བོན་ལུགས་ལ་དམར་མཆོད་ཆོག་མིན་དང་དམར་མཆོད་ཟེར་བ་ག་རེ་ངོས་འཛིན་ནམ།

            སྤྱིར་སྟོན་མཆོག་གཤེན་རབ་མི་བོས་དགག་བྱ་དང་དགོས་པའི་དབང་གིས།   བོན་ལ་སྐྱབས་སོང་ཕྱིན་ཆད་འགྲོ་ལ་གནོད་འཚེ་སྤང་དགོས་གསུངས་པ་དང་གཅིག   བསྟན་པའི་ལས་ནི་སྙིང་རྗེ་གཞི་རྩ་འཛིན་དགོས་པ་དང་གཉིས།  ལུང་དུ་མ་ལས།  “གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ།  དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་”  ཞེས་གསུངས་པ་དང་གསུམ།   ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པའི་གནད་ཀྱིས་ཐ་ན་སྲོག་ཆགས་འབུ་སྲིན་ཕྲ་མོ་ཡན་ཆད་ཕ་མ་ལྟ་བུར་འདུ་ཤེས་འཛིན་ཏེ་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བྱ་དགོས་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱིས་འགྲོ་བ་སེམས་ཅན་གྱི་སྲོག་ལ་འཚེ་བའི་དམར་མཆོད་ག་ལ་བྱེད་ཆོག་སྟེ་མི་ཆོག་གོ།

          འོ་ན་གསང་སྔགས་ཀྱི་བོན་གཞུང་ཁག་ནང་།  “ཤ་ཁྲག་དམར་གྱི་མཆོད་པ་འབུལ”ཞེས་གསུངས་པ་ཅིའི་ཕྱིར་ཞེ་ན།  སྐྱོན་མེད་དེ་ཤ་ཁྲག་གི་མཆོད་པ་ཟེར་བ་ཙམ་གྱིས་དམར་མཆོད་མི་འགྲོ་སྟེ་དམར་མཆོད་ཟེར་བ་ནི་ཆེད་དུ་དམིགས་ཏེ་སེམས་ཅན་གྱི་སྲོག་བཅད་ནས་དེའི་ཤ་ཁྲག་མཆོད་པ་འབུལ་བ་ལ་ཟེར།   སྔགས་ལུགས་ལ་དུག་གསུམ་གྱི་རྩ་བ་གཅོད་ཕྱིར་དམ་རྫས་ལ་ཤ་ཁྲག་རུས་གསུམ་དགོས་ཏེ།  གཏི་མུག་གི་རྩ་བ་གཅོད་ཕྱིར་ཤ་དང་།  འདོད་ཆགས་ཀྱི་རྩ་བ་གཅོད་ཕྱིར་ཁྲག   ཞེ་སྡང་གི་རྩ་བ་གཅོད་ཕྱིར་རུས་པ་དགོས་ཀྱང་།   དེ་ལྟ་བུའི་དམ་རྫས་ཤ་ཁྲག་རུས་གསུམ་དེའང་སྟོན་པ་གཤེན་རབ་ཀྱིས“སེམས་ཅན་གྱི་སྲོག་མ་བཅད་པའི་ཤ་སྣ་དང་ཁྲག་སྣ་དགོས”ཞེས་དམིགས་སུ་བཀར་ནསགསུངས་ཡོད་པ་དེ་ལྟར་རེད།

བོན་ལུགས་ལ་དམར་མཆོད་ཆོག་མིན་དང་དམར་མཆོད་ཟེར་བ་ག་རེ་ངོས་འཛིན་ནམ།” སྟེང་དུ་དཔྱད་མཆན 1 ཡོད།

  1. དེ་ཚོས་ནི་རིག་གནས་གསར་ཡིན་པ་ད་ེདག་ལ་ངེས་གཟུགས་རྒྱུ་དགའ་པོ་འདུག།
    དེ་དགི་དྲྭ་ཐོག་ལ་སྤལ་མཁན་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།ནམ་ཡང་བོད་ཀྱི་རིག་གནས་ལ་དོ་སྣང་བྱེད་མཁན་རྣམས་ལ་བཁའ་དྲིན་ཆེ་ཞུ་བ་ཡིན་པ་ཡིན།
    ཐུགས་རྗེ་ཆེ་་་་་་་་་་་་་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།