སྟོན་པ་གཤེན་རབ་ཀྱིས་རིག་པའི་གཞུང་ལུགས་ཁག་གཏན་འབེབས་ག་རེ་གནང་ཡོད་དམ།

ཁོང་གིས་སྤྱིར་རིག་པའི་གཞུང་ལུགས་གཙོ་བོར་བཟོ་རིག་པ་དང་།  སྒྲ་རིག་པ། གསོ་བ་རིག་པ།  ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེན་ལྔ་གཏན་ལ་ཕབ་སྟེ་གནས་ཆེན་རེ་རེའི་གཞུང་ལུགས་གཙོ་བོ་འབུམ་སྡེ་གསུམ་རེ་སློབ་མ་སོ་སོར་གཉེར་གཏད་མཛད་ཡོད་པ་ཡིན།  ཐོག་མར་བཟོ་རིག་པའི་འབུམ་སྡེ་གསུམ་ནི།  བསྐལ་བ་སྣང་སྲིད་འཁོར་ལོ་འབུམ།   སྲིད་པ་མིའུ་རྒྱུད་ཀྱི་འབུམ།
འབྱུང་བ་ཆགས་གནས་འཇིག་སྟོང་འབུམ་དང་གསུམ་དེ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་དུ་གཏད།  ཁོང་གི་སློབ་མ་བསྟན་པའི་རྒྱན་དྲུག་བྱུང་སྟེ་བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་།  ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག   བླུག་ལ་མཁས་པ་བླུག་ཐོག་པ་སངས།  མགར་ལ་མཁས་པ་མགར་ལྷ་ཡུག་པ།  ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་དང་དྲུག་གིས་བཟོ་རིག་པ་དང་འབྲེལ་བའི་བཟོ་ལས་བླུག་མགར་དང་།  ལྷ་བྲིས།  ཡིག་བྲིས་བཅས་ཀྱི་སྲོལ་ལེགས་པར་ཕྱེས་ཏེ་འཛམ་གླིང་ཡུལ་གྲུ་ཁག་ལ་བཟོ་རིག་ཐོག་མར་ཁྱབ་སྤེལ་མཛད།   སྒྲ་རིག་པའི་འབུམ་སྡེ་གསུམ་ནི།  ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ།   སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་དེ་ཐུགས་སྲས་རྨ་ལོ་དང་གཡུ་ལོ་གཉིས་ལ་གཉེར་དུ་གཏད།  སྒྲ་རིག་པ་ལ་སྒྲ་དང་ཚད་མ་གཉིས་སུ་བྱུང་བའི་སྒྲ་ལ་སྐད་རིགས་མི་འདྲ་སུམ་བརྒྱ་དྲུག་ཅུའི་སྐོར་དེ་སྐད་འགྱུར་སོ་སོར་སྟོན་པའི་མདོ་དང་།
ཚད་མ་རིག་པ་ལ་མཚན་ཉིད་སྡེ་ལྔ་དང་ཚད་མ་སྡེ་བདུན་སོགས་མཚན་ཉིད་རིག་པའི་སྐོར་བཅས་སྲོལ་ལེགས་པར་ཕྱེས་ཏེ་དེ་ནས་རིམ་བཞིན་རྒྱལ་ཁམས་སོ་སོར་དར་རྒྱས་ཕྱིན།  གསོ་བ་རིག་པའི་འབུམ་གསུམ་ནི་གསོ་བྱའི་ནད་འབུམ་ནག་པོ།  འཚོ་བྱེད་དཔྱད་འབུམ་ཁྲ་བོ།  རྣམ་རྒྱལ་གྱི་ལྷ་འབུམ་དཀར་པོ་དང་གསུམ།  དེ་སྟེང་རྩ་བ་ཐུགས་འབུམ་མཁའ་སྔོན་བསྣན་པས་སྨན་གྱི་འབུམ་བཞི་དེ་རྒྱལ་སྲས་དཔྱད་པུ་ཁྲི་ཤེས་དང་།  དྲང་སྲོང་མངོན་པར་ཤེས་པ།  བདེན་པར་སྨྲ་བ།  རིག་པར་སྨྲ་བ། ངེས་པར་སྨྲ་བ། ཡིད་ལས་སྤྲུལ་པ། ཡིད་ལས་བྱུང་བ། ཡིད་ལས་སྐྱེས་པ།  ཡིད་ལས་གྲུབ་དང་བཅས་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་ནས་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་བཅས་པའི་སྲོལ་ལེགས་པར་ཕྱེས་ཏེ་སྔར་ནས་ད་བར་སྲོལ་རྒྱུན་མ་ཉམས་པར་གནས་སོ།།   ཕྱི་རིག་པའི་འབུམ་གསུམ་ནི།  སྣང་སྲིད་ཀྱི་གཏོ་འབུམ་ནག་པོ།  རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ་དེ་ཀོང་རྩེ་འཕྲུལ་རྒྱལ་དང་ཀོང་ཚ་འཕྲུལ་བུ་སོགས་ལ་གཉེར་དུ་གཏད།
