བོན་པོའི་ལུགས་ལ་ཕྱི་པ་དང་ནང་པའི་ཁྱད་པར་གཙོ་བོར་ག་རེ་བྱེད་དམ།

      སྤྱིར་བོད་ལ་ནང་པའི་བསྟན་པ་སྔ་དར་བོན་དང་།  ཕྱི་དར་བན་གཉིས་བྱུང་བའི་སྔོན་མའི་ནང་པའམ་ནང་པ་རྙིང་པ་བོན་པོ་དང་།   རྗེས་མའི་ནང་པའམ་ནང་པ་གསར་པ་བན་དེ་ཞེས་ལོ་རྒྱུས་ཐོག་གཉིས་བྱུང་བའོ།། བོན་ལུགས་ལ་ཕྱི་པ་དང་ནང་པའི་ཁྱད་པར་གཙོ་བོར་སྐྱབས་འགྲོ་ཁྱད་པར་ཅན་ཡོད་མེད་ཀྱི་སྒོ་ནས་འཇོག་སྟེ་ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་ཞིང་ལྟ་བ་བཀའ་རྟག་གི་ཕྱག་རྒྱ་བཞི་ཁས་ལེན་མཁན་ནང་པ་དང་།  དེ་ལས་ལྡོག་སྟེ་ཚངས་པ་དང་།  བརྒྱ་བྱིན།  དབང་ཕྱུག་སོགས་ལ་སྐྱབས་གནས་མཐར་ཐུག་འཛིན་མཁན་ལ་ཕྱི་རོལ་མུ་སྟེགས་པར་འཇོག་པ་མ་ཟད།   རྗེ་མེ་སྟོན་ཆེན་པོའི་ཞལ་ནས།  “སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།།  ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད”ཅེས་གསུངས་པ་ལྟར་ཁྱད་པར་ལྔ་ལྡན་གྱི་སྒོ་ནས་ཕྱི་ནང་ཁྱད་འབྱེད་དེ།  སྐྱབས་གནས་ཀྱི་ཁྱད་པར།    མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མིན།   སྟོན་པའི་ཁྱད་པར   རང་གཞན་གྱི་འཇིགས་པ་ཐམས་ཅད་དང་བྲལ་ཏེ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་ཀུན་ལ་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་མིན།    ལྟ་བའི་ཁྱད་པར།   བོན་ཐམས་ཅད་བདག་མེད་དུ་རྟོགས་ཐུབ་མིན།     སྤྱོད་པའི་ཁྱད་པར།བྱམས་པ་དང་སྙིང་རྗེ་ཆེན་པོའི་སྒོ་ནས་འགྲོ་བ་སེམས་ཅན་ལ་གནོད་འཚེ་སྤང་མིན།  འབྲས་བུའི་ཁྱད་པར་ཐོབ་བྱ་མཐར་ཐུག་སྐུ་གསུམ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཐུབ་མིན་བཅས་ཀྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པའོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།