བོན་བསྟན་ལ་ཞྭ་དཀར་གཡུང་དྲུང་བོན་ཟེར་དོན་ག་རེ་ཡིན་ནམ།

སྤྱིར་བོད་ཀྱི་ཆོས་ལུགས་ཁག་ལ་ཞྭ་ཡི་སྒོ་ནས་ཐ་སྙད་བཏགས་པ་མང་མོད།  བོན་བསྟན་ལ་ཞྭ་དཀར་ཟེར་དོན་ནི། སྔར་ཞང་ཞུང་གི་དུས་ནས་ཞྭ་དཀར་པོ་དང་།གོས་སྔོན་པོ་གཙོ་བོར་བྱེད་པ་བོན་གཞུང་ཁག་ནང་གསལ་བ་དང་གཅིག དེ་རྗེས་བོད་རྒྱལ་རིམ་བྱོན་གྱི་དུས་སུ་སྔགས་བསྟན་གཙོ་བོར་དར་བས་སྔགས་ཞྭ་དཀར་པོ་རྩེ་རྒྱལ་ལམ་དཀར་མོ་རྩེ་ཞྭ་དུས་ཡུན་རིང་པོར་དར་ཁྱབ་ཆེ་བ་དང་གཉིས།  བོན་ཞྭ་དཀར་པོ་རྩེ་རྒྱལ་དེ་མདོ་སྔགས་འཆད་རྩོད་དབང་ལུང་ཁྲིད་སོགས་གང་གི་སྐབས་སུ་བེད་སྤྱོད་ཆེ་བ་དང་གསུམ།  ཞྭ་དེ་རིག་འཛིན་གོང་མའི་བཀའ་རྟགས་དང་།  གཤེན་རབ་བླ་མའི་བླ་རྟགས།  གཡུང་དྲུང་བོན་གྱི་བརྡ་རྟགས་བཅས་བརྡ་དོན་རྟགས་གསུམ་ཚང་བའི་ཞྭ་ཁྱད་པར་ཅན་ཡིན་པའི་དགོས་པ་རྒྱུ་མཚན་དུ་མ་ཡོད་པ་བླ་ཆེན་དྲན་པའི་ཞལ་གདམས་ཞྭ་བཤད་པི་ཝང་དྲུག་འགྱུར་ལས་གསལ་པོར་གསུངས་པ་བཅས་ལ་བརྟེན།  བོན་བསྟན་ལ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ཞེས་མཚན་དེ་སྐད་དུ་གསོལ་བ་ངེས་སོ།།   འོ་ན་དེང་སྐབས་དགོན་སྡེ་ཁག་ནང་རྩེ་ཞྭ་གོན་པ་དེ་ནི་ཁུངས་ལུང་ཡོད་པ་ཞིག་ཡིན་ནམ་ཞེ་ན།  དེ་ནི་ཕྱིས་ཞྭ་སེར་གྱི་བསྟན་པ་འཕེལ་རྒྱས་ཆེ་བའི་ཤུགས་ལ་བརྟེན་ནས་བོད་ཀྱི་དགོན་སྡེ་ཁག་ནང་དར་ཁྱབ་ཆེ་མོད་ཀྱང་། རྩེ་ཞྭའི་བྱུང་ཁུངས་ནི་བན་བོན་གཉིས་ཀའི་གཞུང་ལུགས་ཁག་ནང་རྒྱུ་མཚན་ལྡན་པ་ཞིག་བཀོད་པ་ཁོ་བོས་མ་མཐོང་ལ།ལྷག་ཏུ་བོན་གཞུང་རྩ་རྒྱུད་ཉི་སྒྲོན་ལས།  “བདུད་ང་མིན་ཆོས་པོས།  ཕྱར་བུ་སེར་པོ་ལུས་ལ་གྱོན། གྲུམ་ཙེ་ཞྭ་གཙུག་མགོ་ལ་གྱོན།”ཞེས་པ་ལྟར་ན་བདུད་ཞྭ་ཡིན་པར་གསལ་ལ།  ཞྭ་བཤད་པི་ཝང་དྲུག་འགྱུར་ལས།  “རྩེ་གྲུམ་རྩེ་འཁྱོག་རྩེ་འགུག་དང་།།ལེབ་མོ་གོར་མོ་པར་བུའི་མགོ།མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན།། དེ་རྣམས་རབ་ཏུ་སྤོང་བར་བྱ།། དེ་རྣམས་གྱོན་ན་བོན་བསྟན་ནུབ།། ཅེས་དམིགས་སུ་བཀར་ནས་གསུངས་པ་ལ་དཔྱད་ན། བོན་གྱི་འདུལ་འཛིན་པ་རྣམས་ཀྱིས་རྩེ་ཞྭ་ངེས་པར་དུ་སྤོང་དགོས་པར་མཐོང་ངོ་།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།