ཕྱི་རིག་པ་ཟེར་བ་ནི་རྟེན་ཕྱི་སྣོད་འཇིག་རྟེན་དང་འབྲེལ་བ་ངེས་ཅན་ཡོད་པས་མི་ཚད།  གཞུང་ལུགས་ཀྱི་ཐད་ལའང་གོང་གི་འབུམ་གསུམ་ལས་འཕྲོས་པའི་ཕྱི་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔའི་སྒོ་ནས་གཞུང་ལྔ་ཡོད་པ་ནི་ཀུན་འབུམ་གོ་འབྱེད་སའི་རྒྱུད་དང་།  ཀུན་སྒྲོལ་འཁོར་ལོ་ཤིང་གི་རྒྱུད།   ཀུན་རིག་རྒྱས་པ་མེའི་རྒྱུད་དང་།  ཀུན་འདུལ་ཆེན་པོ་ལྕགས་ཀྱི་རྒྱུད།  ཀུན་འཇོམས་རྒྱལ་པོ་ཆུའི་རྒྱུད་བཅས་གཏན་ལ་ཕབ་སྟེ་ཕྱི་འབྱུང་རྩིས་ཀྱི་རིག་པའམ་ནག་རྩིས་ཀྱི་སྲོལ་ཕྱེས་ཤིང་དེའི་བརྗོད་བྱ་གཙོ་བོར་རྣམ་པ་བཞི་རུ་བསྡུས་ཏེ་གབ་རྩེ་འཕྲུལ་གྱི་མེ་ལོང་དང་།  སྤར་ཁ་སྨེ་བའི་གླིང་བསྐོར།  འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་བཅས་རྣམ་པ་བཞི་རུ་བསྡུས་ནས་བསྟན་པའོ།།  དེ་རྗེས་ཉི་ཟླ་གཟའ་སྐར་འཁོར་བགྲོད་དང་དུས་གཟེར་རྣམས་འཁྲུལ་མེད་དུས་ཐོག་ལ་གཏན་འབེབས་བྱེད་པའི་དཔྱད་པ་ཕྲ་མོ་སྐར་རྩིས་རིག་པའི་སྲོལ་ཕྱེས་ཏེ་སྐར་རྩིས་རིག་པའི་གཞུང་ལུགས་གཙོ་བོ་མདོ་རྒྱུད་གཉིས་བསྟན་པའི་མདོ་ལ་བསྐལ་སྲིད་འགྲེས་མདོ་དང་།  རྒྱུད་ནི་དུས་ཀྱི་འཁོར་ལོ་རྒྱུད།  དེ་ལ་སྐུ་གསུང་ཐུགས་གསུམ་གྱི་རྒྱུད་གསུམ་བྱུང་བ་ནི།  འཁོར་ལོ་རོལ་པ་སྐུའི་རྒྱུད་དང་།  འཁོར་ལོ་དབང་ཕྱུག་གསུང་གི་རྒྱུད།  འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་བཅས་ལ་ལེའུ་སྟོང་ཕྲག་བརྒྱ་ལྷག་ཙམ་ཞིག་ཕྱི་རབས་སེམས་ཅན་རྣམས་ཀྱི་ལོངས་སུ་སྤྱོད་རྒྱུར་གཏན་འབེབས་མཛད་དོ།།  གོང་གི་གཏོ་འབུམ་ནག་པོ་དང་འབྲེལ་བའི་གཏོ་ཐབས་སུམ་བརྒྱ་དྲུག་ཅུའི་སྐོར་རྣམས་གཏོ་བུ་འབུམ་སངས་ལ་གཉེར་དུ་གཏད། ནང་རིག་པའི་འབུམ་གསུམ་ནི་ཀླུ་འབུམ་དཀར་ནག་ཁྲ་གསུམ་དེ་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལ་གཉེར་དུ་གཏད།   ནང་དོན་རིག་པའི་གཞུང་ལུགས་ནི་རྒྱ་ཆེ་ལ་གཏིང་ཟབ་ཤོས་ཡིན་ལ་ཉམས་སུ་བླང་བྱ་འདུལ་ཚུལ་གྱི་དབང་དུ་བྱས་ན།  སྤང་ལམ་གཙོ་བོར་བསྟན་པ་ཕྱི་རྒྱུད་དང་།  བསྒྱུར་ལམ་གཙོ་བོར་བསྟན་པ་ནང་རྒྱུད། གྲོལ་ལམ་གཙོ་བོར་བསྟན་པ་གསང་རྒྱུད་བཅས་མདོ་སྔགས་སེམས་གསུམ་ལ་མ་འདུས་པ་མེད་ལ།  ཉམས་སུ་ལེན་མཁན་ཕྱི་འདུལ་བརྒྱུད་དང་།  ནང་སྔགས་ཀྱི་བརྒྱུད་རིམ།  གསང་རྒྱུད་རྫོགས་ཆེན་གྱི་བླ་བརྒྱུད་རྣམས་ཡིན་ནོ།། དེས་ན་སྟོན་པ་གཤེན་རབ་ཀྱིས་རིག་པའི་གཞུང་ལུགས་དེ་དག་གཏན་ལ་ཕབ་རྗེས་ཁོང་གི་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་དང་།  དེའི་སློབ་མ་སྟག་གཟིག་གི་མཁས་པ་དམུ་ཚ་ཏྲ་ཧེ་དང་།  རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ།  རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ།   ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ་དང་།  ཧུ་ལི་སྤར་ཡ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་བཅས་འཛམ་གླིང་མཁས་པའི་རྒྱན་དྲུག་དེ་དག་གིས་འཛམ་གླིང་ཡུལ་གྲུ་སོ་སོར་རིག་པའི་གནས་ཆེན་ཁག་རྣམས་འཛིན་སྐྱོང་སྤེལ་གསུམ་དང་ཡར་རྒྱས་བཏང་བ་ཞིག་གོ།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།