གཡུང་དྲུང་། ཞེས་པའི་ཐ་སྙད་དེ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཞིག་ཡིན་ནམ། གལ་ཏེ་ཡིན་ན་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་ནས་བྱུང་བ་རེད་དམ། ཡང་ན་དེའི་སྔ་རྗེས་གང་ལ་བྱུང་བའི་ཐ་སྙད་ཞིག་རེད།

    གཡུང་དྲུང་ཞེས་པའི་ཐ་སྙད་ནི་བོད་ཀྱི་བཙན་པོ་རྣམས་ཀྱིས་བཙུགས་པའི་བཀའ་གཙིགས་ཀྱི་རྡོ་རིང་ཁག་ཏུ་འབྱུང་བས་ཐ་སྙད་རྙིང་བ་ཞིག་ཡིན་ལ།  དེ་བཞིན་དུས་རབས་དགུ་བའི་འགོར་བསྒྲིགས་པའི་ལེགས་སྦྱར་སྐད་དང་བོད་སྐད་གཉིས་ཀྱི་ཤན་སྦྱར་ཚིག་མཛོད་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེན་པོ་ཞེས་པར་ཡང་འབྱུང་།  ལེགས་སྦྱར་སྐད་དུ་ས་ན་ཏ་ན་ཞེས་པའི་ཚིག་གི་འགྱུར་ལ་གཡུང་དྲུང་དང་སཝ་སྟི་ཀ་ཞེས་པའི་ཚིག་གི་གོ་དོན་ནི་གཡུང་དྲུང་གི་རི་མོ་ལ་ཟེར་ཡང་ཚིག་མཛོད་དེའི་ནང་གཡུང་དྲུང་ཙམ་མ་གཏོགས་གོ་དོན་གཞན་བཀོད་མེད།  ས་ན་ཏ་ན་ཞེས་པའི་དོན་ནི་རྟག་པའང་ཐེར་ཟུག་ལ་ཟེར་ཞིང་དེར་བརྟེན་དེའི་འགྱུར་ལ་བོད་སྐད་དུ་གཡུང་དྲུང་བཞག་འདུག

དེར་བརྟེན་གཡུང་དྲུང་ཞེས་པའི་ཐ་སྙད་དེ་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཞིག་རེད་མི་འདུག བོན་ལུགས་ཀྱི་ཐ་སྙད་གཡུང་དྲུང་བོན་ནི་མདོ་གཟེར་མིག་སོགས་སུ་འབྱུང་བས་དུས་རབས་བཅུ་གཅིག་པའི་ནང་ཙམ་དུ་བྱུང་བར་སྙམ།  གང་ཡིན་ཟེར་ན།  མདོ་དེ་ནི་གཏེར་སྟོན་དྲང་རྗེ་གསེར་མིག་ཞེས་པས་གཏེར་ནས་དྲངས་པར་བཤད།  བོན་ལུགས་ལ་གཏེར་དུ་སྦས་པའི་དུས་ཚོད་ནི་ཁག་གཉིས་ཡོད།  གཅིག་ནི་རྒྱལ་བོ་གྲི་གུམ་བཙན་པོའི་དུས་དང་གཞན་ནི་དུས་རབས་བརྒྱད་པར་བྱུང་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཡིན་པར་གསུངས།  འོན་ཀྱང་དུས་སྐབས་དེ་དག་ཏུ་བོན་དཔེ་ངོ་མ་གཏེར་དུ་སྦས་ཡོད་པའི་དཔང་རྟགས་ཚད་ལྡན་ཞིག་ད་དུང་རྙེད་མེད།

དྲི་བ་མཁན།  གཙོ་ཁམས་ཆེན།
ལན་འདེབས་མཁན།  མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།