འདུལ་བ་དང་གསང་སྔགས་རྫོགས་ཆེན་གསུམ་གྱི་བརྒྱུད་པ་སོ་སོའི་བླ་མ་གཙོ་བོར་ག་འདྲ་བྱོན་ཡོད་དམ།

   དང་པོ་འདུལ་བརྒྱུད་ནི་སྟོན་པ་ཁྲི་གཙུག་རྒྱལ་བ་ནས་བཟུང་གཙུག་གཤེན་རྒྱལ་བ་དང་།  རང་སྲོང་རྒྱལ་བ།  གཙུག་སྲས་རྨ་བོ།  ཁྲི་ལྡེ་གུང་གྲགས།  མུ་ཆོ་ལྡེམ་དྲུག་སོགས་སྤྲུལ་སྐུའི་མཁན་བརྒྱུད་དང་།  དམུ་ཚ་ཏྲ་ཧེ།  ཁྲི་ལྡེ་འོད་པོ།  ལྷང་ལྷང་གཙུག་ཕུད།  དང་བ་ཡིད་རིང་།  ཐུགས་དཀར་ཡེ་ཤེས།  གུང་རུམ་ཡེ་ཤེས།  འོད་ལྷ་གསལ་འབར།  རྫུ་འཕྲུལ་ཡེ་ཤེས་སོགས་སྟག་གཟིག་གི་མཁན་བརྒྱུད་དང་།  ཡེ་ཤེས་ཚུལ་ཁྲིམས།  གཡུང་དྲུང་ཚུལ་ཁྲིམས།  གཙུག་ཕུད་ཚུལ་ཁྲིམས་སོགས་ཞང་ཞུང་གི་མཁན་བརྒྱུད་དང་།  ག་ཅུ་རྒྱལ་བ་གཙུག་ཕུད་དང་།  ཡ་གོང་ཡེ་ཤེས་རྒྱལ་བ།  དེའི་བརྒྱུད་པ་ཉེར་ལྔ།  ལྡེ་བཙུན་རབ་གསལ།  ཇོ་བཙུན་ཡེ་ཤེས།   ཕམ་ཤི་དཔལ་གྱི་དབང་ཕྱུག་དང་དེའི་བརྒྱུད་པ་སུམ་ཅུ་སོགས་མངའ་རིས་སྟོད་ཀྱི་མཁན་བརྒྱུད་དང་།  མུ་ཟི་གསལ་བཟང་།  སོག་སྟོན་ཁྲི་འབར་ཚུལ་ཁྲིམས།   རྒྱལ་བ་གཙུག་ཕུད།  གཙུག་ཕུད་ཚུལ་ཁྲིམས།  བླ་ཆེན་མུ་ཐུར་སོགས་མདོ་ཁམས་སྨད་ཀྱི་མཁན་བརྒྱུད་དང་།  ཤེར་བཙུན་གཡུང་དྲུང་།  གུར་བཙུན་གཡུང་དྲུང་རྒྱལ་མཚན།  མཚོ་བཙུན་ནམ་མཁའ་རྒྱལ་མཚན།   སློབ་དཔོན་ཇོ་གདུང་།  དགོངས་མཛད་རི་ཁྲོད་ཆེན་པོ།  མེ་སྟོན་ཤེས་རབ་འོད་ཟེར་སོགས་དབུས་གཙང་གི་མཁན་བརྒྱུད་དང་།  དེ་ནས་བྲུ་ཞུ་སྤ་རྨེའུ་གཤེན་སོགས་ཀྱི་འདུལ་བརྒྱུད་སོ་སོར་གྱེས་ཀྱང་འདུལ་བརྒྱུད་རྐང་འཛིན་བྲུའི་འདུལ་བརྒྱུད་འགྲོ་དོན་རྒྱ་ཆེ་བ་བྱུང་སྟེ།  གཙང་གི་གཡས་རུ་དབེན་སའི་སྟོན་པ་བཅོ་བརྒྱད་དང་།  རྒྱལ་བ་སྨན་རིའི་མཁན་རབས་མུ་ཏིག་ཕྲེང་བརྒྱུད་ལྟར་ནས་བཟུང་ད་ལྟ་རང་གི་འདུལ་བའི་མཁན་སློབ་དྲིན་ཆེན་རྣམ་གཉིས་ཐུག་གི་བར་དུ་འདུལ་བརྒྱུད་རྣམ་དག་ཟམ་མ་ཆད་པ་བྱུང་བའོ།།  གཉིས་པ་གསང་སྔགས་ཀྱི་བརྒྱུད་རིམ་ནི་སྤྱིར་ཡི་དམ་སོ་སོའི་བརྒྱུད་རིམ་སོ་སོར་ཡོད་ཀྱང་།  སྐབས་འདིར་གསང་སྔགས་སྤྱི་སྤུངས་ཀྱི་བརྒྱུད་རིམ་གཙོ་ཆེ་བས།  