་ཆད་ཇི་སྙེད་པའི་སྒོམ་རིམ་ལ་དཔྱོད་པ་དང་། བདག་མེད་ཀྱི་སྐབས་སུ་བདེན་འཛིན་གྱི་སྤྲོས་པ་གཅོད་ཚེ་བདེན་མེད་ལ་དཔྱོད་པ་དང་། མཚན་འཛིན་གྱི་སྤྲོས་པ་གཅོད་པའི་ཚེ་མཐའ་བྲལ་ལ་དཔྱོད་པ་སྟེ་ཇི་ལྟ་བའི་སྒོམ་རིམ་དེ་དག་གང་ཡིན་ཀྱང་རྟོག་པ་དང་དཔྱོད་པ་གཉིས་ཀྱི་སྒོ་ནས་སོ་སོར་རྣམ་པར་འབྱེད་པ་སྟེ། སྤྲོས་བྲལ་གྱི་གནས་ལུགས་དང་སྔགས་ལུགས་ཀྱི་ལྷག་མཐོང་ན་དམིགས་རྣམ་དང་བྲལ་བས་རྟོག་དཔྱོད་ཀྱི་ལས་འདས་ཀྱང་ངོ་བོ་ལྷག་གེར་མཐོང་བའི་ཆ་ནས་སོ་སོར་རྟོག་པ་ཞེས་བརྗོད་པས་དོན་གྱིས་དཔྱད་སྒོམ་གྱི་གནད་ཚང་ངོ་།། ལྷག་མཐོང་གི་སྒོམ་དཔྱད་སྒོམ་ཁོ་ན་ཡིན་ནམ། ཇི་ལྟ་ཇི་སྙེད་གང་ལ་དམིགས་ཀྱང་ལུང་མ་བསྟན་དུ་མ་སོང་བར་ཡིན་ལུགས་སོ་སོར་ངེས་པ་ཞིག་དགོས་པས་དཔྱད་སྒོམ་ཁོ་ན་ཡིན་མོད་ཀྱང་། ས་ལམ་མཐོན་པོའི་ལྷག་མཐོང་ནི་རྟོག་དཔྱོད་ཀྱི་དངོས་ཡུལ་མིན་ཀྱང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆ་ལ་དཔྱད་སྒོམ་གྱི་མིང་བཏགས་པ་ཙམ་མོ། ལྷག་མཐོང་གྲུབ་པའི་ཚད་གང་ཡིན། ཡུལ་གང་ལ་དཔྱད་པའི་སྟོབས་ཀྱིས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་འདྲེན་ནུས་པའོ།། གསུམ་པ་ཞི་ལྷག་ཟུང་འབྲེལ་ལ་སློབ་ཚུལ་གང་ལྟར་ཡིན། དེ་ཡང་ཞི་ལྷག་གཉིས་སོ་སོར་ངེས་ནས་དངོས་གཞི་བདག་མེད་སོགས་ཟུང་འབྲེལ་གྱིས་སྒོམ་ཚུལ་ལ། སྤྱིར་མཚན་བཅས་དང་ཇི་སྙེད་པའི་ཞི་ལྷག་སྐབས་སུ་དམིགས་པ་གང་ལ་བྱེད་ཀྱང་རྟོག་པའི་གཟུགས་བརྙན་དེ་ལ་ཞི་གནས་ཀྱིས་དེ་ལས་གཞན་དུ་མི་རྟོག་པར་ལྷག་མཐོང་གིས་དེ་ལ་སོ་སོར་རྟོག་པ་གཉིས་ཟུང་དུ་འཇུག་པ་དང་། མཚན་མེད་དང་ཇི་ལྟ་བའི་ཞི་ལྷག་སྐབས་ཞི་གནས་མི་རྟོག་པའི་ངང་དུ་ལྷག་མཐོང་གིས་བདེན་མེད་དང་མཐའ་བྲལ་གྱི་ལྟ་བ་ཇི་ལྟར་རྙེད་པ་དེ་ཉིད་གཅིག་ཏུ་འདྲེས་པའི་སྒོ་ནས་ཟུང་དུ་འཇུག་པའོ།། དེའི་ཚེ་དཔྱད་འཇོག་གི་སྒོམ་གཙོ་ཆེ་ཆུང་གོང་ལྟར་བྱ། ལམ་རིམ་ལ་མཚོན་ན་བླ་སློབ་ཀྱི་མཚན་ཉིད་ནས་དཔྱད་སྒོམ་གཙོ་བོ་དང་དཔྱད་མཐའི་ངེས་པ་ལ་འཇོག་སྒོམ་ཡང་ཅུང་ཟད་བྱ། ཞི་ལྷག་ནས་བདེན་འཛིན་གཅོད་ཚེ་དཔྱད་སྒོམ་དང་ངེས་ཤེས་ཀྱི་འཇོག་སྒོམ་གཉིས་སྤེལ་མར་བྱ། མཚན་འཛིན་གཅོད་ཚེ་དཔྱད་སྒོམ་སྔོན་དུ་སོང་ནས་མཐར་དམིགས་མེད་ཀྱི་འཇོག་སྒོམ་དང་གསང་སྔགས་ཡན་ཆད་འཇོག་སྒོམ་གཙོ་བོར་བྱ་བའང་ཤེས་དགོས་སོ། ངེས་ཤེས་ཀྱི་འཇོག་སྒོམ་དང་དམིགས་མེད་ཀྱི་འཇོག་སྒོམ་ལ་ཁྱད་པར་ཅི་ཡོད། ངེས་ཤེས་ཀྱི་འཇོག་སྒོམ་ནི་བདེན་མེད་ལ་དམིགས་པའི་ཚེ་རྣམ་པ་སྟོངས་སངས་ཀྱི་འཛིན་སྟངས་ཡོད་དགོས་ལ། དམིགས་མེད་ཀྱི་འཇོག་སྒོམ་ནི་དམིགས་རྣམས་སོ་སོར་མི་ཕྱེ་བར་ཡུལ་དམིགས་མེད་ཀྱི་ངང་དུ་བློ་འཛིན་མེད་རང་བབས་སུ་འཇོག་པའོ།། མཚན་མེད་ཞི་གནས་ཀྱི་མི་རྟོག་པ་དང་དམིགས་མེད་ལྷག་མཐོང་གི་མི་རྟོག་པ་ལ་ཁྱད་པར་ཅི་ཡོད། མཚན་མེད་ཀྱི་ཞི་གནས་ནི་ཀུན་གཞི་རྣམ་ཤེས་དྭངས་ཆ་ལ་དམིགས་ཀྱང་དེ་ལས་གཞན་དུ་མི་རྟོག་པ་དང་། དམིགས་མེད་ཀྱི་ལྷག་མཐོང་ནི་ཡུལ་ཅི་ལའང་མི་རྟོག་པར་སེམས་ཀྱི་ངོ་བོ་མཐོང་བའི་ཡེ་ཤེས་སོ།། ཞི་ལྷག་གི་རྣལ་འབྱོར་ལ་བརྩོན་པའི་དགོས་ཆེད་གང་ལྟར་ཡིན། ཞི་གནས་ནི་ཏིང་འཛིན་ཡིན་པས་དགེ་བ་གང་ལ་འཇུག་ཀྱང་སྟོབས་ཆེ་བ་དང་ཉོན་མོངས་པ་མགོ་ནོན་ཅིང་སྤྱན་དང་མངོན་ཤེས་སོགས་འགྲུབ་པ་དང་། ལྷག་མཐོང་ནི་ལྟ་བ་ཡིན་པས་སྒྲིབ་གཉིས་རྩད་ནས་སྤོང་ཞིང་རྣམ་མཁྱེན་ལ་དངོས་སུ་སྦྱོར་བ་ཡིན་པས་དེ་གཉིས་ནི་ཉམས་ལེན་ཐམས་ཅད་ཀྱི་གཞི་མ་ནོར་བ་ཡིན་ནོ།།
གཉིས་པ་བྱེ་བྲག་མཚན་ཉིད་ཐེག་པའི་སྒོམ་རིམ་ཇི་ལྟར་ཡིན། དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་སུ་མཆིས་སོ།། ཐོག་མར་སྔོན་འགྲོའི་རིམ་པ་ཇི་ལྟར་ཡིན། མདོ་ལུགས་ཀྱི་སྒོམ་གང་ལ་ཞུགས་ཀྱང་ཐོག་མར་གཞི་ཚུལ་ཁྲིམས་ལ་གནས་ནས་ཤེས་རབ་གསུམ་བསྐྱེད་པ་དང་། འགལ་རྐྱེན་འཇིག་རྟེན་གྱི་བྱ་བ་བློས་བཏང་ནས་ལོག་འཚོ་སྤོང་བ་དང་། མཐུན་རྐྱེན་དབེན་པ་བསྟེན་ནས་སྦྱངས་པའི་ཡོན་ཏན་ལ་གནས་པ་ཞིག་ནི་ཀུན་ལ་གལ་ཆེ་བ་ཡིན་ནོ།། དེ་ནས་དངོས་གཞི་སྒོམ་རིམ་ཇི་ལྟར་མཆིས། ཐེག་དམན་རྣམ་རྩོད་པ་དང་། རང་རྟོགས་པ་དང་། ཐེག་ཆེན་གཡུང་དྲུང་སེམས་དཔའི་སྒོམ་རིམ་དང་གསུམ་དུ་མཆིས་སོ།། དང་པོ་རྣམ་རྩོད་པའི་སྒོམ་རིམ་ཇི་ལྟར་ཡིན། ཉེས་དམིགས་སོགས་ཀྱིས་རྒྱུད་སྦྱངས་ནས་དངོས་གཞི་ཞི་ལྷག་གི་ཏིང་འཛིན་དང་འབྲེལ་བར་གང་ཟག་གི་བདག་མེད་བསྒོམ་པ་དང་། ཁྱད་པར་དུ་ལམ་ལྔ་ལ་བྱང་ཕྱོགས་ཀྱི་བོན་སུམ་ཅུ་རྩ་བདུན་རིམ་པ་བཞིན་དུ་བསྒོམ་ཞིང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་མངོན་དུ་བྱས་ནས་ཞུགས་གནས་བརྒྱད་ཀྱི་དགྲ་བཅོམ་མངོན་དུ་བྱེད་པའོ།། གཉིས་པ་རྟོགས་པའི་སྒོམ་རིམ་ཇི་ལྟར་ཡིན། འཁོར་བ་ལ་ངེས་འབྱུང་སོགས་ཀྱིས་རྒྱུད་སྦྱངས་ནས་དངོས་གཞི་གང་ཟག་གི་བདག་མེད་དང་། བཟུང་བ་ཡུལ་བདག་མེད་མཐར་ཕྱིན་པར་བསྒོམ་ཞིང་བྱང་ཕྱོགས་ཀྱི་བོན་སྤྱིའི་སྟེང་དུ་རྟེན་འབྲེལ་ལུགས་འབྱུང་ལྡོག་དང་རྣམ་པར་ཐར་བའི་སྒོ་གསུམ་སོགས་ལ་རྩལ་སྦྱོངས་ནས་དགྲ་བཅོམ་པའི་གོ་འཕང་ལ་སྦྱོར་བའོ།། གསུམ་པ་ཐེག་ཆེན་གཡུང་དྲུང་སེམས་དཔའི་སྒོམ་རིམ་ཇི་ལྟར་ཡིན། དེ་ལ་སྤྱི་དང་བྱེ་བྲག་གི་རིམ་པ་གཉིས་སོ། ཐོག་མར་སྤྱིའི་སྒོམ་རིམ་གང་ཡིན། ཚོགས་ལམ་ལ་ཐོག་མར་ཞུགས་པ་ནས་བཟུང་སྒོམ་གྱི་སྔོན་འགྲོ་སྤྱི་དང་འཕགས་པའི་ནོར་བདུན་དང་བོན་སྤྱོད་བཅུ་སོགས་ལ་གནས་ནས། ལམ་དངོས་ལ་བྱམས་སོགས་ཚད་མེད་པ་བཞི་དང་མར་ཤེས་པ་སོགས་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོངས་པ་སོགས་སོ། དེ་ནས་བྱ་བྲག་གི་སྒོམ་རིམ་གང་ཡིན། མཉམ་བཞག་ཏུ་ཐོས་བསམ་གྱིས