བོན་པོའི་ཆས་གོས་སྐོར་ག་འདྲ་ཡོད་དམ།

   སྤྱིར་ཆས་གོས་ལ་འདུལ་འཛིན་པ་རྣམས་ལ་འདུལ་ཆས་དང་།   སྔགས་པ་རྣམས་ལ་སྔགས་ཆས་དང་ཁག་གཉིས་ཡོད།  དང་པོ་འདུལ་ཆས་ཀྱི་བྱུང་ཁུངས་ནི་ཐོག་མར་སྟོན་པ་གཤེན་རབ་སྐུའི་ཆ་ལུགས་ལ་རྒྱལ་བུ་རྒྱལ་སར་མ་བཏོན་གྱི་བར་དུ་རྫོགས་སྐུའི་ཆ་ལུགས་དང་། རྒྱལ་སར་བཏོན་ནས་རབ་ཏུ་མ་བྱུང་གི་བར་དུ་རྒྱལ་པོའི་ཆ་ལུགས། རབ་ཏུ་བྱུང་བ་ནས་བཟུང་འདུལ་ཆས་ན་བཟའ་པད་ལོ་རིགས་དྲུག་གསོལ་ཏེ།   པད་ཞུ་དང་།  རྨད་གོས།  རྨད་འོག་གམ་གཟན།   སྟོད་གོས་སམ་སྟོད་འགག    སྨད་གཤམ་མམ་ཤམ་ཐབས།  པད་ལྷམ་དང་དྲུག་དེ་གསོལ་ནས་ཕྱི་རབས་རྗེས་འཛིན་པ་རྣམས་ལ་དཔེར་བསྟན་མཛད་པས་བོན་གྱི་འདུལ་འཛིན་པ་རྣམས་ཀྱིས་ན་གཟའ་པད་ལོ་རིགས་དྲུག་དེ་གཙིགས་ཆེར་འཛིན་དགོས་པ་མཐོང་།   འདུལ་ཆས་ཀྱི་ཁ་དོག་ལ་སྤྱིར་ན་བཟའ་སྔོན་དམར་སེར་གསུམ་གསུངས་ཡོད་ཀྱང་དེ་དག་གི་ནང་ནས་བོན་ལུགས་ལ་སྔོན་པོ་གཙོ་བོར་བྱ་དགོས་པ་དེ་ཁུངས་ལུང་རྒྱུ་མཚན་ལྡན་པ་ཞིག་སྟེ་བོན་གཞུང་འདུལ་བ་གླིང་བསྒྲགས་དང་སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་ལས་གོས་སྔོན་པོ་དེ་འདུལ་འཛིན་གོང་མའི་བཀའ་རྟགས་དང་།  གཡུང་དྲུང་བོན་གྱི་བརྡ་རྟགས་ལྟ་བུར་གསུངས་པ་དང་།  བླ་ཆེན་དྲན་པ་ནམ་མཁས་བོན་མི་འགྱུར་བའི་རྟགས་ལྔ་བཞག་པའི་ནང་ནས།  བོན་པོ་གོས་ལག་སྔོན་པོར་བྱེད་པ་ཡང་། གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་ཡིན་ཞེས་གསུངས་པ་དང་།   རྒྱལ་བ་མཉམ་མེད་ཆེན་པོས་ཀྱང་།  སྔོན་པོ་བོན་གྱི་བཀའ་རྟགས་ཡིན་ཞེས་སོགས་གསུངས་པའི་གནད་ཀྱིས་སྔོན་པོ་གཙོ་བོར་འཛིན་དགོས་པ་ཡིན།   གཉིས་པ་སྔགས་ཆས་ལ་སྔགས་ཕྱི་ནང་གི་ཆས་གོས་འདྲ་མིན་ཅི་རིགས་ཡོད་ལ་སྔགས་ཞྭ་གཙོ་བོ་དཀར་པོ་རྩེ་རྒྱལ་དང་ཁྱུང་ལྡིང་མ་སོགས་ཡིན་ནོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།