བོན་གྱི་བསྟན་པ་གནས་པའི་ཡུན་ཚད་ག་ཚོད་ཡིན་ནམ།

       མདོ་གཟེར་མིག་ལས།   “སུམ་ཅུ་སྐུས་འདུལ།   སུམ་ཅུ་གསུང་གིས་འདུལ།   སུམ་ཅུ་ཐུགས་ཀྱིས་འདུལ།  དེ་ལྟར་དགུ་བཅུ་ལོན་ནས་སླད་ཀྱི་སྟོན་པ་འབྱོན”ཞེས་པ་ནི་ཚེ་ལོ་བརྒྱ་པའི་སྟོན་པ་གཤེན་རབ་ཀྱི་བསྟན་པའི་གནས་ཚད་བསྟན་ཏེ་མདོ་སྡེའི་དགོངས་དོན་ཞིབ་དཔྱད་མི་ལོ་སྟོང་ཕྲག་རེ་ལ་ཚེ་ལོ་གསུམ་རེ་བྲི་བའི་དབང་དུ་བྱས་པས་སྐུ་བསྟན་ཁྲི་གཅིག་ཡུན་ལ་ལོ་སུམ་ཅུ་འགྲོ་བས་ན་སུམ་ཅུ་སྐུས་འདུལ་གསུངས་པ་དང་།  དེ་བཞིན་གསུང་བསྟན་དང་།  ཐུགས་བསྟན་ཁྲི་རེའི་ཡུན་ལ་ལོ་སུམ་ཅུ་རེ་འགྲོ་བས་ན་སྐུ་གསུང་ཐུགས་ཀྱི་བསྟན་པའི་གནས་ཚད་མི་ལོ་ཁྲི་གསུམ་གྱི་དུས་ཡུན་ལ་ལོ་དགུ་བཅུ་འགྲོ་བས་ན་དེ་ལྟར་གསུངས། སྟོན་པ་གཤེན་རབ་འཁྲུངས་ནས་ད་ལྟ་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན་ཉག་མ་བཅོ་ལྔ་པ་ས་ཕོ་སྟག་གི་ལོ་བར་ལ་མི་ལོ༡༨༠༡༥ཕྱིན་ལ། འབྱུང་འགྱུར་ས་ཡོས་ལོ་ནས་བཟུང་གསུང་བསྟན་མི་ལོ ༡༩༨༥ལྷག་པ་དང་། དེ་སྟེང་ཐུགས་བསྟན་མི་ལོ་ཁྲི་གཅིག་རྫོགས་པའི་ཆུ་མོ་ཕག་གི་ཧོར་ཟླ་བཅུ་གཉིས་པའི་གནམ་སྟོང་ལ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་ཀྱི་བསྟན་པའི་འགྲོ་དོན་མཐར་ཕྱིན་པའོ།། དེ་ནས་ཚེ་ལོ་བཅུ་པར་ཐུག་ཅིང་རྣམ་འདྲེན་དགུ་པ་གཅུང་ཤེས་པ་ཐང་མ་མེ་སྒྲོན་འབྱོན་ཏེ་དེའི་སྐུ་གསུང་ཐུགས་ཀྱི་བསྟན་པས་འགྲོ་དོན་མཛད་པའོ།།

འགོ་བ་དགེབཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།