་གཏན་ལ་ཕབས་པའི་དབུ་མའི་ལྟ་བ་གཙོ་བོར་བསྒོམ་དགོས་པས། ཞི་ལྷག་གཉིས་ཀྱི་སྒོ་ནས་བདག་མེད་རྣམ་གཉིས་ལ་དཔྱད་འཇོག་སྤེལ་མའི་སྒོ་ནས་བསྒོམ་ཞིང་མཐར་བསྒོམ་བྱ་དང་སྒོམ་བྱེད་ཐ་དད་པ་མ་ཡིན་པར་རོ་གཅིག་པའི་ངང་དུ་མཉམ་པར་འཇོག་པ་དང་། རྗེས་ཐོབ་ཏུ་སྣང་བ་ཡུལ་དུ་བྱས་ནས་གང་དུ་ཡང་མི་འཛིན་པར་སྣང་སྟོང་ཟུང་འཇུག་གི་སྒོ་ནས་ཚོགས་བསགས་པ་དང་། ཁྱད་པར་ལམ་ལྔ་ལ་བྱང་ཕྱོགས་ཀྱི་བོན་སུམ་ཅུ་རྩ་བདུན་བསྒོམ་ནས་མཐར་ཕྱིན་པར་བྱེད་པའོ།། ལམ་ལྔ་ལ་བྱང་ཕྱོགས་སོ་བདུན་བསྒོམ་ཚུལ་གང་ཡིན། དེ་ཡང་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི། འབྲིང་དུ་ཡང་དག་པའི་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་བ་བཞི། སྦྱོར་ལམ་དྲོད་རྩེ་ལ་དབང་བོ་ལྔ། བཟོད་མཆོག་ལ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་དུ་འཕགས་པའི་ཡན་ལག་བརྒྱད་རྣམས་བསྒོམ་པའོ།། ཐེག་ཆེན་གྱི་ལམ་ཐམས་ཅད་མདོར་བསྡུ་ན་གང་དུ་འདུ་བ་ཡིན། གཞི་མཁྱེན་པ་གསུམ་ལ་དོན་བདུན་ཅུ་རྩ་གསུམ་རེས་མོར་བསྒོམ་པ་རྣམ་རྫོགས་སྦྱོར་བ། དེ་ལ་རྟོགས་པ་རབ་ཏུ་གྱུར་བ་རྩེ་སྦྱོར། དེ་ལ་བརྟན་པ་ཐོབ་ན་མཐར་གྱིས་པའི་སྦྱོར་བ། དེ་ལས་འབྲས་བུ་མངོན་དུ་བྱེད་ནུས་པ་སྐད་ཅིག་མའི་སྦྱོར་བ་རྣམས་ལ་བརྟེན་ནས་ས་བཅུ་བགྲོད་དེ་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བའོ།། གསུམ་པ་ཁྱད་པར་གསང་སྔགས་བླ་མེད་ཐེག་པའི་སྒོམ་རིམ་ཇི་ལྟར་མཆིས། འདི་ལ་དབྱེསྒོ་མང་ཡང་རེ་ཞིག་དེང་སང་གྲགས་ཆེ་བའི་དབང་དུ་བྱས་ཏེ་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་ཀྱི་སྒོམ་རིམ་གསུམ་མཆིས་སོ། དང་པོ་ཕྱི་རྒྱུད་ཀྱི་རིང་ལུགས་ལ་གང་ཞིག་མཆིས། འདི་ལ་རྣམ་གྲངས་མང་ཡང་དེང་སང་ཕྱག་ལེན་གྱི་རྒྱུན་ཡོད་པ་རྣམ་ཀློང་རྒྱལ་གསུམ། ཆོ་ག་བཅུ་གཉིས་སོགས་ཡིན་ནོ།། དེ་ལ་འཇུག་ཚུལ་གང་ལྟར་ཡིན། སེམས་དོན་གྱི་ཉམས་ལེན་ཅི་རིགས་ཡོད་པའི་གང་ཟག་གིས་དག་པ་གསུམ་མམ་དྲུག་གི་སྒོ་ནས། ཏིང་འཛིན་གསུམ་གྱི་ཁོག་ཕུབ་ནས་བདག་མདུན་སོ་སོར་བསྐྱེད་ཅིང་ལས་རིམ་ལ་བརྟེན་ནས་བསགས་སྦྱངས་བྱ་བ་དང་བཟླས་པའི་སྒོ་ནས་དངོས་གྲུབ་ཅི་ལྟར་རིགས་པ་བསྒྲུབ་པའོ།། གཉིས་པ་ནང་རྒྱུད་ཀྱི་སྒོམ་རིམ་ལ་ཇི་ལྟར་མཆིས། འདི་ལ་རྣམ་གྲངས་ཆེས་མང་ཡང་ཡོངས་གྲགས་སྤྱི་སྤུངས་ཀྱི་བབ་ཚུལ་ལྟར་ན་ནང་རྒྱུད་ཡེ་གཤེན་ཆེན་པོའི་སྐོར་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་ལས། དེང་སང་གཉིས་མེད་སྲས་རྒྱུད་ཀྱི་སྐོར་རྣམས་དར་ཆ་ཆེ་བས་དེའི་དབང་དུ་བྱས་ན། ཐབས་བསྐྱེད་རིམ་དང་། ཤེས་རབ་རྫོགས་རིམ་དང་། གཉིས་མེད་རྫོགས་ཆེན་གྱི་ཕྱོགས་དང་གསུམ་དུ་མཆིས་སོ།། དང་པོ་ཐབས་བསྐྱེད་རིམ་གྱི་བཀའ་སྲོལ་གང་ལྟར་ཡིན། འདི