བོན་གྱི་ལྟ་གྲུབ་སྐོར་འཆད་ཁྲིད་དང་། དྲི་བ་དྲིས་ལན།

བོན་གྱི་ལྟ་གྲུབ་སྐོར་འཆད་ཁྲིད་དང་། དྲི་བ་དྲིས་ལན།

རྩོམ་པ་པོ། ཁྱུང་བཙུན་གངས་ལྷ་དཀར་པོ།  རྩོམ་ཁུངས། ཧི་མ་ལ་ཡའི་བོན།

ངོ་སྤྲོད་མདོར་བསྡུས། ༼ མདའ་སྨྱུག་གླེང་སྟེགས ༽སྐད་འཕྲིན་ཚོགས་པའི་འགན་འཛིན་པས་གཡུང་དྲུང་བོན་གྱི་དགེ་བཤེས་ཆེན་མོ་ཤེས་རབ་སྦྱིན་པ་མཆོག་ཆེད་དུ་སྐད་ཚོགས་སུ་གདན་བཞུགས་གནང་སྟེ་དགེ་བཤེས་ཁོང་གིས་༼ བོན་གྱི་ལྟ་གྲུབ ༽སྐོར་དང་འབྲེལ་ཏེ་གསུང་བཤད་གནང་སྟེ་༼ མདའ་སྨྱུག་གླེང་སྟེགས༽སུ་བཞུགས་པའི་རིས་མེད་ཀྱི་ཤེས་ལྡན་མང་བོ་ལ་བོན་གྱི་སྐོར་མཚམས་སྦྱོར་གནང་ཡོད།

   མདའ་སྨྱུག་གླེང་སྟེགས་སུ་བཞུགས་པའི་བླ་མ་དགེ་བའི་བཤེས་གཉེན་དང་འདིར་ཡོད་པའི་མཁས་དབང་རྣམས་པ་ཚང་མ་ལ་ཐོག་མར་ངས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། རང་གིས་སྐད་ཆ་ཡག་པོ་ཞིག་བཤད་མ་ཤེས་ཀྱང་འདི་འདྲ་བཤད་རྒྱུའི་གོ་སྐབས་སྟེར་བས་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུ། ང་ནི་གཡུང་དྲུང་བོན་གྱི་ཆོས་རྒྱུད་ལ་ཞུགས་པའི་དགེ་བཤེས་ཤེས་རབ་སྦྱིན་པ་ཟེར་གྱི་ཡོད། རང་གིས་གཞུང་ལུགས་སྐོར་ནས་རྒྱ་ཆེན་པོ་ཞིག་བཤད་ཤེས་ཀྱི་མེད། ཡིན་ན་ཡང་འདི་ལྟ་བུའི་གོ་སྐབས་ཞིག་རང་ལ་སྤྲད་ཡོང་དུས་བཤད་ཀྱི་མིན་ཟེར་ན་ཡག་པོ་མི་འདུག རང་གིས་འདིར་གོ་སྐབས་དེ་ཡག་པོ་ཞིག་ཡིན་པའི་བསམ་བློ་འདོན་ནས་རང་གིས་ཤེས་སྟངས་དྲན་སྟངས་ཤིག་ཁྱེད་རྣམ་པ་ལ་ཞུ་བསམ་པ་དེ་ཡིན། མ་ཤེས་པ་འདྲ་བྱུང་ན་མཁས་དབང་རྣམ་པ་ལ་མཐོལ་ལོ་བཤགས། བཀྲ་ཤིས་བདེ་ལེགས།
ད་བོན་པོའི་ལྟ་གྲུབ་སྐོར་ནས་བཤད་དགོས་རེད་གསུངས་སོང་། བོན་པོའི་ཆོས་ལུགས་དེ་ཐོག་མར་གང་འདྲ་ཞིག་བྱུང་བ་རེད་ཟེར་ན་ཚང་མས་ཤེས་གསལ་རེད། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྲོལ་གཏོད་པའི་ཆོས་ལུགས་དེ་ལ་གཡུང་དྲུང་བོན་གྱི་ཆོས་ལུགས་ཟེར། བོན་ཟེར་ན་སྤྱིར་བཏང་གདོད་མའི་བོན་དང་གཡུང་དྲུང་གི་བོན་ཟེར་ནས་གཉིས་སུ་བཤད་ཀྱི་རེད། གདོད་མའི་བོན་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་བོད་གངས་ཅན་ལྗོངས་སུ་ཞབས་མ་བཅགས་པའི་སྔ་རོལ་དུ་ཡོད་བསྡད་པའི་རིགས་དེ་ལ་གདོད་མའི་བོན་ཟེར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་བྱོན་ཚར་བའི་རྗེས་ལ་གཡུང་དྲུང་གི་བོན་གྱི་ཆོས་ལུགས་དེ་ཁོང་གིས་སྲོལ་གཏོད་པ་རེད། དེའི་ཆོས་ཉམས་སུ་ལེན་མཁན་ལ་བོན་པོ་ཟེར་བ་དང་བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་སྲོལ་གཏོད་པའི་བོན་དེ་ལ་ཐེག་པ་ལ་བསམ་བློ་བཏང་པ་ཡིན་ན་ཐེག་པ་རིམ་པ་དགུ་ཡོད་པ་རེད། ཐེག་པ་རིམ་པ་དགུ་རུ་འཇོག་དགོས་པའི་རྒྱུ་མཚན་དེ། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར་དུ་དེ་སྲིད་ཐེག་པའི་གྲངས་ལ་ཐུག་མཐའ་མེད།
སེམས་ཅན་གྱི་བློ་ལ་ཐོག་མཐའ་མེད་ཚར་དུས་དེ་སྲིད་ཐེག་པའི་གྲངས་ལ་ཐོག་མཐའ་མེད་པར་འདོད་ཚུལ་དེ་འདྲ་ཡོད་རེད། ཡིན་ནའང་མདོར་བསྡུས་སུ་བཤད་ན་བློ་རིམ་པ་དགུ་ལ་ལྟོས་ཏེ་བོན་ཐེག་པ་དགུ་རུ་བསྟན་ཡོད་རེད། བོན་ཐེག་པ་རིམ་པ་དགུ་དེའི་མཚན་དོན་གང་འདྲ་ཞིག་ཡོད་རེད་ཟེར་ན། ལྷ་མི་གཞན་བརྟེན་གྱི་ཐེག་པ། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། མངོན་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་མཚན་དོན་དེ་ལྟར་རེད། རྒྱ་ཆེན་པོ་ཞིག་བཤད་དགོས་ན་འདིར་དྲ་ལམ་ཡག་པོ་མེད་པ་དང་འདིའི་ཐོག་ནས་བཤད་ཐུབ་ཡ་མི་འདུག