བོན་གཞུང་ཁག་གི་དབུ་ལ་ཞང་སྐད་སྨོས་དོན་དང་ཞང་སྐད་བོད་སྐད་ལ་བསྒྱུར་ཚུལ་ག་འདྲ་ཡིན་ནམ།

    སྤྱིར་གསུང་རབ་གང་ཞིག་དབུ་ལ་སྐད་རིགས་གང་སྨོས་པ་དེ་བྱུང་བའི་ཁུངས་བཙུན་པའི་སྒོ་ནས་སྨྲས་པ་གཙོ་ཆེ་ལ།  བོན་གྱི་བསྟན་པ་བྱུང་ཡུལ་གཙོ་བོ་ཞང་ཞུང་ཡིན་པའི་ཆ་ནས་བོན་གྱི་གསུང་རབ་རྣམས་ཀྱི་དབུ་ལ་ཞང་ཞུང་སྨར་གྱི་སྐད་ཅེས་བྱུང་བ་ནི་བྱུང་ཁུངས་བཙུན་པའི་དགོས་པ་རྒྱུ་མཚན་དང་།   བཀྲ་ཤིས་པའི་དོན་ཅན་གྱི་ཚུལ་དུ་སྨྲས་པ་ཞིག་གོ    བོན་རྣམས་སྒྲ་སྐད་བསྒྱུར་ཚུལ་ལ།   ལྔ་འགྱུར་དང་།  སུམ་འགྱུར།  ཉིས་འགྱུར་སོགས་ཅི་རིགས་ཤིག་ཡོད་དོ།   བོན་འགའ་ཞིག་ནི་ཀ་པི་ཏ་ལྷའི་སྐད་ལས་སཾསྐྲྀ་ཏའི་སྐད་དུ་བསྒྱུར།   དེ་སྟག་གཟིག་གི་སྐད་དུ་བསྒྱུར།   དེ་ཞང་ཞུང་གི་སྐད་དུ་བསྒྱུར།  དེ་བོད་སྐད་དུ་བསྒྱུར་ལ་ལྔ་འགྱུར་རོ།    བོན་ཁ་ཤས་ནི་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར།   ཞང་ཞུང་ནས་བོད་དུ་བསྒྱུར་བ་ལ་སུམ་འགྱུར་རོ།  བོན་ཁ་ཤས་ནི་རྒྱ་གར་དང་།   རྒྱ་ནག   སུམ་པ།   མི་ཉག་ལ་སོགས་ཅི་རིགས་བསྒྱུར་ཏེ་དབུ་ལ་སྐད་རིག་སོ་སོར་བྱུང་བས་གསལ་ལོ།   བོན་མང་ཆེ་བ་ནི་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་བ་ལ་གཉིས་འགྱུར་དེ་ཁྱབ་ཆེ་བའོ།  ལོ་པན་རྣམས་ཀྱིས་ཀྱང་ཞང་སྐད་བོད་སྐད་དུ་བསྒྱུར་བའི་ཚུལ་ནི།   བདལ་འབུལ་ལས།  “ཡུལ་བྱེ་མ་གཡུང་དྲུང་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས།  བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར”ཞེས་པ་ལྟར་བོན་སྡེ་མང་ཆེ་བ་ཁོང་རྣམ་གཉིས་ཀྱིས་བསྒྱུར་བ་ཤས་ཆེ་ལ།  རྣམ་པ་གཅིག་ཏུ་ན།  ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་།   བོད་ཀྱི་མཁས་པ་སེ་ལྡེ་མེ་གསུམ་བཅས་ལོ་པན་བྱད་དང་མེ་ལོང་གི་ཚུལ་དུ་བསྒྱུར་ཚུལ་ནི།   སྒྲ་འགྲེལ་ལས།   “ཡུལ་བྱེ་མ་ལ་གཡུང་དྲུང་།  མཁར་གད་ཀྱི་བྱི་བ་མཁར་དུ།  དཔོན་གསས་མཁས་པ་མི་བཞི་བཀའ་བགྲོས་ནས།   ཞང་ཞུང་སྐད་ལས་བོད་སྐད་དུ་བསྒྱུར་བའི་དུས་སུ་ལོ་པན་བྱད་དང་མེ་ལོང་གི་ཚུལ་གྱིས།   ལོ་པན་རྒྱུན་མི་འཆད་པའི་དོན་དུ་བསྒྱུར”ཞེས་སོགས་གསལ་བ་ལྟར་རོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།