བོན་ཐེག་པ་རིམ་དགུ་གསུངས་དོན་དང་དེའི་དབྱེ་བ་ག་ཚོད་ཡོད་དམ།

    སངས་རྒྱས་ཀྱིས་བོན་གསུངས་ཚད་ཐམས་ཅད་གདུལ་བྱའི་སེམས་ཁམས་དང་བསྟུན་པ་ཤ་སྟག་ཡིན་པར་བརྟེན་འགྲོ་བ་རྣམས་ཀྱི་མ་རིག་འཁྲུལ་བློ་དགུའི་གཉེན་པོའམ་གདུལ་བྱའི་བློ་སྟོབས་རབ་འབྲིང་ཐ་གསུམ་ལ་བལྟོས་ཏེ་བོན་ཐེག་པ་རིམ་དགུ་གསུངས།  བོན་ལུགས་ལ་ཐེག་པ་རིམ་དགུ་དབྱེ་ཚུལ་ལུགས་གསུམ་ཡོད་པ་ནི།  ལྷོ་གཏེར་གྱི་ཐེག་པ་རིམ་དགུ་དང་།  དབུས་གཏེར་གྱི་ཐེག་པ་རིམ་དགུ།  བྱང་གཏེར་གྱི་ཐེག་པ་རིམ་དགུ་དང་གསུམ་མོ།།  ལྷོ་གཏེར་གྱི་ཐེག་པ་རིམ་དགུ་ནི།  ཕྱྭ་གཤེན་ཐེག་པ་དང་།  སྣང་གཤེན། འཕྲུལ་གཤེན།  སྲིད་གཤེན་བཅས་ལ་རྒྱུའི་ཐེག་པ་བཞི་དང་།  དགེ་བསྙེན། དྲང་སྲོང་།  ཨ་དཀར།  ཡེ་གཤེན་གྱི་ཐེག་པ་བཅས་ལ་འབྲས་ཐེག་བཞི། ཁྱད་པར་ཡང་རྩེ་བླ་མེད་ཐེག་པ་དང་དགུ་པོ་དེ་དག་ཐེག་རིམ་ལུགས་གསུམ་གྱི་ནང་ནས་གཙོ་བོར་འཛིན་པའོ།།  དབུས་གཏེར་གྱི་ཐེག་པ་རིམ་དགུ་ནི།  ལྷ་མི་གཞན་བརྟེན།  རང་རྟོགས་གཤེན་རབ།  ཐུགས་རྗེ་སེམས་དཔའ།  གཡུང་དྲུང་སེམས་དཔའི་ཐེག་པ་བཅས་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བཞི་དང་།  བྱ་བ་གཙང་སྤྱོད།  རྣམ་པ་ཀུན་ལྡན།  དངོས་བསྐྱེད་ཐུགས་རྗེ་རོལ་པ།  ཤིན་ཏུ་དོན་ལྡན། ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་ལ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྔ་དང་དགུ་ཟེར།  བྱང་གཏེར་གྱི་ཐེག་པ་རིམ་དགུ་ནི།  སྣང་ལྡན། རང་ལྡན།  བཞེད་ལྡན་གྱི་ཐེག་པ་བཅས་ལ་ཕྱིའི་ཐེག་པ་གསུམ་དང་།  ཐོ་ཐོ། ཕྱི་ཐོ། ཡ་ཐོའི་ཐེག་པ་བཅས་ལ་ནང་གི་ཐེག་པ་གསུམ། ལྷ་རྩེ།  སྣང་རྩེ། ཡང་རྩེའི་ཐེག་པ་བཅས་ལ་གསང་བའི་ཐེག་པ་གསུམ་དང་དགུའོ།།   ལྷོ་གཏེར་དང་དབུས་གཏེར།  བྱང་གཏེར་བཅས་ཟེར་དོན་ནི་གཙོ་བོར་གཏེར་བཏོན་སའི་ས་མིང་གིས་ཁྱད་པར་བྱས་ཏེ་གཏེར་སྟོན་གཤེན་ཆེན་ཀླུ་དགས་ལྷོ་འབྲིག་མམཚམས་མཐའ་དཀར་སོགས་ནས་བཏོན་པའི་བོན་སྐོར་ལ་ལྷོ་གཏེར་དང་། དབུས་ལྷ་ས་ཡེར་པའི་བྲག་སོགས་ནས་བཏོན་པའི་བོན་སྐོར་ལ་དབུས་གཏེར།  རྨ་སྟོན་ཁྱུང་རྒོད་སོགས་ཀྱིས་བྱང་དྭང་ར་ཁྱུང་རྫོང་དང་ཟང་ཟང་ལྷ་བྲག་བཅས་ནས་བཏོན་པའི་བོན་སྐོར་ལ་བྱང་གཏེར་ཞེས་འབོད་པ་ནི་ཁྱབ་པ་མེད་ཀྱང་གཙོ་ཆེའི་དབང་དུ་བྱས་སོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།