་ལ་ཕྲིན་ལས་དང་བསྐྱེད་རིམ་ཉམས་ལེན་གྱི་རིམ་པ་གཉིས་མཆིས་སོ། ཐོག་མར་ཕྲིན་ལས་གྱི་རིང་ལུགས་གང་ཡིན། འདི་ལ་བཀའ་གཏེར་གྱི་རྣམ་གྲངས་མང་ཡང་སྙིང་བོ་སྐུ་དབལ་གསས་རྔམ་པ་སོགས་གསས་མཁར་མཆོག་ལྔ། དེའི་སྟེང་འབུམ་རོལ་རམ་པ་སོགས་སྒྲུབ་སྡེ་བཀའ་བརྒྱད་དང་། མ་རྒྱུད་ཐུགས་རྗེ་ཉི་མ་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་པ་སོགས་སོ། དེ་དག་ལ་འཇུག་ཚུལ་ཇི་ལྟར་ཡིན། འདི་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་གཉེན་པ་ལ་དཔོན་གསས་ལྷ་ལ་བསྙེན་པ་སོགས་ཕྱི་བསྙེན་གསུམ། ཡོ་བྱད་རྫས་ལ་བསྙེན་པ་སོགས་ནང་བསྙེན་གསུམ། སྲུང་བ་མཚམས་ལ་བསྙེན་པ་སོགས་ལས་བསྙེན་གསུམ་སྟེ་དགུ་དང་། གཉིས་པ་སྒྲུབ་པ་ལ་བར་མཚམས་དོན་གྱི་སྒྲུབ་པ་སོགས་དཀྱིལ་འཁོར་གཞི་སྒྲུབ་དྲུག ། གསང་མཚམས་ཉོན་མོངས་ཚར་གཅོད་ཀྱི་སྒྲུབ་པ་སོགས་ངོ་མཚར་ལམ་སྒྲུབ་དྲུག དངོས་གྲུབ་ལྷའི་ཡང་སྙིང་གི་སྒྲུབ་པ་སོགས་མཐར་ཕྱིན་འབྲས་སྒྲུབ་དྲུག གསུམ་པ་ལས་སྦྱོར་ལ་གསལ་བྱེད་མེ་ལོང་བྲའི་འཕྱོངས་སོགས་འཕྱོང་ཆེན་སྡེ་དགུ་དང་། གཞན་ཡང་སྲུང་ཟློག་བསད་གསུམ། མནན་སྲེགས་འཕང་གསུམ་སོགས་མང་ངོ་། གཉིས་པ་བསྐྱེད་རིམ་ཉམས་ལེན་གྱི་རིམ་པ་གང་ཡིན། རྒྱུད་ཀྱི་འཆད་ཉན་དང་ལྟ་ཁྲིད་ཀྱི་རིམ་པ་ཅི་རིགས་སྔོན་དུ་སོང་ནས་ལྷ་བསྒོམ་པ་ལ། སྤྱིར་རྣམ་པར་བརྟག་པའི་བཅོས་མ་ལམ་དུ་བྱེད་པ་ནི་བསྐྱེད་རིམ་སྟེ། དེ་ལ་སྐྱེ་གནས་བཞི་སྦྱོང་བྱེད་ཀྱི་བསྐྱེད་རིམ་ལ། སྤྱིར་སྤྲོས་པ་ཅན། སྤྲོས་པ་ཆུང་བ། སྤྲོས་མེད། ཤིན་ཏུ་སྤྲོས་མེད་བཞི་ཡོད་ཅིང་། དེའི་ནང་གསེས་སུ་སྒྲུབ་སྡེ་དང་རྒྱུད་སྡེའི་བསྐྱེད་ཚུལ་མང་དུ་མཆིས་སོ། སྒྲུབ་སྡེའི་ལུགས་ཀྱི་བསྐྱེད་ཚུལ་གང་ལྟར་ཡིན། གཞི་ཏིང་འཛིན་རྣམ་གསུམ་སྔོན་དུ་སོང་ནས། དངོས་གཞི་ལྷ་བསྐྱེད་པ་ལ་བདག་སྲས་གཞན་སྲས་ཀྱི་སྒོ་ནས་བསྐྱེད་པ་དང་། མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་དང་། ཆོ་ག་བཞིའི་སྒོ་ནས་བསྐྱེད་པ་དང་གསུམ་དུ་གསུངས་སོ། རྒྱུད་སྡེའི་ལུགས་ཀྱི་བསྐྱེད་ཚུལ་གང་ལྟར་ཡིན། དེ་ལ་ཆོ་ག་གསུམགྱིས་བསྐྱེད་པ་དང་། སྐད་ཅིག་གྲོང་བསྐྱེད་ཀྱི་ཚུལ་དང་གཉིས་སུ་མཆིས་ལ། གང་ལྟར་ཡང་སྤྱི་སྤུངས་ལྟར་ན་བདག་བསྐྱེད་ལ། རབ་ལོ་མར་སྤྲོ་བ། འབྲིང་འཁོར་ལོ་དྲུག་བསྐྱེད། ཐ་མ་གཙོ་བོ་རྒྱན་རྫོགས་རྣམས་དང་། མདུན་བསྐྱེད་ལ་ཕྱི་སྟོང་གསུམ་ལྷུན་རྫོགས། ནང་བུམ་པ་སྐུ་རྫོགས། གསང་བ་ཕུང་བོ་རང་འགྱུར་དུ་བསྐྱེད་པ་སོགས་མང་ཡང་། དོན་དུ་གསལ་དག་བརྟན་གསུམ་དང་ལྡན་པའི་སྒོ་ནས་སྦྱང་བྱ་སྐྱེ་གནས་བཞིའི་གནས་སྐབས་ཐམས་ཅད། སྦྱོང་བྱེད་ལྷའི་ཏིང་འཛིན་གྱིས་སྦྱངས་ནས། སྦྱང་འབྲས་སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་འགྱུར་བའི