མདོར་བསྡུས་སུ་བཤད་ན། དང་པོ་ལྷ་མི་གཞན་བརྟེན་གྱི་ཐེག་པ་འདིའི་ཁྱབ་ཁོངས་སུ་གང་འདྲ་ཞིག་ཁས་ལེན་གྱི་རེད་ཟེར་ན། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པ་གཞིར་བཞག་ཐོག་ཏུ་འཇིག་རྟེན་གྱི་བོན་བརྒྱད་ཕལ་པ་ལ་སྣང་བ་ལྟར་བདེན་པར་ཞེན་པ། དེའི་ཐོག་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་དགོས་པ་གང་འདྲ་ཞིག་ཆག་ཡོད་རེད་ཟེར་ན། ང་ཚོའི་གཞུང་ལུགས་ནང་དུ། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད།། གསུངས་ཡོད་རེད། དེ་ལྟར་གསུངས་པར་བརྟེན་ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་དབྱེ་བ་འབྱེད་དུས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མིན་གྱི་ཐད་ནས་འབྱེད་དགོས་ཡོད་རེད། ལྷ་མི་གཞན་བརྟེན་གྱི་ཐེག་པ་འདི་ནང་པའི་ཐེག་པ་དང་པོ་དང་། དེར་ཞུགས་པའི་གང་ཟག་དེ་ནང་བསྟན་ལ་ཐོག་མར་ཞུགས་པ་ཡིན་པའི་ཆ་ནས་རེད། ལྷ་མི་གཞན་བརྟེན་ཟེར་ན་ཁོ་རང་གི་ལམ་གྱི་ཐོག་ནས་བདེན་པ་གཉིས་ཀྱི་ཉམས་ལེན་སོགས་གཞན་ལ་བརྟེན་དགོས་དུས་ལྷ་མི་གཞན་བརྟེན་ཟེར། ལྷ་མི་གཞན་བརྟེན་གྱི་སྐོར་མདོར་བསྡུས་དེ་གྱིས།
དེ་ནས་རང་རྟོགས་གཤེན་རབ་ཀྱི་ཐེག་པ་ནི། རྣམ་པ་གཉིས་ཀྱི་ཐོག་ནས་བཤད་དགོས་རེད། ཕྱི་རོལ་གྱི་དངོས་པོ་ཡང་དག་འདོད་པའི་རང་རྟོགས་དང་། ཕྱི་རོལ་གྱི་དངོས་པོ་ཡང་དག་མི་འདོད་པའི་རང་རྟོགས་གཉིས་སུ་དབྱེ། ཕྱི་རོལ་གྱི་དངོས་པོ་ཡང་དག་འདོད་པའི་རང་རྟོགས་དེ་ལ་རྣམ་བཅས་རྫས་སུ་མེད་པ་དང་། རྣམ་མེད་རྫས་སུ་ཡོད་པར་འདོད་མཁན་གཉིས། དེ་གཉིས་ཀྱིས་གང་འདྲ་འདོད་ཀྱི་ཡོད་རེད་ཟེར་ན་ལྟ་བ་གཙོ་བོ་དེ་གང་ཟག་གི་བདག་མེད་བཤད་པ་རེད། གང་ཟག་དེ་ལ་རྟགས་ཆད་རང་དབང་ཅན་གྱི་བདག་ཏུ་གྲུབ་པའི་སྟོང་པ་དང་གང་ཟག་རང་སྐྱ་ཐུབ་པའི་བདག་ཏུ་གྲུབ་པའི་སྟོང་པ་གཉིས་སུ་བཤད་ཀྱི་ཡོད་རེད། དེའི་གང་ཟག་གི་བདག་མེད་ལྟ་བ་བྱེད་ནས་དེའི་ཐོག་ཏུ་སྒོམ་བྱེད་བློ་དང་ཐེག་དམན་གྱི་སེམས་བསྐྱེད་སོགས་ཟུང་དུ་འབྲེལ་ནས་ལམ་ཉམས་སུ་ལེན་གྱི་ཡོད་རེད། རང་རྟོགས་དངོས་ཀྱི་ཐེག་པ་དེ་ལ་གང་འདྲ་བཤད་ཀྱི་ཡོད་རེད་ཟེར་ན། ཕྱི་དོན་བདེན་གྲུབ་མི་འདོད་ཅིང་གང་ཟག་བདག་མེད་རྟོགས་པའི་ཐོག་ཏུ་བཟུང་བ་བོན་གྱི་བདག་མེད་རྟོགས་ཀྱི་ཡོད་རེད། བཟུང་བ་བོན་གྱི་བདག་མེད་དེ་གང་འདྲ་འཇོག་དགོས་རེད་ཟེར་ན། གཟུགས་དང་གཟུགས་ཀྱི་རགས་པའི་དངོས་པོ་བརྩམ་སའི་བརྩམ་གཞིར་གཟུགས་ཆ་མེད་གཅིག་མེད་བསྡད་པ། གཟུགས་དེ་ཆ་བཅས་ལ་བརྟེན་ནས་གྲུབ་པ་ལས་ཆ་མེད་ལ་བརྟེན་ནས་གྲུབ་པ་མེད་བསྡད་པ། གཟུགས་དེ་གཟུགས་འཛིན་པའི་ཚད་མ་དང་ངོ་བོ་དབྱེར་མེད་དུ་འདོད་པ་དེ་ལ་རང་རྟོགས་དངོས །རྣམ་བཅས་དང་རྣམ་མེད་གཉིས་ཀྱི་གཟུགས་དེ་གྲུབ་སའི་གྲུབ་གཞི་འམ་གཟུགས་རགས་པའི་དངོས་པོ་བརྩམ་སའི་བརྩམ་གཞི་རྡུལ་ཕྲན་དངོས་པོ་ཆ་མེད་གཅིག་ལ་བརྟེན་ནས་གྲུབ་བསྡད་པས་དང་། དེའི་ཐོག་ཏུ་རང་འཛིན་བྱེད་ཤེས་པ་དང་ངོ་བོ་དབྱེར་མེད་པ་མི་འདོད་པ་རེད།
ཐུགས་རྗེ་སེམས་དཔའི་ཐེག་པ་ནས་འགོ་བཙུགས་ཏེ་ཐེག་པ་ཆེན་པོ་རེད། ཐེག་པ་ཆེ་ཆུང་གང་འདྲ་དབྱེ་དགོས་ཡོད་རེད་ཟེར་ན་སྟོན་པ་སངས་རྒྱས་ཀྱི་བཀའ་ནང་ལ། ཐེག་པའི་ངོ་བོ་བསྟན་པ་ནི།། ཤེས་རབ་དང་ནི་སྙིང་རྗེ་ཡིན།། དོན་གཉིས་ཆེ་ན་ཐེག་པ་ཆེ།། དོན་གཉིས་ཆུང་ན་ཐེག་པ་ཆུང་།། གསུངས་ཡོད་རེད། དེ་ཡིན་དུས་ད་ལྟ་རང་རྟོགས་གཤེན་རབ་ཀྱི་ཕན་ཆད་ལ་གང་ཟག་གི་བདག་མེད་ཙམ་དང་བཟུང་བ་བོན་གྱི་བདག་མེད་ཙམ་ལས་སྟོང་ཉིད་དང་བདེན་མེད་ལ་སོགས་པ་མེད་རེད། སྟོང་ཉིད་རྟོགས་པ་མེད་དུས་སྟོང་ཉིད་ཀྱི་རྣམ་བཞག་བཤད་ཀྱི་མ་རེད། ཤེས་རབ་ཀྱི་ཆ་ནས་བློ་སྟོབས་དམན་དགོས་པའི་རྒྱུ་མཚན་དེ་རེད། ཐབས་ཀྱི་ཆ་ནས་རང་དོན་ཞི་བདེ་དོན་དུ་གཉེར་བའི་བློ་མ་གཏོགས་གཞན་འགྲོ་བ་ཐམས་ཅད་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་ཐེག་པ་ཆེན་པོའི་སེམས་བསྐྱེད་མེད་དུས་ཐེག་པ་དམན་པ་ཆགས་དགོས་པའི་རྒྱུ་མཚན་དེ་རེད། ཐུགས་རྗེ་སེམས་དཔའ་ནས་འགོ་བཙུགས་ཏེ་ཐེག་པ་ཆེན་པོ་ཆགས་དུས། ཐེག་པ་ཆེན་པོ་ཞེས་པའི་ཐ་སྙད་དེ་སྦྱར། ཐེག་པ་ཆེན་པོ་དེ་ཤེས་རབ་ཡིན་ན་བོན་གྱི་བདག་མེད་རྟོགས་པའི་ཤེས་རབ་སོགས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ཐབས་ཀྱི་ཆ་ནས་བརྩེ་བ་སྙིང་རྗེ་ཆེན་པོ་དང་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ལམ་རིམ་ལ་འགྲོ་བའི་ལུགས་སྲོལ་ཡོད་པའི་ཆ་ནས། ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་ཉམས་ལེན་ཆེན་པོ་ཡོད་ཚར་དུས་ཐེག་པ་ཆེན་པོ་ཆགས་པ་རེད། ཐུགས་རྗེ་སེམས་དཔའ་ཁོ་རང་དམིགས་བསལ་གྱི་འདོད་སྟངས་གང་རེད་ཟེར་ན་གཟུངས་འཛིན་གཉིས་སྟོང་གི་བོན་ཉིད་ཟེར་ཡ་ཞིག་ངོས་འཛིན། གཟུང་འཛིན་གཉིས་སྟོང་བོན་ཉིད་ཟེར་ན་གཟུང་བ་ཆ་མེད་ལ་བརྟེན་ནས་གྲུབ་པའི་སྟོང་པ་དང་། འཛིན་པ་ཆ་མེད་ལ་བརྟེན་ནས་གྲུབ་པའི་སྟོང་པའམ་གཟུགས་གཟུགས་འཛིན་ཚད་མ་དང་ངོ་བོ་ཐ་དད་དུ་གྲུབ་པའི་སྟོང་པ། གཟུགས་འཛིན་ཚད་མ་གཟུགས་དང་ངོ་བོ་ཐ་དད་གྲུབ་པའི་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་གཟུགས་འཛིན་གཉིས་སྟོང་གི་བོན་ཉིད་ཟེར་བ་རེད། ཐུགས་རྗེ་སེམས་དཔའི་ཐེག་པ་མདོར་བསྡུས་སུ་ཞུས་ན་དེ་ལྟར་ཡིན།
གཡུང་དྲུང་སེམས་དཔའི་ཐེག་པའམ་དབུ་མ་བའི་ཐེག་པ་དེ་ལ་སྤྱིར་བཏང་བཤད་པ་ཡིན་ན་བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་ཁས་ལེན་པའི་གང་ཟག་དེ་ལ་དབུ་མ་པ། ཤེས་རབ་ཀྱི་ཆ་ནས་བཤད་པ་ཡིན་ན་བོན་ཐམས་ཅད་བདེན་མེད་དུ་རྟོགས་པའི་ཤེས་རབ། ཐབས་ཀྱི་ཆ་ནས་བཤད་པ་ཡིན་ན་བརྩེ་བ་སྙིང་རྗེ་ཆེན་པོ་དང་ཐེག་པ་ཆེན་པོའི་སེམས་བསྐྱེད། ཕར་ཕྱིན་བཅུ་ཡི་ཉམས་ལེན་སོགས་གྲོགས་སུ་བྱེད་ནས། བདེན་པ་གཉིས་ཀྱི་ནང་ནས་རང་བཞིན་བདེན་པ་རྟོགས་པའི་ལྟ་བ་གཙོ་བོ་ཁས་ལེན་གྱི་ཡོད་རེད། རང་བཞིན་བདེན་པ་ཟེར་ཡ་དེ་གང་འདྲ་ཞིག་ལ་ངོས་བཟུང་གིན་ཡོད་རེད་ཟེར་ན། གཙོ་བོ་དབུ་མ་པའི་རྟོགས་པའི་ལྟ་བ་དེ་ལ་རང་བཞིན་བདེན་པ་ཟེར་དེ་དོན་གྱི་ངོ་བོ་དང་ཁོ་རང་གི་ཡིན་ཚུལ་བསམ་བློ་བཏང་པ་ཡིན་ན། སྒྲ་རྟོག་གིས་ཡུལ་ལ་འདས་པ། སྒྲ་ཡིས་བརྗོད་རྒྱུ་མེད་པ་རྟོགས་པས་བསམ་རྒྱུ་མེད་པའི་མཐའ་བཞི་རྒྱ་གྲོལ་གྱི་གནས་ལུགས་དེ་ལ་བསམ་བློ་གཏོང་། དེ་ལ་ལྷུན་གྲུབ་ལ་སོགས་པའི་ཡོན་ཏན་ཆ་ཚང་བཤད་མི་ཐུབ་དུས། ཐེག་པ་གོང་མ་སྔགས་རྫོགས་གཉིས་དང་གཅིག་པ་སླེབས་ཐུབ་ཀྱི་ཡོད་མ་རེད། ཁོ་རང་གི་ངོས་ནས་རང་བཞིན་གྱི་བདེན་པ་ཟེར་ཡ་དེ་མཐའ་མེད་སྤྲོས་བྲལ་བློ་འདས་གཅིག་ཡིན་པ་ཁས་ལེན་གྱི་ཡོད་རེད། སེམས་ཀྱི་སྟེང་གི་གནས་ལུགས་ཟེར་ན་འདྲ། རང་བཞིན་བདེན་པ་ཟེར་ན་འདྲ། སེམས་གསལ་སྟོང་ཟུང་འཇུག་གི་བོན་དབྱིངས་ཟེར་ན་འདྲ། ད་མདོར་བསྡུས་ན་ཐེག་པ་ཆེན་པོ་དབུ་མ་བའི་གཞི་བདེར་གཤེགས་སྙིང་པོ་ཟེར་ན་འདྲ་མཛུབ་མོ་བཙུགས་ས་རང་བཞིན་བདེན་པ་དེ་རེད། དེར་བློ་སྦྱོང་དུས། ཚོགས་སྦྱོར་གཉིས་ཀྱི་གནས་སྐབས་སུ་རྣམས་གྲངས་བའི་དོན་དམ་རང་བཞིན་མེད་པ་དང་བདེན་པར་མེད་པ། བདེན་པར་བཀག་པའི་བཀག་ཆ་སོགས་ལ་བློ་སྦྱོང་ནས་མཐར་ཐུགས་ཀྱི་གོམས་པ་ཆེ་རུ་ཆེ་རུ་སོང་དུས། མཐར་གང་ཟག་དེས་རང་བཞིན་བདེན་པ་ཧ་གོ་གི་ཡོད་རེད། དཔེར་ན། མཛུབ་ཁྲིད་ཟླ་བ་ལྟ་བུའོ།། ཟེར་བ་དང་མཚུངས། མཛུབ་མོའི་རྩེ་རུ་ཟླ་བ་མེད་ཀྱང་མཛུབ་མོས་བསྟན་པ་ལ་བརྟེན་ནས་ཟླ་བ་ངོ་འཕྲོད་པ་ནང་བཞིན། རྣམ་གྲངས་དོན་དམ་ལ་བློ་སྦྱོང་པ་ལ་བརྟེན་ནས་མཐར་ཐུག་དོན་དམ་གྱི་རང་བཞིན་བདེན་པ་དེ་ངོ་འཕྲོད་ཀྱི་ཡོད་རེད། བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་འདོད་པའི་དབུ་མའི་ལུགས་ལ་རྣམ་པ་གཉིས་སུ་བཤད་ཀྱི་ཡོད་རེད། ག་རེ་བཤད་ཀྱི་ཡོད་རེད་ཟེར་ན། རོལ་པ་སྐྱེ་མཆེད་ལྟར་སྣང་པའི་དབུ་མ་དང་མཚན་མ་ཀུན་བྲལ་ཅིར་མི་སྣང་བའི་དབུ་མ་གཉིས་སུ་དབྱེ། གཞུང་བྱམས་མ་འབུམ་ལྔ་ནང་ནས་ཡེ་ཤེས་བཀོད་པ་དོན་འབུམ་གྱིས་བསྟན་པའི་དབུ་མ་དེ་ལ་རོལ་པ་སྐྱེ་མཆེད་ལྟར་སྣང་པའི་དབུ་མ་ཟེར་གྱི་ཡོད་རེད། ཁམས་ཆེན་སྟོང་ཕྲག་བརྒྱ་པ་དང་འབུམ་གྱིས་དངོས་བསྟན་དབུ་མ་དེ་ལ་མཚན་མ་ཀུན་བྲལ་ཅིར་མི་སྣང་བའི་དབུ་མ་ཟེར་གྱི་ཡོད་རེད། དེ་གཉིས་ཀྱི་རྩ་བའི་རྨེང་གཞི་གཅིག་པ་རེད་ཀྱང་། ཡིན་ནའང་ལྟ་བའི་ཆ་ཤས་ཙམ་ཁས་ལེན་སྟངས་འཛིན་སྟངས་མི་མཚུངས་པའི་ཆ་ནས་གཉིས་སུ་གྱེས་སོང་བ་རེད་ཟེར། དོན་དམ་གཏན་ལ་འབེབ་པའི་སྐབས་སུ་འབེབ་སྟངས་ཀྱི་ཆ་ནས་ཁྱད་པར་ཅུང་ཙམ་ཤོར་བའི་རྒྱུ་མཚན་གྱི་གཉིས་སུ་བྱུང་བ་རེད་མ་གཏོགས་རྩ་བའི་སྒྲོམ་གཞི་གཅིག་པ་གཅིག་ཀྱང་ཆགས་ཀྱི་ཡོད་རེད། དབུ་མ་བའི་ལྟ་བ་མདོར་བསྡུས་ཞུས་ན་དེ་ཡིན།
སྔགས་ཀྱི་རྒྱུད་སྡེ་བཞི། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། མངོན་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་རུ་བཤད་ཀྱི་ཡོད་རེད། སྔགས་ཀྱི་ལུགས་ལ་རྩ་བའི་ཆ་ནས་སྔགས་རྒྱུད་སྡེ་བཞི་ལ་རྩ་བའི་ལྟ་བའི་རྨེང་གཞི་མཛུབ་མོ་བཙུགས་ས་ལ་སེམས་མ་བཅོས་བཞག་པའི་གནས་ལུགས་དེ་རང་འཇོག་དགོས་ཡོད་རེད། དེའི་ཐོག་ནས་ལྷུན་གྲུབ་ཀྱི་ཡོན་ཏན་ཧ་གོ་མི་གོ་བའི་ཆ་ནས་ཐེག་པ་མཐོ་དམན་ཤོར་སོང་རེད། དེའི་ཐོག་ཏུ་མངོན་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང་། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ་གཉིས་ལས། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པས་རྫོགས་རིམ་གཙོ་བོར་བྱེད་པ་དང་། མངོན་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པས་བསྐྱེད་རིམ་གཙོ་བོར་བྱེད་པའི་ཆ་ནས་ཁོ་རང་གཉིས་ཀྱི་ཁྱད་པར་དེ་འདྲ་བཤད་ཀྱི་ཡོད་རེད། སེམས་མ་བཅོས་རང་བབ་བཞག་པའི་གནས་ལུགས་དེ་འདྲ་ཡང་ལྷུན་གྲུབ་ཀྱི་ཡོན་ཏན་ཧ་གོ་ཚུལ་ཡར་རིམ་པས་རིམ་པར་མ་མཐུན་བས་སྔགས་ཀྱི་གྲུབ་མཐའ་ཁྱད་པར་དེ་འདྲར་ཤོར་བ་རེད་ཟེར་བཤད་ཀྱི་འདུག ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ་ནི་ཐེག་པ་བརྒྱད་པ་རུ་ཆགས་ཀྱི་ཡོད་རེད། མངོན་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་ཐེག་པ་བདུན་པ་ཆགས་ཀྱི་ཡོད་རེད། སྔགས་ཀྱི་ཐེག་པ་མཐོ་ཤོས་དེ་གཉིས་རེད། དེ་གཉིས་ཀྱིས་སེམས་མ་བཅོས་རང་བབ་རྐྱང་དེད་གཅིག་དྲིལ་གྱི་ཉམས་ལེན་གཅིག་པུ་བྱས་བསྡད་པ་ཡིན་ན། བོན་སྐུ་འགྲུབ་བྱེད་ཀྱི་རྒྱུ་ཡོད་ཀྱང་གཟུགས་སྐུ་འགྲུབ་བྱེད་ཀྱི་རྒྱུ་ཡོང་གི་མེད་ནས་བསྐྱེད་རིམ་དང་རྫོགས་རིམ་གྱི་ཉམས་ལེན་ཤུགས་ཆེན་པོ་དགོས་ཀྱི་འདུག་བསམ་པའི་བསམ་བློ་ཡོད་དུས་ད་གཟོད་ངོ་མའི་རྐྱང་དེད་གཅིག་དྲིལ་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་དང་ཅུང་ཙམ་ཐག་རིང་དུ་སོང་ནས་རྫོགས་པ་ཆེན་པོའི་ལྟ་སྤྱོད་ཉམས་སུ་ལེན་མ་ཐུབ་པ་ཆགས་ཡོད་རེད། དེ་ནས་མཐར་ཐུག་གི་ཐེག་པ་དེ་བླ་མེད་རྫོགས་པ་ཆེན་པོའི་ཐེག་པ་ཟེར་ནས་བོན་པོ་ཡོངས་སུ་རྫོགས་པས་འདོད་པ་རེད། གལ་སྲིད་གང་ཟག་ཅིག་སངས་རྒྱས་པའི་དགོས་ན་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་དེ་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་མ་ཐུབ། བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་དེ་ཧ་མ་གོ་ན་མདོ་དང་སྔགས་གཞན་དག་གི་ལུགས་ཀྱིས་སངས་རྒྱས་པ་ཙམ་གྱིས་སངས་རྒྱས་པར་ཁས་ལེན་གྱི་མ་རེད། མཐར་ཐུག་གི་སངས་རྒྱས་པ་ལ་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་དེ་རྒྱུད་ལ་སྐྱེ་དེ་ཧ་གོ་དགོས་ཡོད་རེད། ནམ་རྒྱུན་ཡོངས་སུ་གྲགས་པ་དེ་རེད།
བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་དེ། ཀ་དག་དང་ལྷུན་གྲུབ་གཉིས་སུ་བཤད་ཀྱི་ཡོད་རེད། ཀ་དག་དང་ལྷུན་གྲུབ་རང་བཞིན་གཞི་ཡེ་ཐོག་མ་མེད་པ་ནས་དྲི་མས་མ་གོས་བའི་ཆ་ནས་ཀ་དག ལྷུན་གྲུབ་ཟེར་ན་དེའི་ངོས་ལ་རྩལ་ཤར་གྱི་བོན་གང་ཡོང་བ་ཐམས་ཅད་འབྱུང་རུང་མ་འགག་པར་རྩལ་དང་རོལ་པ་ཚང་མ་འཆར་ཆོག་གི་ཡོད་ཙམ་ལྷུན་གྲུབ་ཟེར། ཀ་དག་དང་ལྷུན་གྲུབ་ཟེར་ན་དེ་འདྲ་བཤད། དེའི་མཇུག་ཏུ་ལྷུན་གྲུབ་ཆེན་པོ་ཡིན་པ་ལ། སེམས་མ་བཅོས་རང་བབ་བཞག་པའི་གནས་ལུགས་ངོས་ལ་རྒྱུན་སྐྱོང་ཡང་དག་པ་ཞིག་བྱེད་ཐུབ་པ་ཡིན་ན། རྫོགས་པ་ཆེན་པོའི་ལུགས་ལ་གཟུགས་སྐུ་གཉིས་བསྒྲུབ་བྱེད་རྒྱུ་གཞན་པ་དམིགས་བསལ་དགོས་ཀྱི་མི་འདུག ཕར་ཕྱིན་བཅུ་ཡི་ཉམས་ལེན་ཟུར་ལ་དགོས་མི་འདུག གཙོ་བོ་གནས་འགག་ཐུག་ས་དེ་གཞི་ཡིན་བསྡད་དུས། གཞི་གནས་ལུགས་ཐེག་པ་ཆེན་པོ་སེམས་མ་བཅོས་རང་བབ་བཞག་པའི་བླ་མེད་རྫོགས་པ་ཆེན་པོའི་སེམས་ཉིད་ཐིག་ལེ་ཉག་གཅིག་དེ་ལ་རྐྱང་དེད་གཅིག་དྲིལ་གྱི་ཉམས་ལེན་བྱས་པ་ཡིན་ན་གཞན་གྱི་ཡོན་ཏན་ཐམས་ཅད་ངམ་ངམ་ཤུགས་ཤུགས་སུ་འབྱུང་ཡོང་གི་ཡོད་པ་དེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་འགྲོ་ཚུལ་རེད། བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་གཞི་འཁོར་འདས་ཤེས་བྱ་ཐམས་ཅད་ཀྱི་ནང་ལ་ཁྱབ་ཡོད་ཨེ་རེད་ཟེར་ན་ཁྱབ་བསྡད་ཡོད་རེད། ཡིན་ནའང་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་དེ་རང་གི་སེམས་རྒྱུད་ནས་ངོ་འཕྲོད་དགོས་རྒྱུ་ཞིག་རེད་མ་གཏོགས་མདོ་དང་ཐེག་པ་འོག་མས་བཙལ་བཙལ་ལྟར། ཀ་བ་དང་། ཀ་བ་ལ་བདེན་པར་གྲུབ་པའི་སྟོང་པ་དང་། དབྱིབ་དང་ཁ་དོག་ལ་བརྟེན་ཡོད་མེད་སོགས་ཀྱི་ཐོག་ནས་བཙལ་ཚུལ་དེ་འདྲ་ཡོད་མ་རེད། གཙོ་བོ་ཐུག་ས་དེ་རང་གི་སེམས་ལ་ཐུག་ཡོད་རེད། རང་གི་སེམས་རྒྱུད་ཀྱི་ཉོན་མོངས་ལ་བལྟས་པའི་ཚེ་ན་ཞེ་སྡང་འདྲ་བོ་མངོན་དུ་གྱུར་ཡོང་དུས་ཞེ་སྡང་སྐྱེ་ས་གནས་ས་བྱུང་ས་གང་ཡང་མ་རྙེད་པ། མཐར་ཞེ་སྡང་གནས་ལུགས་དེ་ཡི་ངང་ལ་ཕར་རང་གྲོལ་དུ་སོང་དུས། ཞེ་སྡང་དེ་སྐྱེ་བ་ལ་བཀག་པ་ཡང་མི་བྱེད་ཞེ་སྡང་གི་ངོ་བོ་བལྟས་པའི་ཚེ་ན་ཞེ་སྡང་གི་ངོ་བོའི་རྗེས་འཛིན་ཡང་མི་བྱེད། ཞེ་སྡང་རང་གྲོལ་དུ་སོང་བའི་གནས་ལུགས་དེ་དྭངས་སང་ངེར་ཉམས་ལེན་རྒྱུན་སྐྱོང་བ་ཡིན་ན། རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་ཉམས་ལེན་རྐྱང་དེད་གཅིག་སྒྲིལ་ཟེར་ན་དེ་འདྲར་བཤད་ཀྱི་ཡོད་རེད། ཐེག་པ་དགུ་པ་ཡང་རྩེ་བླ་མེད་ཀྱི་ཐེག་པའི་སྐོར་དེ་འདྲ་ཞིག་ཞུ་རྒྱུ་ཡིན།
འོ་ལགས་སོ།། ད་ཐེག་པ་དགུ་ཡི་འགྲོ་ལུགས་མདོར་བསྡུས་དེ་འདྲ་ཞིག་ཡིན། དཔེ་ཆ་གང་ལ་གཞིར་བཅོལ་བ་ཡིན་ཟེར་ན། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཀྱི་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་གཞིར་བཞག་གི་ཐོག་ནས་ཞུས་ཡོད་པའི་ཁུལ་འདྲ་ཡིན། ཞུ་མ་ཤེས་པ་ལོག་པ་འདྲ་སོང་ན་ཚང་མར་མཐོལ་ལོ་བཤགས། ད་དེ་ལྟར་རྩ་བའི་བོན་པོ་ཡི་ལྟ་གྲུབ་ཀྱི་འགྲོ་ལུགས་བཤད་ཡོང་དུས་མཐར་ཐུགས་སངས་རྒྱས་ན་ཐེག་པ་ག་རེའི་ལྟ་སྤྱོད་ཧ་གོ་དགོས་རེད་ཟེར་ན་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་ཧ་མ་གོ་ན། སངས་རྒྱས་པ་ཞིག་ཁས་ལེན་གྱི་མེད་པ་རེད། གཙོ་བོ་བློ་ཕུགས་བླ་མེད་རྫོགས་པ་ཆེན་པོར་གཏད་རྒྱུ་དེ་བོན་པོ་ཡོངས་སུ་རྫོགས་པ་ཡིས་ཁས་ལེན་གཅིག་མཚུངས་ཆགས་ཡོད་རེད། ད་ཁྱེད་རྣམ་པ་ལ་དྲི་བ་འདྲ་ཕལ་ཆེར་ཡོད་ཀྱི་རེད། དྲི་བ་ག་རེ་ཡོད་ན་རང་གིས་ཤེས་ཚོད་དཔག་ཚོད་ཞུ་བསམ་པའི་བསམ་པ་དེ་འདྲ་ཡིན། དེ་ནས་ཐེག་པ་རིམ་པ་དགུ་ཡི་སྐོར་གསལ་པོ་གསལ་པོ་བཤད་མ་ཤེས་པ་འདྲ་འདུག་ན་ཁྱེད་མཁས་དབང་རྣམ་པས་རིམ་པས་རིམ་པས་བཞིན་དུ་རང་ལ་ཚུར་བཀའ་སློབ་ལམ་སྟོན་གསུངས་རོགས་གྱིས་དང་དེ་ལ་རང་གིས་ལན་གང་ཕོག་ཅིག་ཞུ་བསམ་པ་ཡང་ཡིན། ཚང་མ་བཀྲ་ཤིས་བདེ་ལེགས། ལྡོང་སྐལ་བཟང་གིས་ཡི་གེར་ཕབ། གཏམ་བཤད་དུས་ཚོད་སྤྱི་ལོ་༢༠༡༤ལོའི་ཟླ་བ་༩ཚེས་ལྔ་ཉིན། ཚེས་བདུན་ཉིན་སྒྲ་ལས་ཡི་གེར་ཕབ།

