རིག་པའི་གཞུང་ལུགས་ཁག་གི་རྩ་བ་ཡི་གེའི་སྲོལ་གཏོད་མཁན་སུ་ཡིན་ནམ།

   ཡི་གེའི་སྲོལ་ཐོག་མར་སྟོན་པ་གཤེན་རབ་མི་བོས་ཕྱེས་པ་ཡིན་ཏེ།  མདོ་གཟེར་མིག་ལས།  “སྟོན་པ་གཤེན་རབ་མི་བོ་ཡིས།།  དཔའ་བོ་འབྲུ་ལྔའི་ས་བོན་ལས།།  ཡིག་འབྲུ་སུམ་བརྒྱ་རྩ་བརྒྱད་སྤེལ།།  རིན་ཆེན་སྣ་ལྔའི་གླེགས་བམ་ལ།།  སྒོ་བཞི་མཛོད་ལྔའི་བོན་སྡེ་བྲིས”ཞེས་དང་།  “ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་དབུབ།།  འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།།  ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས།།  གུག་འགྲེང་ན་རོ་ཞབས་འཁྱུད་ཡ་ར་ལྟ།། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས”ཞེས་གསལ་བ་ལྟར་སྟོན་པས།  ཟབ་མོའི་གཞུང་དོན་རྟོགས་བྱེད།  ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས་རྩ་བའི་ཡིག་འབྲུ་སུམ་ཅུ་དང་། ཡན་ལག་གི་ཡི་གེ་བརྒྱད་དམ་བཅུ་བསྡོམས་པའི་འཕྲུལ་ཡིག་བཞི་བཅུ་དེ་ཕྱི་རབས་འགྲོ་བ་རྣམས་ལ་ལྐུགས་པ་ཁ་འབྱེད་འཕྲུལ་གྱི་ལྡེ་མིག་ལྟ་བུར་ཕ་ནོར་བུ་ལ་རྗེས་བཞག་མཛད་པ་ཞིག་ཏུ་འདོད།   བོན་བསྟན་དར་རིམ་ཐོག་མར་རྟག་གཟིགས་དང་།   ཞང་ཞུང་།  བོད་བཅས་ལ་རིམ་བཞིན་འཕེལ་རྒྱས་སོང་བ་ལྟར་ཡི་གེ་དེ་ཉིད་ཀྱང་དེ་བཞིན་དུས་རབས་རིམ་བྱུང་ལྟར།  རྟག་གཟིགས་དང་།  ཞང་ཞུང་། བོད་བཅས་ལ་དར་ཁྱབ་རིམ་པས་བྱུང་། འོ་ན་བོད་ཡིག་སྲོལ་གཏོད་མཁན་ཐོན་མི་སམ་བྷོ་ཊ་མ་ཡིན་ནམ་ཞེ་ན།  ཁོང་གིས་རྒྱ་གར་གྱི་སྐད་ཡིག་དང་བསྟུན་ཏེ་ད་ལྟའི་བོད་ཡིག་ནང་ཡོད་པའི་རྣམ་དབྱེ་བརྒྱད་དང་། ཕོ་མོ་མ་ནིང་གི་རྟགས་སོགས་གསར་བཟོ་མཛད་ཡོད་སྲིད་ལ། བོད་ཡིག་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་འབྱུང་བ་ལྔ་ཡི་ཁམས་དང་བསྟུན་པའི་ཚུལ་དེ་བོན་ལུགས་ལ་དར་ཁྱབ་ཆེ་བ་དེ་ཉིད་ལེགས་པར་མཐོང་སྟེ།  དེ་ནི་ཡི་གེ་གཅིག་པུ་ཙམ་མིན་པར་རིག་གནས་ཆེ་ཁག་ཕལ་ཆེ་བ་འབྱུང་བ་ལྔའི་ཁམས་དང་མ་འབྲེལ་བ་མེད་པའི་གནས་ཀྱི་ཤེས་ནུས་པ་དང་གཅིག  ཐོན་མི་མ་བྱོན་གོང་བོད་རྒྱལ་སོ་གཉིས་ཀྱི་རིང་ལ་བོད་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དང་།  ཆབ་སྲིད།  ཤེས་རིག་ལོ་རྒྱུས་སོགས་བོད་མི་རིགས་ཀྱི་ཆོས་རིག་ལོ་རྒྱུས་ཕུན་སུམ་ཚོགས་པ་གནས་པ་ལ་ཐོན་མིས་བོད་ཡིག་གསར་དུ་མཛད་ཟེར་བའི་བཞེད་པ་དེ་ཕན་པ་ལས་གནོད་པ་རྒྱ་ཆེ་སྟེ་མི་རིགས་ཀྱི་ཤེས་རིག་ལོ་རྒྱུས་དུས་ཡུན་རིང་པོར་མེད་པ་དང་རྒྱལ་ཁམས་དེ་ཉིད་ལྐུགས་པའི་རང་བཞིན་ཡིན་པ་ཁས་ལེན་རང་ཤུགས་ཀྱིས་གྲུབ་པས་ན།  ཐོན་མི་བོད་ཡིག་སྲོལ་ཕྱེ་མཁན་ཡིན་ཟེར་བའི་བཞེད་པ་དེ་དོན་དངོས་དང་ལུང་རིགས་གང་གི་སྒོ་ནས་དཔྱད་ན་ལོ་རྒྱུས་ཕུགས་སུ་མ་ཆོད་པའི་རང་རྒྱལ་གྱི་འདོད་པ་ཞིག་ཏུ་ཟད་དོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།