ལོ་རྒྱུས་ཐོག་བོན་བསྟན་དར་ནུབ་ག་ཚོད་བྱུང་ངམ།

    གཤེན་རབ་སྐུ་མྱ་ངན་ལས་འདས་རྗེས་ལ་འདུལ་བསྟན་ཅུང་ཟད་ལྡིང་ཡང་གདུང་སོབ་མུ་ཆོ་བྱོན་ནས་འཛམ་གླིང་ཡུལ་གྲུ་ཁག་ལ་དར་སྤེལ་མཛད།   དེ་ནས་བོད་རྒྱལ་གནམ་གྱི་ཁྲི་བདུན་དཀྱིལ་ཙམ་བར་དུ་ཞང་བོད་གཉིས་ཀར་འདུལ་བསྟན་དང་སྔགས་བསྟན་དར་ཞིང་རྒྱས་ཀྱང་།   བོད་རྒྱལ་དིང་ཁྲི་བཙན་པོའི་དུས་ཙམ་ན་ཡ་གོང་དང་།   ཕམ་ཤིའི་བརྒྱུད་པ་དགོན་སྡེ་ནང་འཁྲུགས་བྱས་ཏེ་འདུལ་བསྟན་ནུབ་པས་བསྟན་པའི་ས་བོན་འཛིན་ཆེད་མུ་ཟི་གསལ་བཟང་ལོ་སྟོང་དང་བརྒྱད་བརྒྱར་འགོག་པར་བཞུགས་ཡུན་ཞང་བོད་གཉིས་ཀར་འདུལ་བསྟན་ནུབ་ལ།   མདོར་ན་བོད་རྒྱལ་ཞེ་གཉིས་རིང་གནམ་གྱི་ཁྲི་བདུན་སྟོད་ཙམ་མ་གཏོགས་འདུལ་བསྟན་ཆེར་མེད་ལ།  འདུལ་བསྟན་བོད་རྒྱལ་གྱིས་བསྣུབས་པའི་ལོ་རྒྱུས་ཀྱང་མེད།   དེ་ནས་སྔགས་བསྟན་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་ཐེངས་གཅིག་བསྣུབས་ཀྱང་སྲས་སྤུ་ལྡེ་གུང་རྒྱལ་གྱིས་བོན་ཁྲིམས་སྲིད་པའི་ཐོ་ཆེན་སླར་སྐྱར་གསོ་དང་དར་སྤེལ་མཛད།   དེ་རྗེས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གཙོས་མཁན་སློབ་ཆོས་གསུམ་གྱིས་བོན་བསྟན་ཐེངས་གཅིག་བསྣུབས་ཀྱང་ཕྱིས་དུས་རབས་བཅུ་པའི་ནང་ཙམ་གཏེར་སྟོན་རྣམ་པ་དང་མཁས་གྲུབ་དམ་པ་བཅས་ཀྱིས་གཤེན་བསྟན་སླར་གསོ་མཛད་པས་འཕེལ་རྒྱས་རིམ་བཞིན་ཕྱིན།  དེ་རྗེས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཁྱོན་ཡོངས་ལ་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་བྱུང་བའི་སྟོབས་ཀྱིས་བོན་བསྟན་ལའང་རང་ཤུགས་ཀྱིས་འགོག་རྐྱེན་བྱུང་བ་བཅས་སོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།