བོན་ལུགས་ལ་བླ་མ་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ག་འདྲ་ཡིན་ནམ།

       བླ་མའི་རིགས་ལ་གདུང་བརྒྱུད་ཀྱི་བླ་མ་ནི།   དམུ་རིགས་གཤེན་ཀྱི་གདུང་བརྒྱུད་དང་།   རྒྱལ་བ་བྲུའི་གདུང་བརྒྱུད།  དབང་ལྡན་ཞུའི་གདུང་བརྒྱུད།   རྒྱལ་སྲས་སྤའི་གདུང་བརྒྱུད།  མཁས་པ་རྨེའུའི་གདུང་བརྒྱུད།   དམ་པ་ཁྱུང་གི་གདུང་བརྒྱུད།   ཞིག་པོ་བཅོ་བརྒྱད་ཀྱི་གདུང་བརྒྱུད་ལ་སོགས་དང་།   འདུལ་བརྒྱུད་ཀྱི་བླ་མ་ནི་གཙོ་བོར་ལམ་བསླབ་པ་རྣམ་གསུམ་གཙིགས་སུ་འཛིན་ཅིང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ཐོས་བསམ་སྒོམ་བསྒྲུབ་དང་དེའི་དབང་ལུང་ཁྲིད་སོགས་ཆ་ཚང་ཞིང་།   རིག་པའི་གནས་ལྔ་ལ་སོགས་སྦྱངས་འབྲས་ཚད་མཐོར་ཕྱིན་ཏེ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས་་གྲུབ་རྗེས་འོས་མི་དམིགས་ཚད་ལྡན་པ་རྣམས་ལྷ་བླའི་ལུང་རྟགས་གསལ་པོར་བརྟག་པའི་སྒོ་ནས་རྟགས་རིལ་བབས་པའི་སྐྱེས་བུ་དེ་ལྷ་མི་ཀུན་གྱི་གཙུག་ཏུ་བཀུར་འོས་པའི་མཚན་ལྡན་གྱི་བླ་མར་ངོས་འཛིན་བྱེད །    བསྒྲུབ་བརྒྱུད་གྱི་བླ་མ་ནི་གདུང་བརྒྱུད་ཡོད་མིན་ལ་མ་བལྟོས་པར་མཁས་གྲུབ་ཟུང་ལྡན་གྱི་སྐྱེས་བུ་དང་།   ཉམས་རྟོགས་མངོན་དུ་གྱུར་པའི་རྟོགས་ལྡན་རྣམས་དང་།   གཞན་ཡང་ལུང་ཟིན་གྱི་སྐྱེས་བུ་དང་།  ལུང་ཟིན་མིན་ལ་མ་བལྟོས་པར་གང་ལ་གང་འདུལ་གྱི་ཚུལ་བསྟན་པའི་མ་ངེས་སྤྲུལ་སྐུ་སོགས་དུ་མ་ཡོད་པའི་ནང་ནས་གདུང་བརྒྱུད་ཁག་ནང་གཙུག་རྒྱན་དམ་པ་དམུ་རིགས་གཤེན་གྱི་གདུང་བརྒྱུད་དང་།  འདུལ་བརྒྱུད་ཀྱི་ནང་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཙོ་བོར་འཛིན་སྲོལ་ཡོད།   བོན་པོའི་ས་ཁུལ་ཁག་ལ་གདུང་བརྒྱུད་ཀྱི་བླ་མ་གདེང་འཇོག་ཚད་མཐོ་བྱེད་སྲོལ་ཡོད་ལ་སྤྲུལ་སྐུའི་བླ་མ་དེ་ཙམ་གཙུགས་སུ་མི་འཛིན།  ཡིན་ནའང་སྤྲུལ་སྐུ་མཚན་ཉིད་ལྡན་པ་གཙུག་ཏུ་བཀུར་ཡང་བླ་མ་གྲོངས་ཚད་ལ་སྤྲུལ་སྐུ་རེ་དང་།  ཆབ་སྲིད་དང་རྒྱུ་དངོས་ལ་དམིགས་པའི་སྤྲུལ་སྐུ་གཙིགས་སུ་འཛིན་སྲོལ་མེད་པའོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།