དྲི་བ་དང་དྲིས་ལན།

དྲི་བ་འདོན་མཁན། དགྲ་འདུལ་གཉེན་སྐྱོང་།

    དྲི་བ།   རྙིང་མའི་རྫོགས་ཆེན་དང་བོན་གྱི་རྫོགས་ཆེན་ལ་ཁྱད་པར་ཡོད་དམ།
ལན།  འོ་ལགས་སོ།། རྙིང་མའི་རྫོགས་ཆེན་དང་བོན་གྱི་རྫོགས་ཆེན་ཟེར་དུས་རྫོགས་པ་ཆེན་པོའི་ལྟ་བའི་སེམས་ཀྱི་གནས་ལུགས་ལ་བཤད་ཀྱི་ཡོད་རེད། སེམས་ཀྱི་གནས་ལུགས་ལ་བཤད་པ་ཡིན་ན་ཁྱད་པར་ཡོད་ཀྱི་མ་རེད། སེམས་ཀྱི་ཉམས་ལེན་བྱེད་རྒྱུ་ཡིན་དུས་ཁྱད་པར་ཡོད་མ་རེད་བསམ། རྫོགས་པ་ཆེན་པོའི་བཀའ་དེ་ལ་གསུང་མཁན་གྱི་ཁྱད་པར་ཡོད་ཀྱི་རེད། རྙིང་མ་བའི་རྫོགས་ཆེན་དེ་གུ་རུ་རིན་པོ་སོགས་ཀྱིས་གསུང་རེད་ཟེར་འདུག དེ་ནས་གཞན་གྱི་དཔེ་ཆ་མང་པོ་བལྟ་མྱོང་བས་ཡག་པོ་མི་ཤེས་ཀྱང་། འགའ་ཞིག་གིས་སྟོན་པ་ཤཀྱ་ཐུབ་པས་གསུངས་ཡོད་རེད་ཟེར། འགའ་ཤས་ཀྱིས་གསུངས་ཡོད་མ་རེད་ཟེར་དེ་ནི་རང་ལ་རྒྱུས་ཡག་པོ་མེད། བོན་པོའི་རྫོགས་ཆེན་ནི་གསུངས་མཁན་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཁོང་ཉིད་རེད། དེ་ནས་གསུང་བའི་དུས་ཚོད་ལ་སྔ་ཕྱིའི་ཁྱད་པར་དང་གསུངས་མཁན་གྱི་ཁྱད་པར་ཡོད་ཀྱི་རེད། རྫོགས་པ་ཆེན་པོ་ཁོ་རང་གི་ངོས་ནས་ཁྱད་པར་ཡོད་ཀྱི་མ་རེད། རྙིང་མའི་རྫོགས་ཆེན་ཡིན་ན་བོན་པོའི་རྫོགས་ཆེན་ཡིན་ན་སེམས་ཀྱི་ཉམས་ལེན་བྱས་ནས་འཇའ་ལུས་འོད་སྐུར་གཤེགས་པའི་རྣམ་ཐར་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད་ས་རེད། དེ་ཡིན་དུས་རྫོགས་པ་ཆེན་པོ་ཁོ་རང་ལ་ཁྱད་པར་ཡོད་ཀྱི་མ་རེད་བསམ་ཡོད། ཐུགས་རྗེ་ཆེ།
དྲི་བ། འདོན་མཁན་ཀརྨ་ལེགས་པའི་བློ་གྲོས།
འོ་ལགས་སོ་ང་རང་ནམ་རྒྱུན་གྱི་དོགས་པ་ཆེ་ཤོས། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་སྲིད་ཅེས་པ་ལྟར། སྟོན་པ་ཤཀྱ་ཐུབ་པའི་རིང་ལུགས་པ་ཞིག་ཡིན་ན་ཤཀྱ་ཐུབ་པ་མ་ཡིན་པ་ཞིག་སྐྱབས་གནས་ཡང་དག་ཏུ་ཁས་བླངས་པ་ཡིན་ན། སྟོན་པ་ཤཀྱ་ཐུབ་པའི་རྗེས་འཇུག་མ་ཡིན་པ་ལྟ་བུ་ཆགས་འགྲོ་ཡོད་རེད། བོན་རྣམས་ཀྱིས་ནང་པ་སངས་རྒྱས་གང་འདྲ་ཞིག་ཁས་ལེན་གྱི་ཡོད་རེད། དཀོན་མཆོག་གསུམ་ཁས་ལེན་མི་ལེན་གྱི་འཇོག་དགོས་རེད། སངས་རྒྱས་དཀོན་མཆོག་དེ། ནང་པ་སངས་རྒྱས་པར་སངས་རྒྱས་དཀོན་མཆོག་སྟོན་པ་ཤཀྱ་ཐུབ་པ་ལས་ཡོད་མདོག་ཁ་པོ་མ་རེད། དེ་ཡིན་དུས་བསྟན་པ་གཅིག་ལ་སྟོན་པ་གཉིས་ཟེར་གྱི་ཡོད་རེད་དེའི་ཐོག་ནས་དགོངས་ཚུལ་ཞིག་གསུངས་རོགས།
ལན།
འོ་དྲི་བ་དཔེ་ཡག་པོ་འདུག དེང་སངས་འདིའི་སྐོར་སྤྱི་ཚོགས་ཐོག་ཏུ་དྲི་བ་མང་པོ་ཡོང་གི་འདུག རང་ཡིན་ན་སྔོན་མ་ཁམས་བྲག་འགོ་དགེ་འདུན་འཐུན་ཚོགས་ཀྱི་སྟེང་དུ་གཏམ་བཤད་སྤེལ་དུས་གསེར་རྟའི་མཁན་པོ་ཆོས་ཐོ་མཆོག་གིས་དྲི་བ་དེ་འདྲ་ཞིག་བཏང་སོང་། རེད་བདེན་པ་རེད། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་སྲིད་དུས། ནམ་རྒྱུན་ཡོངས་གྲགས་རེད། ང་ཚོ་བོན་པོས་གང་འདྲ་བཤད་ཀྱི་ཡོད་རེད་ཟེར་ན། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་ཆ་ནས་ནང་པ་སངས་རྒྱས་པ། ལྟ་བ་བཀའ་རྟགས་ཀྱི་ཕྱག་གྱ་བཞི་ཁས་ལེན་པའི་ཆ་ནས་ནང་པ་སངས་རྒྱས་པ། མཆོག་གསུམ་ནང་ནས་སངས་རྒྱས་དཀོན་མཆོག་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་གཅིག་ལ་ཁས་ལེན་གྱི་རེད། དེ་ཡིན་དུས་ང་ཚོ་ཡིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་སྐྱེས་བུ་ཁྱད་པར་ཅན་ཞིག་ཁས་ལེན་གྱི་ཡོད་རེད། ག་འདྲ་ཁས་ལེན་གྱི་ཡོད་རེད་ཟེར་ན། ང་ཚོའི་དཔེ་ཆ་ནང་ལ་གཙུག་ལག་སྲིད་པའི་བུ་བཞི་ཟེར་བ་ཞིག་ཡོད་རེད། དེ་ནང་ནས་ལྷ་ཡི་བུ་དམ་པ་རྟོག་དཀར་དེ་ཤཀྱ་ཐུབ་པའི་སྐུ་སྐྱེ་གོང་མ་ཞིག་ཡིན་པ་རེད། གཙུག་ལག་སྲིད་པའི་བུ་བཞི་དེ་འཛམ་བུ་གླིང་དུ་སེམས་ཅན་གྱི་དོན་དུ་འབྱོན་དགོས་རེད་གསུང་ནས་སྟོན་པ་གཤེན་རབ་ཀྱིས་ལུང་བསྟན་པ་དང་། ཤཀྱ་ཐུབ་པ་དེ་རྒྱ་གར་ཝ་ར་ན་ས་རུ།། རྒྱལ་པོ་ཤཀི་སྲས་སུ་འཁྲུངས་ནས་བདུད་ང་མེན་ཆོས་པོས་མུ་སྟེག་ཆོས་ལོག་གི་ཆོས་ཤིག་སྤྱོད་པ་ལ། དེ་ལ་ཡང་དག་ཆོས་ཞེས་བྱ་བ་ཞིག་སྤེལ་དགོས་གསུངས་ནས་རྒྱ་གར་དུ་བཏང་པ་རེད། ང་ཚོའི་སྟོན་པ་ཡི་རྣམ་ཐར་ནང་དུ་གསུངས་ཡོད་རེད། དེ་ཡིན་དུས་སྟོན་པ་ཤཀྱ་ཐུབ་པ་དེ་སྟོན་པ་གཤེན་རབ་ཀྱི་གསུང་གི་བསྟན་པའི་ཟུར་སྡོངས་ལ་བྱོན་ཡོང་པའི་སངས་རྒྱས་དཀོན་མཆོག་གམ་སྐྱེས་བུ་ཁྱད་པར་ཅན་ཞིག་ཏུ་ཁས་ལེན་གྱི་ཡོད་རེད། གཙོ་བོ་སྟོན་པ་གཅིག་ལ་བསྟན་པ་གཉིས་མི་འབྱུང་དུས། བསྐལ་ཆེན་གྱི་སྟོན་པ་ཟེར་ན་ཚེ་ལོ་བརྒྱ་བའི་སྟོན་པ་གཅིག་ཁས་ལེན་གྱི་ཡོད་རེད། དེ་སྟོན་པ་གཤེན་རབ་མི་བོ་ཁས་ལེན་ཞིང་དེའི་གསུང་གི་བསྟན་པའི་ཟུར་སྡོངས་སུ་སྟོན་པ་ཤཀྱ་ཐུབ་པ་སངས་རྒྱས་དཀོན་མཆོག་གྲལ་དུ་ཁས་ལེན་གྱི་ཡོད་རེད། དེས་གསུངས་ཡོང་བའི་བཀའ་དང་བསྟན་པ་གང་ཡིན་པ་ཐམས་ཅད་ལ་དད་པ་དག་སྣང་བྱེད་ཀྱི་ཡོད་རེད། སྟོན་པ་ཤཀྱ་ཐུབ་པ་སྡུག་པོ་ཞིག་རེད་ཟེར་དེ་སྔ་མཁས་པ་གང་གིས་གསུང་ཡོད་མ་རེད་ལ་ལབ་ཀྱི་མ་རེད་འཛིན་ཚུལ་དེ་འདྲ་རེད། བསྐལ་ཆེན་གྱི་སྟོན་པར་ཁས་ལེན་གྱི་ཨེ་རེད་ཟེར་ན་ལེན་གྱི་མ་རེད། བསྐལ་ཆེན་གྱི་བསྟན་པའི་ཟུར་སྡོངས་ལ་བྱོན་པ་ཞིག་ཁས་ལེན་གྱི་ཡོད་རེད། རང་གི་བསམ་ཚུལ་ལྟར་ཞུས་པ་ཡིན་ན། དཔེར་ན་དཀོན་མཆོག་གསུམ་ནང་ནས་སངས་རྒྱས་དཀོན་མཆོག་ཡིན་ན་བསྐལ་ཆེན་གྱི་སྟོན་པ་ཡིན་དགོས་པའི་ཁྱབ་པ་མི་འདུག་བསམ་གྱི་ཡོད། ཅི་རེད་ཟེར་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སྐྱེས་བུ་ཁྱད་པར་ཅན་ཞིག་མི་ཡིན་འདྲ་ལྷ་ཡིན་ན་འདྲ་གང་ལྟར་སྐྱེས་བུ་ཁྱད་པར་ཅན་དེ་དཀོན་མཆོག་གསུམ་ནང་ནས་སངས་རྒྱས་དཀོན་མཆོག་ཏུ་ཁས་ལེན་ཆོག་གི་འདུག་བསམ་ཡོད། དཀོན་མཆོག་གསུམ་ནང་ནས་སངས་རྒྱས་དཀོན་མཆོག་ཡིན་ན་ཚེ་ལོ་བརྒྱ་པ་འདི་ཡི་བསྐལ་ཆེན་གྱི་སྟོན་པ་ཡིན་པའི་ཁྱབ་པ་མེད་དུས་བསྐལ་ཆེན་གྱི་སྟོན་པ་དེ་སྟོན་པ་གཤེན་རབ་མི་བོ་ཁས་ལེན་ཞིང་། རྩོད་ལྡན་ཚེ་ལོ་བརྒྱ་པ་འདི་ཡི་ཁྱད་པར་ཕྱེས་པའི་བསྐལ་ཆེན་གྱི་སྟོན་པ་གཉིས་ཡོད་མ་རེད་བསམ། ཐུགས་རྗེ་ཆེ།

   དྲི་བ་འདོན་མཁན། ཀརྨ་ལེགས་པའི་བློ་གྲོས།
འོ་དཔེ་ཡག་པོ་གསུངས་སོང་། དེ་འདྲ་ཡིན་དུས་བོན་པོའི་ངོས་ནས་སྐྱབས་སུ་ཁས་ལེན་པའི་ཆ་ནས་བཞག་པ། དེ་འདྲ་གསུངས་ཀྱི་འདུག དེ་འདྲ་ཡིན་དུས་སྟོན་པ་ཤཀྱ་ཐུབ་པ་དེ་སློབ་མ་བཞི་ཡི་ནང་ནས་གཅིག་ཁས་ལེན་པའི་རྒྱུ་མཚན་གྱིས་སྐྱབས་སུ་འགྲོ་ཡི་ཡོད་རེད་ཟེར། དེ་འདྲ་ཡིན་ན་ཧིན་རྡུའི་ཆོས་ལུགས་ཀྱིས་སྟོན་པ་ཤཀྱ་ཐུབ་པ་དེ་ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ནང་ནས་གཅིག་ལ་ཁས་ལེན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཧིན་རྡུའི་ཆོས་ལུགས་དེ་ནང་བསྟན་སྐྱབས་སུ་ཁས་ལེན་པ་དེ་འདྲའི་ཆགས་འདུག་བསམ་གྱི་ཡོད།
ལན།
འོ་བདེན་པ་རེད། འཇུག་པ་ནང་ལ་དངོས་གནས་ཡོད་རེད། རྒྱ་གར་དང་བལ་ཡུལ་ཧིན་རྡུ་མུ་སྟེགས་པའི་ལྷ་ཁང་ཆེན་པོའི་ནང་དུ་དབང་ཕྱུག་གི་ལྷ་དང་ཧིན་རྡུའི་ལྷ་སྦྱར་པའི་ནང་དུ་བཅོམ་ལྡན་འདས་ཀྱི་སྐུ་པར་སྦྱར་ནས་འཇུག་པའི་གྲལ་དུ་གྲངས་ཀ་བརྩི་ནས་གོ་ཏམ་བྷུ་དྷ་ཟེར་ནས་ཁྱད་པར་ཅན་ཞིག་ཡིན་ཟེར་གྱི་འདུག་ཀྱང་། ཡིན་ནའང་ཁོ་ཚོས་དེའི་ནང་ལ་ཡིན་པ་ཙམ་ཞིག་ཁས་བླངས་པ་ལས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དགོངས་པ་གང་ཡོད་པ་དང་དེས་གང་གསུངས་ཡོད་པ་དང་། དེའི་ལམ་དང་འབྲས་བུ་ཡི་རྣམ་བཞག་གི་གང་འདྲ་བསྟན་ཡོད་པ་ཁོ་ཚོས་མ་ཤེས། ཡང་དག་པ་ཞིག་ཁས་ལེན་མ་ཐུབ་དུས་སྐྱབས་སུ་འགྲོ་སྟངས་མ་ཤེས་ཡིན་གྱི་རེད་བསམ་གྱི་ཡོད།
དྲི་བ་འདོན་མཁན་དགྲ་འདུལ་གཉེན་སྐྱོང་།
