དེང་དུས་ཚེ་ལོ་བརྒྱ་པ་དང་རྩོད་ལྡན་སྙིགས་མ་ལྔ་བདོ་ཟེར་དོན་ག་རེ་ཡིན་ནམ།

   ད་ལྟ་ཚེ་ལོ་བརྒྱ་པ་ཟེར་དོན་ནི། སྤྱིར་དུས་ཀྱི་འགྱུར་འགྲོས་ལ་མིའི་ཚེ་ལོ་ཡར་འཕེལ་དང་མར་འགྲིབ་གཉིས་ཡོད་པའི་ནང་ནས་ད་ལྟའི་བསྐལ་པ་འདི་ཚེ་ལོ་མར་འགྲིབ་ཀྱི་སྐབས་ཏེ་མི་རྣམས་དང་ཐོག་ཚེ་ལོ་དཔག་མེད་ཐུབ་པ་དང་།  དེ་ནས་རིམ་བཞིན་བྲི་སྟེ་ཚེ་ལོ་དཔག་མེད་ནས་འབུམ་པ་དང་།  འབུམ་པ་ནས་བརྒྱད་ཁྲི།   བརྒྱད་ཁྲི་ནས་དྲུག་ཁྲི།   དྲུག་ཁྲི་ནས་བཞི་ཁྲི།   བཞི་ཁྲི་ནས་གཉིས་ཁྲི།  གཉིས་ཁྲི་ནས་ཆིག་ཁྲི།  ཁྲི་ནས་སྟོང་། སྟོང་ནས་ད་ལྟ་ཚེ་ལོ་བརྒྱ་པའི་བར་དུ་རིམ་གྱིས་བྲི་བའོ།   དེ་སྔོན་ཚེ་དམིགས་དེ་དག་ལ་རྣམ་འདྲེན་སྟོན་པ་རབ་བདུན་གྱི་འགྲོ་དོན་རྫོགས་ནས་ད་ལྟ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོས་འགྲོ་དོན་མཛད་པའི་དུས་ཡིན།  འོ་ན་ད་ལྟ་ཚེ་ལོ་བརྒྱ་པའི་དུས་ཡིན་ན།  མི་རྣམས་ལོ་བརྒྱ་ཐུབ་བམ་ཞེ་ན་སྐྱོན་མེད་དེ།  སྔར་སྟོན་པ་གཤེན་རབ་བྱོན་སྐབས་མི་རྣམས་དུས་ཀྱི་ཚེ་ཚད་བརྒྱ་ཡིན་ལ་ལོ་ཡང་བརྒྱ་ཐུབ་ཀྱི་ཡོད་ལ།   མདོ་སྡེ་རྣམས་ཀྱི་དགོངས་དོན་ལ་མི་ལོ་སྟོང་རེ་ལ་ཚེ་ལོ་གསུམ་རེ་བྲི་བའམ་ཚེ་ཐུང་དུ་འགྲོ་བས་ན་གཤེན་རབ་བྱོན་ནས་ད་བར་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཙམ་ཕྱིན་པས།  དུས་ཡུན་དེའི་རིང་ལ་ཚེ་ལོ་བརྒྱ་པའི་ནང་ནས་མི་ལོ་ལྔ་བཅུ་ང་བཞིའི་ཚེ་ལོ་བྲི་ཟིན་ལ། འཕྲོ་ལྷག་ཞེ་དྲུག་ལས་མེད་སྟབས་ད་ལྟའི་མི་རྣམས་ཚེ་ཚད་ཞེ་དྲུག་ཐོག་སླེབས་ཡོད་པ་ཡིན། ཚེ་བྲི་བ་ནང་བཞིན་རྟེན་ཕྱི་སྣོད་འབྱུང་བའི་འགྱུར་ལྡོག་དང་།   དུས་ཀྱི་འགྲོ་སྟངས།  ནང་བཅུད་ཀྱི་འགྲོ་བ་མི་གཙོས་ལས་སྤྱོད་དང་ཁ་རྗེ་བསོད་ནམས་སོགས་ཕྱོགས་གང་ཐད་ནས་འགྱུར་ལྡོག་དེ་བཞིན་ཐེབས་ཀྱི་ཡོད་པ་རིགས་པའི་སྒོ་ནས་བརྟག་ན་ཤེས་ཐུབ།  རྩོད་ལྡན་ཟེར་བའི་དོན་ནི་ཐོག་མར་ཚེ་ལོ་དཔག་མེད་ནས་འབུམ་པའི་མཇུག་ཡན་འགྲོ་བ་རྣམས་ལ་ཉོན་མོངས་རགས་པ་མེད་ཅིང་དགེ་བཅུ་རང་བཞིན་གྱི་རྫོགས་པས་རྫོགས་ལྡན་གྱི་བསྐལ་པ་དང་།   དེ་རྗེས་ཚེ་ལོ་བརྒྱད་ཁྲིའི་འགོ་ནས་ལྔ་ཁྲིའི་མཇུག་བར་དུ་ལུས་ངག་མི་དགེ་ཡོད་ལ་ཡིད་སྡོམ་གསུམ་པོ་རང་བཞིན་གྱི་ལྡན་པས་སུམ་ལྡན་གྱི་བསྐལ་པ་དང་།  དེ་རྗེས་ཚེ་ལོ་བཞི་ཁྲིའི་འགོ་ནས་དྲུག་བརྒྱ་ཡན་ལ་མངན་སེམས་ཡོད་ཀྱང་འཕྲོ་གཉིས་ལྡན་པས་གཉིས་ལྡན་གྱི་བསྐལ་པ་དང་།   དེ་ནས་ཚེ་ལོ་ལྔ་བརྒྱ་ནས་བརྒྱ་པའི་བར་སྒོ་གསུམ་གྱི་མི་དགེ་བཅུ་ཀའི་སྒོ་ནས་དུག་ལྔའི་ཉོན་མོངས་ཁ་རགས་ཤིང་འཁྲུགས་རྩོད་ཤིན་ཏུ་ལྡན་པས་ན་རྩོད་ལྡན་གྱི་བསྐལ་པ་ཟེར་རོ།   སྙིགས་མ་ལྔ་བདོ་ཟེར་དོན་ནི།  དེང་སྐབས་དུས་ཀྱི་སྙིགས་མ་རྩོད་ལྡན་དང་།   ཚེའི་སྙིགས་མ་མར་འགྲིབ།   སེམས་ཅན་གྱི་སྙིགས་མ་གདུལ་དཀའ།   ཉོན་མོངས་ཀྱི་སྙིགས་མ་དུག་ལྔ་ཁ་རགས།  ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་དང་ལྔ་ཡིས་དུས་འདའ་བས་ན་སྙིགས་མ་ལྔ་བདོ་ཟེར་བའོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།