དེའི་བརྒྱུད་ཁུངས་ཀྱི་སྟོན་པ་རྫོགས་སྐུའི་སྐུར་བཞེངས་ཀུན་ཏུ་བཟང་པོ་ནས་བཟུང་འཆི་མེད་ཡུམ་སྲས་གཤེན་བཞི།  སྟོད་ཀྱི་བླ་མ་ཆེ་དྲུག   བར་གྱི་གདུང་རྒྱུད་བཅུ་གསུམ།  སྨད་ཀྱི་མཁས་པ་མི་བཞི།  རིག་འཛིན་ལོ་པན་གཤེན་བརྒྱད།  གཏེར་སྟོན་གཤེན་གྱེར་རྨ་དབྱིལ།  བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ།  གཡས་རུའི་སྟོན་པ་བཅོ་བརྒྱད།  སྨན་རིའི་མཁན་རབས་སོ་གསུམ་གྱི་བར་དུ་བསྒྲུབ་བརྒྱུད་ཀྱི་བསྟན་རྒྱུན་མ་ཆད་པར་ད་ལྟར་གནས་ཡོད་པའོ།།  གསུམ་པ་རྫོགས་ཆེན་སེམས་ཕྱོགས་ཀྱི་བླ་བརྒྱུད་ནི་ཞང་ཞུང་བཀའ་བརྒྱུད་སྐོར་བཞིའི་བླ་བརྒྱུད་གཙོ་ཆེ་བས།  དེའི་བརྒྱུད་ཁུངས་ཡེ་ཉིད་ཀྱི་སྟོན་པ་བོན་སྐུ་ནས་བཟུང་མན་ངག་ཀུན་འདུས་གསང་བ་འདུས་པའི་བར།  བདེར་གཤེགས་དགོངས་བརྒྱུད་སྟོན་པ་རནམ་དགུ་དང་།  ལྷ་བོན་ཡོང་དག་ནས་ཚེ་སྤུངས་ཟླ་བ་རྒྱལ་མཚན་བར་གྲུབ་ཆེན་གང་ཟག་ཉེར་བཞི།  དེ་ནས་སྤྲུལ་སྐུ་ཏ་པི་ཧྲི་ཙ་དང་གྱེར་སྤུངས་སྣང་ཞེར་ལོད་པོ་གཉིས་ལ་སྤྲུལ་སྐུ་དྲིན་ཆེན་གཉིས་དང་།  དམུ་གཤེན་ཙོ་གེ་དང་རྒྱལ་གཟིགས་གསས་ཆུང་ནས་བཟུང་།  དཔོན་ཆེན་བཙན་པོ་བར་ཞང་ཞུང་གྲུབ་ཐོབ་རྣམ་དྲུག་དང་།  དཔོན་རྒྱལ་བཙན་པོ་ནས་རོང་སྒོམ་རྟོག་མེད་ཞིག་པོའི་བར་སྟོད་བརྒྱུད་བླ་མ་རྣམ་དྲུག་དང་།  ལྷུན་གྲུབ་མུ་ཐུར་ནས་འོར་སྒོམ་ཀུན་འདུལ་བར་སྨད་བརྒྱུད་གྲུབ་ཐོབ་རྣམ་ལྔ་དང་།  ཡང་སྟོན་ཤེས་རབ་རྒྱལ་མཚན་ནས་གླེན་སྟོན་བསོད་ནམས་རྒྱལ་མཚན་བར་བྱང་བརྒྱུད་བླ་མ་རྣམ་དགུ་དང་།  ཡང་སྟོན་དམ་པ་འབུམ་རྗེ་དང་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་སོགས་ནས་རིམ་བཞིན་གཡས་རུའི་སྟོན་པ་བཅོ་བརྒྱད་དང་།  དེ་རྗེས་སྨན་རིའི་མཁན་རབས་རིམ་བྱོན་ནས་ད་ལྟ་རྩ་བའི་བླ་མ་གཙུག་གི་ནོར་བུའི་བར་དུ་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞིའི་དབང་ལུང་ཁྲིད་སོགས་ཀྱི་བྱིན་རླབས་ཚན་ཁ་མ་ཉམས་པར་བསྟན་རྒྱུན་སོར་གནས་ཡོད་པ་བཅས་སོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།