་གྲོགས་བྱེད་ཅིང་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའོ། དེ་ལྟར་ལྷ་བསྒོམ་པས་ལམ་དུ་འགྱུར་བའི་གནད་གང་ཡིན། སྣང་བ་ཐམས་ཅད་ལྷའི་རང་བཞིན་དུ་ཡེ་ནས་གནས་པས་དེ་ལྟར་ཤེས་ནས་ཞེན་པས་འཇུག་ན་དོན་གྱི་འབྲེལ་བས་མི་བསླུ་ཞིང་དངོས་གྲུབ་ཐོབ་པའི་རྒྱུར་འགྱུར་བ་ཡིན་ནོ།། གཉིས་པ་ཤེས་རབ་རྫོགས་རིམ་གྱི་བཀའ་སྲོལ་གང་ལྟར་ཡིན། དེ་ལ་ཁྲིད་རིམ་དང་རྫོགས་རིམ་ཉམས་ལེན་གྱི་རིམ་པ་གཉིས་སུ་མཆིས་སོ། ཐོག་མར་ཁྲིད་རིམ་གྱི་རིང་ལུགས་གང་ཡིན། གསས་མཁར་སོ་སོའི་བསྐྱེད་ཆོག་དང་འབྲེལ་བའི་རྫོགས་རིམ་གྱི་ཟབ་ཁྲིད་བཀའ་གཏེར་གྱི་རིང་ལུགས་ཤིན་ཏུ་མང་ཡང་། གྲགས་ཆེ་བ་རིང་བརྒྱུད་སྤྱི་སྤུངས་སེམས་སྨད་སྡེ་དགུའི་བསྟན་དོན་མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་ཆ་ལག་དང་བཅས་པ་དང་། གསང་སྔགས་མ་རྒྱུད་ཀྱི་སྒོམ་ཁྲིད་སྐོར་རྣམས་སོ། དེ་དག་ལ་འཇུག་ཚུལ་ཇི་ལྟར་ཡིན། ཨ་ཁྲིད་ལ་མཚོན་ན་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། ཐོག་མར་སྔོན་འགྲོ་ལ་ཁྲིད་འཆད་ཐབས་ལྟར་བྱས་ནས། རྒྱུད་སྦྱོངས། སྐྱབས་སེམས། བསགས་སྦྱོངས། གསོལ་འདེབས་ཀྱི་རིམ་པ་རྣམས་ལ་གོ་མྱོང་ཐོན་པ་དང་། དངོས་གཞི་ལ་མཚན་བཅས་ལ་སེམས་བཟུང་བ། མཚན་མེད་ལ་མཉམ་པར་བཞག་པ། རང་བྱུང་གི་ཡེ་ཤེས་ངོས་བཟུང་ཞིང་ཉམས་སུ་ལེན་པའི་རིམ་པ་ཆ་ལག་དང་བཅས་པ་དང་། རྗེས་བྱ་འཕོ་བ་བཅས་གཞུང་བཞིན་བྱ་སྟེ། ཁྲིད་རིམ་གཞན་རྣམས་ཀྱང་སྔོན་དངོས་རྗེས་གསུམ་དང་འབྲེལ་བར་བྱ་བའོ།། རྫོགས་རིམ་ཉམས་ལེན་གྱི་རིམ་པ་གང་ཡིན། སེམས་ཕྱོགས་ཀྱི་ལྟ་ཁྲིད་སྔོན་དུ་སོང་ནས། རྫོགས་རིམ་དངོས་ལ་བློས་མ་བྱས་པའི་གནས་ལུགས་ཀྱི་དོན་ཐབས་ཀྱིས་ལམ་དུ་བྱེད་པ་རྫོགས་རིམ་སྟེ། དེ་ལ་རང་ལུས་ཐབས་ལྡན་དང་གཞན་ལུས་རིག་མ་གཉིས། དང་པོ་ལ་ཐབས་ལམ་གྱི་རྣམ་བཞག་མང་ཡང་གཙོ་ཆེ་བ་མ་རྒྱུད་ལྟར་ན། ལམ་གྱི་རྩ་བ་གཏུམ་མོ། ཡན་ལག་ལ་ཉིན་སྣང་ལམ་ཁྱེར་སྒྱུ་མ། མཚན་སྣང་ལམ་ཁྱེར་འོད་གསལ། འཆི་བ་ལམ་ཁྱེར་བར་དོ། འཕེན་པ་ལམ་ཁྱེར་འཕོ་བ་བཅས་རྫོགས་རིམ་སྐོར་དྲག་ཏུ་གྲགས་པ་རྣམས་ཏེ། རྩ་རླུང་ཐིག་ལེ་སོགས་ཐབས་མཁས་ཀྱི་ལམ་ལ་བརྟེན་ནས་དཀའ་བ་མེད་པར་ཉམས་རྟོགས་སྐྱེ་བར་བྱེད་པའོ། དེ་ལྟར་རྫོགས་རིམ་བསྒོམ་པ་གནད་ཟབ་པའི་དོན་གང་ཡིན་སེམས་ཀྱི་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་འོད་གསལ་གྱི་དགོངས་པ་ནི་གཤིས་ཀྱི་བཞུགས་ཚུལ་ཡིན་ལ། དེ་ཉིད་རྫོགས་རིམ་གྱི་ཐབས་ཟབ་མོ་འདི་དག་ལ་བརྟེན་ནས་མངོན་དུ་འགྱུར་དགོས་པ་ཡིན་ནོ། གསུམ་པ་གཉིས་མེད་རྫོགས་ཆེན་གྱི་བཀའ་སྲོལ་གང་ལྟར་ཡིན། སྤྱིར་རྣམ་གྲངས་མང་ཡང་རིང་བརྒྱུད་གྲགས་ཆེ་བའི་དབང་དུ་བྱས་ན་སེམས་ཀློང་མན་ངག་གི་སྡེ་གསུམ་ཡོད་པ་ལས། སེམས་སྡེའི་ཕྱོགས་ལ་གོང་དུ་བསྟན་པའི་སེམས་ཕྱོགས་སྤྱིའི་དགོངས་པ་ཨ་ཁྲིད་ཀྱི་སྐོར་དང་། ཀློང་སྡེའི་ཕྱོགས་ལ་བསྒྲགས་པ་སྐོར་གསུམ་དང་མན་ངག་སྡེའི་ཕྱོགས་ལ་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་དང་ནང་གསེས་བཀའ་བརྒྱུད་སྙན་བརྒྱུད་གཉིས་སོགས་ཡིན་ལ། དེ་དག་གི་ཁྲིད་ཡིག་ཡང་རྩེ་ཀློང་ཆེན། སྙན་བརྒྱུད་རྒྱལ་བའི་ཕྱག་ཁྲིད། རྫོགས་ཆེན་སྐུ་གསུམ་རང་ཤར། ཀུན་ཏུ་བཟང་པོའི་སྙིང་ཐིག་སོགས་བཀའ་སྲོལ་གྱི་རྣམ་གྲངས་ཆེས་མང་ངོ་། དེ་དག་ལ་འཇུག་ཚུལ་གང་ལྟར་ཡིན། སོ་སོའི་དབང་བསྐུར་སྔོན་དུ་འགྲོ་བས་ཁྲིད་གཞུང་སོ་སོའི་འཆད་ཐབས་ཀྱི་ལག་ལེན་ལྟར་སྔོན་འགྲོ་དངོས་གཞི་རྗེས་གསུམ་དང་འབྲེལ་བར་ཁྲིད་རྣམས་མཐར་ཆགས་སུ་གཏོང་བའོ། རྫོགས་ཆེན་ཉམས་ལེན་གྱི་རིམ་པ་གང་ཡིན། དེ་ལ་སེམས་ཀློང་མན་ངག་གི་ཉམས་ལེན་མང་ཡང་ཡོངས་གྲགས་མན་ངག་སྡེ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་ན། ཐ་མལ་གྱི་སེམས་ལས་འདས་པའི་རིག་པ་རང་གསལ་རྗེན་པ་ལམ་དུ་བྱེད་པ་རྫོགས་ཆེན་ཏེ། དེ་ཡང་གཞི་ངོ་བོའི་ཉམས་ལེན་ཀ་དག་ཁྲེགས་ཆོད་དང་། གཞི་སྣང་རྩལ་གྱི་ཉམས་ལེན་ལྷུར་ལེན་གྲུབ་ཐོབ་རྒལ་ཏེ། ཁྲེགས་ཆོད་ཀྱི་དབང་དུ་བྱས་ན་བབས་ཆེན་པོ་བཞི་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་བཅུ་དྲུག་གིས་ཉམས་སུ་ལེན་པ་དང་། ཐོད་རྒལ་གྱི་དབང་དུ་བྱས་ན་སྣང་བ་བཞི་ལ་ལག་ལེན་གྱི་གནད་བཞི་བཅུ་རྩ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་སྟེ། དབྱིངས་རིག་གཉིས་སུ་མེད་པའི་ཡེ་ཤེས་རྩོལ་མེད་རྗེན་པར་ཉམས་སུ་བླངས་པས་གཞི་ཐོག་ཏུ་གྲོལ་བར་བྱེད་པའོ། རྫོགས་ཆེན་གྱི་ཉམས་ལེན་གཞན་ལས་ཟབ་པའི་རྒྱུ་མཚན་གང་ཡིན། དགོངས་བརྒྱུད་ཀྱི་བྱིན་རླབས་དང་མོས་གུས་ཀྱི་རྟེན་འབྲེལ་ལས་མངོན་སུམ་གཅར་ཕོག་ཏུ་ངོ་སྤྲད་དེ་རིག་པ་རྗེན་པ་མངོན་སུམ་དུ་ལམ་དུ་བྱེད་ཅིང་། སྐུ་གསུམ་གྱི་སྣང་ཆ་ད་ལྟ་ནས་ལམ་དུ་རྫོགས་ཏེ་ཚེ་འདི་ཉིད་ནས་གཏན་བདེའི་དཔལ་ལ་སྦྱོར་ནུས་པའོ། དེ་ལྟར་སྒོམ་སྒྲུབ་ཉམས་ལེན་ལ་འབད་པས་ས་ལམ་ཇི་ལྟར་བགྲོད་པ་ཡིན། དེ་ཡང་ལམ་ལྔའི་སྒོ་ནས་ས་བཅུ་བགྲོད་པ་སྟེ། ཐོག་མར་ལམ་ཞུགས་ཀྱིས་བགྲོད་བྱའི་ལམ་ལ་དབྱེ་ན་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་དང་། ཡོན་ཏན་གྱི་རྟེན་གཞིའི་ས་ལ་དབྱེ་ན་ས་དང་པོ་ནས་བཅུ་པའི་བར་ཡོད་ཅིང་། ཚོགས་ལམ་གྱིས་སྡུག་བསྔལ་གྱི་རྒྱུ་ལས་ཉོན་རགས་པ་རྣམ་པར་སུན་འབྱིན་པའི་ཚུལ་དུ་སྤོང་ཞིང་། བདག་མེད་གཉིས་དོན་སྤྱིའི་ཚུལ་དུ་རྟོགས། སྦྱོར་ལམ་གྱིས་སྒྲིབ་གཉིས་ཀུན་བཏགས་རྣམས་རྣམ་པར་གནོན་པའི་ཚུལ་དུ་སྤོང་ཞིང་། བདག་མེད་གཉིས་སྒོམ་བྱུང་གི་ཚུལ་དུ་རྟོགས་པ་སྟེ་སོ་སྐྱེས་ཀྱི་སྐབས་ཡིན་ལ། མཐོང་ལམ་གྱིས་ཉོན་ཤེས་ཀྱི་སྒྲིབ་པ་ཀུན་བཏགས་མཐོང་སྤོང་རྣམས་སྤོང་ཞིང་། བདག་མེད་གཉིས་མངོན་སུམ་དུ་རྟོགས་པས་ས་དང་པོ་བགྲོད་དེ་འཕགས་པའི་སྐབས་ཡིན་ཅིང་། སྒོམ་ལམ་གྱིས་ཉོན་སྒྲིབ་ལྷན་སྐྱེས་ཕྲ་རགས་དང་ཤེས་སྒྲིབ་ལྷན་སྐྱེས་རགས་པ་སྤོང་ཞིང་། གནས་ལུགས་མངོན་དུ་གྱུར་ནས་ས་གཉིས་པ་ནས་བཅུ་པའི་བར་བགྲོད་ལ། མི་སློབ་པའི་ལམ་ནི་སངས་རྒྱས་ཀྱི་ས་སྟེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོངས་ནས་མཁྱེན་གཉིས་ཀྱི་རྩལ་ཡོངས་སུ་རྫོགས་ནས་སངས་རྒྱས་པའོ། དེ་དག་གསང་སྔགས་ཀྱི་དབང་དུ་བྱས་ན་ཇི་ལྟར་ཡིན། མདོར་བསྡུ་ན་ཐབས་བསྐྱེད་རིམ་གཙོ་བོར་བྱས་ནས་ལམ་ལྔ་དང་ས་བཅུ་བོ་རིག་འཛིན་རྣམ་པ་བཞིའི་སྒོ་ནས་བགྲོད་ལ། ཤེས་རབ་རྫོགས་རིམ་གཙོ་བོར་བྱས་ན་ཐབས་ལམ་ལ་བརྟེན་ནས་དཔེ་དོན་གྱི་ཡེ་ཤེས་སྐྱེ་ཞིང་རྩ་འཁོར་ལྔའི་མདུད་པ་གྲོལ་ཚུལ་གྱིས་ས་ལམ་གྱི་ཡོན་ཏན་འཆར་བ་དང་ཁྱད་པར་དུ་དག་པ་ས་གསུམ་བཅས་བཅུ་གསུམ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པ་དང་། རྫོགས་ཆེན་ལྟར་ན་ཁྲེགས་ཆོད་ཀྱིས་རིག་པ་ཟང་ཐལ་གྱི་ངང་ནས་ས་ལམ་བགྲོད་པ་དང་ཐོད་རྒལ་གྱིས་སྣང་བ་བཞིས་ས་ལམ་མངོན་དུ་བགྲོད་ནས་འབྲས་བུ་མངོནདུ་བྱེད་པའོ། དེ་ལྟར་ས་ལམ་བགྲོད་ནས་འབྲས་བུ་སངས་རྒྱས་པའི་རྣམ་བཞག་ཇི་ལྟར་ཡིན། རྒྱུ་མཚན་ཉིད་ཐེག་པ་ལྟར་ན་སྤྱིར་ཐེག་པ་གསུམ་གྱི་འབྲས་བུ་མྱང་འདས་ཡིན་ལ། ཁྱད་པར་ཐེག་ཆེན་པས་སྐུ་གསུམ་མམ་བཞི་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་བྲལ་སྨིན་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་མཛད་པའི་ཕྲིན་ལས་མཐའ་ཡས་པའི་བདག་ཉིད་དང་། གསང་སྔགས་ལྟར་ན་གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་ལྔ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་བོན་ཉེར་ལྔ་ཡོངས་སུ་རྫོགས་པ་དང་། རྫོགས་ཆེན་ལྟར་ན་ཁྲེགས་ཆོད་ཀྱི་རགས་ལུས་རྡུལ་ཕྲན་དུ་དེངས་ཤིང་ཐོད་རྒལ་གྱིས་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་ནས། སྐུ་གཅིག་ནས་ལྔའི་བར་དང་ཡེ་ཤེས་ལྔའི་རྩལ་རྫོགས་ཏེ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོར་མཛད་པར་འགྱུར་བའོ། འོ་ལགས་ཏེ་དེ་ལྟར་ཐོས་བསམ་ལས་བྱུང་བའི་དོན་འོལ་སྤྱི་ཙམ་དུ་མི་འཇོག་པར་དབེན་པའི་གནས་སུ་རྩེ་གཅིག་ཏུ་བསྒོམ་ནས་ཉམས་སུ་ལེན་པ་ནི་ཉམས་རྟོགས་ཀྱི་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པར་ལེགས་པར་ཡིད་ལ་ངེས་སོ། དེ་ལྟར་ལགས་པས་ཐོས་བསམ་ཅི་བྱས་པ་ཐམས་ཅད་སྒོམ་སྒྲུབ་ཀྱི་གཞིར་སོང་བ་ཞིག་མེད་ན་བོན་གཞུང་ཐོག་ཏུ་ལུས་ནས་དགོས་པའི་དུས་སུ་མི་ཕན་ཞིང་མཐར་དལ་འབྱོར་སྟོང་ལོག་ཏུ་འགྱུར་བ་ཡིན་པས་རང་ལ་ལེགས་པར་བསམ་ནས་སྒོམ་སྒྲུབ་ལ་ཚུལ་བཞིན་དུ་འབད་ན་འདི་ཕྱིའི་དོན་འབྲས་ཡིད་བཞིན་དུ་འཇོ་བར་འགྱུར་བས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་དེ་ལྟར་བརྩོན་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། དེ་ལྟར་སྒོམ་བྱུང་གི་ཤེས་རབ་བསྐྱེད་ཚུལ་ལས་བརྩམས་པའི་འབེལ་མཆིད་ཀྱི་རིམ་པ་ཆ་ཙམ་གླེང་བ་འདིས་ཀྱང་ཉམས་ལེན་ལ་ཇི་ལྟར་འཇུག་པའི་ངེས་ཤེས་ཀྱི་གསལ་འདེབས་ཅིར་ཡང་ཐོབ་པས་ཁྱེད་ཀྱིས་དམ་པ་གོང་མའི་གསུང་སྒྲོས་དང་མཐུན་པར་ལེགས་པར་སྨྲས་པའི་གསུངས་རྣམས་ལའང་གུས་པས་རྗེས་སུ་ཡི་རང་ངོ་། ། ཞེས་གླེང་ངོ་། སྒོམ་པ་དྲི་བའི་གནས་ཏེ་ལྔ་བའོ། །
སྨྲས་པ། རྒྱལ་བའི་བསྟན་པ་ཚུལ་ཁྲིམས་སྒོར་ཞུགས་ནས། ། མང་དུ་ཐོས་དང་ཚུལ་བཞིན་བསམ་པ་དང་། ། ཡང་དག་དོན་ལ་སྒོམ་པས་ཉམས་ལེན་པ། ། སྐྱེས་བུ་དམ་པ་རྣམས་ཀྱི་འཇུག་ངོགས་ཡིན། ། ཡུལ་དུས་གང་དུ་གང་གིས་དྲིས་ཤིང་ལན། ། ཇི་བཞིན་ལྡོན་པའི་གནས་སྐབས་འགའ་ཙམ་ཞིག ། དཔེ་རུ་མཚོན་པའི་འབེལ་གཏམ་འདི་ལྟ་བུ། ། བོན་རྣམས་ཀུན་གྱི་སྤྲོ་བསྡུའི་གཞི་རུ་བརླིང་། ། སྡོམ་ཚིག་ས་བོན་འདི་ལ་བརྟེན་ནས་ཀྱང་། ། བཀའ་མཆིད་མྱུ་གུ་རྒྱས་པའི་སྐབས་ཕྱེ་ནས། ། ངོ་མཚར་ཚིག་གི་མེ་ཏོག་རབ་བཞད་པས། ། མདུན་ས་མཛེས་པའི་རྒྱན་དུ་སྤྲོ་བར་མཛོད། ། སྤྱི་ཆིངས་ངག་གི་ལྡེའུ་མིག་ཆུང་ངུ་ཡིས། ། མདོ་སྔགས་དོན་གྱི་སྒོ་བརྒྱ་འབྱེད་ནུས་པའི། ། གསུང་རབ་ཀུན་གྱི་བརྗོད་དོན་མ་ལུས་པ། ། འདི་འདྲ་སྟོན་ཤེས་དེ་ཡང་བླ་མའི་དྲིན། ། དེ་ལས་ཐོབ་པའི་རྣམ་དཀར་དགེ་བའི་མཐུས། ། གནས་སྐབས་རྒྱལ་བསྟན་པད་ཚལ་རབ་ཏུ་རྒྱས། ། གཤེན་སྡེའི་འཆད་ཉན་རྒྱལ་རྔ་ཕྱོགས་བཅུར་བརྡུང་། ། དོན་གཉིས་ལྷུན་གྲུབ་དཔལ་ལ་རེག་གྱུར་ཅིག ། ། །
ཅེས་པ་འདི་ནི་ས་ཡོས་ལོར་སྒྲུབ་སྡེ་བྱང་ཆུབ་གླིང་དུ་བོན་སྡེ་ཅི་རིགས་ལ་འཆད་ཉན་བགྱིད་སྐབས། འཛིན་གྲྭ་པ་འགའ་ལ་ཉེར་མཁོའི་ཆེད་དུ་བསླབ་པ་དྲིས་ལན་ཞིག་བྲིས་ནས་ཚོགས་ལངས་སྐབས་ཀྱི་འཛིན་ཐོར་སྤེལ་མཚམས། སྡེ་དགེ་ནས་མདོ་ཁམས་བསྟན་པའི་བདག་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེ་དབང་བོའི་ཡང་སྲིད་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས། བོན་གྱི་བསྟན་པ་དང་བསྟན་འཛིན་བྱོན་ཚུལ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་དང་གཞུང་ལུགས་གཙོ་ཆེ་བཞུགས་ཚུལ་རྣམས་གསལ་བའི་རྣམ་བཤད་ཅིག་གྱིས་ཤིག་པའི་བཀའ་སྩལ་བ་བཞིན་ཁོད་སྤུངས་ཀྱི་རུས་སུ་བྱུང་བའི་གཤེན་གྱི་དྲང་སྲོང་རིགས་པ་སྨྲ་བ་དབྲ་སྟོན་བསྐལ་བཟང་བསྟན་རྒྱལ་ཞེས་འབོད་པས་སྐབས་ལྔ་པོ་རྫོགས་པར་སྦྱར་ནས་བཞེད་སྐོང་དུ་བགྱིས་པ་སྟེ་གཤེན་བསྟན་མཛེས་པའི་རྒྱན་དུ་གྱུར་ཅིག ། སྨར་རོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།