ཀུན་མཁྱེན་འཇམ་བཞད་ཀྱིས་གཤེན་རབ་རྗེས་འབྲང་དང་བཅས་པ་སངས་རྒྱས་པ་ལས་ཕྱི་རོལ་ཏུ་གྱུར་བ་ཡིན་ཡང་རྟགས་སྨྲ་དང་ཆད་སྨྲ་གང་རུང་ཡིན་མི་དགོས་པ་དང་། ནང་པ་ཡིན་ན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བ་བཞི་ཁས་ལེན་དགོས་ལ། བོན་རྣམས་ཀྱིས་མཐའ་མ་གཉིས་ཁས་མི་ལེན་པས་སངས་རྒྱས་པ་མ་ཡིན་པ་འདྲ་ཞིག་བཤད་འདུག ས་པཎ་དང་སྟག་ཚང་ལོ་ཙྭ་བ་གཉིས་ཀྱིས་ཀྱང་གྲུབ་མཐའ་ཕུང་གསུམ་པ་ཡིན་པ་བཤད་འདུག དགོངས་ཚུལ་གསུངས་རོགས།
ལན།
འོ་ལགས་སོ། །ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་སྟག་ཚང་ལོ་ཙྭ་བ་སོགས་ཀྱིས་དེ་འདྲ་གསུང་འདུག་ཟེར། དེ་ཁོ་ཚོའི་དཔེ་ཆ་ནང་ལ་འདུག ཕུང་གསུམ་པ་འགའ་ཤས་ཀྱིས་ནང་པ་མ་ཡིན་པའི་རྒྱུ་མཚན་ནི་སྟོན་པ་ཤཀྱ་ཐུབ་པ་བསྐལ་ཆེན་གྱི་སྟོན་པ་ཁས་ལེན་མ་ཐུབ་པས་དང་། ཡང་འགའ་ཤས་ཀྱིས་ཕྱི་པ་མ་ཡིན་ནང་པ་མ་ཡིན་པའི་ཕུང་གསུམ་པ་རེད་ཟེར་ནས་བཤད་མཁན་མང་པོ་འདུག རང་གིས་དེ་རྒྱུ་མཚན་གང་འདྲ་ཞིག་ཡིན་གྱི་རེད་བསམ་ཡོད་ཟེར་ན། སྔོན་མ་སྤྱི་ཚོགས་ལ་ཡར་རྒྱས་ཆེན་པོ་མེད་དུས་གཅིག་གིས་གཅིག་ལ་གཞུང་ལུགས་ཀྱི་ལྟ་རྒྱ་དང་མཐོང་རྒྱ་ཆུང་། ཕན་ཚུན་གྲུབ་མཐའ་བར་ཞིབ་འཇུག་དང་གཞུང་ལུགས་ལ་ལྟ་རྟོགས་སོགས། ཁོང་རྣམས་པས་བོན་པོའི་དཔེ་ཆ་དང་དང་ལོ་རྒྱུས་ལ་བལྟ་མ་མྱོང་བ་སོགས་ཀྱིས་དེ་ལྟར་ཆགས་ཡོད་ཀྱི་རེད་བསམ། དེང་སང་གི་དུས་ལ་འཛམ་བུ་གླིང་ཡར་རྒྱས་ཕྱིན་ཚར་དུས་ཕན་ཚུན་དཔེ་ཆ་སོགས་མཐོང་ཚར་དུས་གཅིག་གི་གཅིག་ལ་དོགས་པ་དང་ལྟ་སྤྱོད་ནོར་འདུག་བསམ་དགོས་པ་མི་འདུག དཔེར་ན་རང་ཚོགས་པ་མང་པོ་ལ་འགྲོ་མྱོང་མདོ་ཁམས་འཇང་དགུན་ཆོས་ཚོགས་སོགས་སུ་འགྲོ་ནས་གཅིག་གིས་གཅིག་ལ་དཔེ་ཆ་གོ་བརྡ་སྤྲོད་ནས་འདི་འདྲ་ཡོད་རེད་ཟེར་དུས། ཡིད་ཆེས་རྙེད་ནས་ཨོ་ཁྱེད་ཚོའི་དཔེ་ཆ་ནང་དངོས་གནས་འདི་འདྲ་ཡོད་ཟིག བོན་པོ་ཟེར་རྒྱུ་དེ་གཞུང་ལུགས་རྩ་བ་མེད་པ་ཞིག་བསམ་བློ་འདོན་གྱི་ཡོད་ཀྱང་། ཁྱེད་ཚོ་ལ་འདིའི་འདྲའི་གཞུང་ཕུན་སུམ་ཚོགས་པ་ཞིག་ཡོད་ཟིག་ཟེར་ནས་ཧ་ལས་མཁན་ཡོང་གི་འདུག དུས་རབས་ཀྱིས་རྐྱེན་པས་དཔེ་ཆ་དང་དེ་ལ་སོགས་པ་མ་མཇལ་བོན་པོའི་གཞུང་ལུགས་ལ་སོགས་པ་མ་མཐོང་བ་དང་། ཡང་འགའ་ཤས་ནི་བླ་མ་ཡིན་ཡང་གྲུབ་མཐའི་ཆགས་སྡང་དང་རང་གི་གྲུབ་མཐའ་ལ་མཆོག་འཛིན་གྱི་ཤུགས་ཧ་ཅང་ཆེ་བའི་དབང་གིས་གཞན་དག་ཡག་པོ་ཡོད་མ་རེད་ཟེར་བས། དེའི་རྗེས་འཇུག་འགའ་དེའི་དབང་དུ་ཤོར་ནས་དཔེ་ཆ་ལ་བལྟ་མི་དགོས་པར་སྡུག་པོ་རེད་ཟེར་ནས་སྤྱི་ཚོགས་སུ་ཁྱབ་བརྡལ་སོང་ནས་རྫུན་གྱི་རྗེས་སུ་བརྒྱུག་སོང་པ་ཡིན་གྱི་རེད་བསམ། མདོར་བསྡུས་ན་བོན་པོའི་བསྟན་པ་དང་བོན་པོའི་གཞུང་ལུགས་དང་བོན་པོའི་གྲུབ་མཐའ་སོགས་ལ་བལྟ་མ་མྱོང་པའི་དབང་གིས་ཁོང་རྣམས་པས་དགོངས་ཚུལ་དེ་འདྲ་ཤོར་སོང་ཡིན་གྱི་རེད་མ་གཏོགས། ཁོང་རྣམས་པས་བོན་པོའི་གཞུང་ལུགས་ལ་ཡང་དག་པ་ཞིག་འགོ་ནས་མཇུག་བར་བལྟ་རྒྱུ་རག་ཅིང་བལྟས་པ་ཡིན་ན་ཁོང་རྣམས་པ་རིག་པ་ཁྱད་པར་ཅན་ཞིག་ཡིན་དུས་དེ་འདྲ་གསུང་གི་བསམ་བསམ་མ་རེད་དཔེ་ཆ་མཇལ་མ་ཐུབ་པའི་སྐྱོན་ཡིན་གྱི་རེད་བསམ།
དྲི་བ་འདོན་མཁན། གངས་ཅན་གུ་དྲག
བོན་ཞེས་པའི་མིང་དེ་ཇི་ལྟར་བྱུང་བ་དང་གཤེན་རབ་མི་བོ་ཆེ་ཞེས་པ་ཅི་འདྲ་རེད།
ལན།
བོན་ཞེས་པའི་ཐ་སྙད་དེ་དུས་རབས་འདི་ལ་བྱུང་ཟེར་ན་གསལ་པོ་གས་བཤད་ཤེས་ཀྱི་མེད་ཀྱང་། བོན་ཞེས་པའི་སྒྲ་དེ་འཇུག་ཚུལ་ལ་བསམ་བློ་བཏང་ན་ཤེས་བྱ་སྤྱི་ལ་འཇུག་པ་དང་། བཤད་པ་དང་བཟླས་པ་ལ་འཇུག་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་སོགས། ཡང་མཁས་པ་འགའ་ཤས་ཀྱིས་སྔོན་མ་བོད་ཡུལ་ལ་བོན་ཡུལ་ཟེར་ཡང་རྗེས་མ་སྒྲ་འགྱུར་བར་བཞེད་མཁན་ཡང་འདུག སྟོན་པ་གཤེན་རབ་མི་བོ་དེ་སྤྱིར་བཏང་གཤེན་ཞེས་པ་སྐྱོབས་པ་དང་མགོན་པའི་དོན་ལ་གཤེན་ཞེས་པ་དེ་འཇུག་ནས་རྩོད་ལྡན་ཚེ་ལོ་བརྒྱ་པའི་མགོན་པོ་ཡིན་པས་མགོན་པ་དང་སྐྱོབས་པའི་དོན་ལ་འཇུག་ན་འགྲིག་ས་འདུག་སྙམ་ཡོད།
དྲི་བ་འདོན་མཁན། སྒ་ལྷུན་པོ།
བོན་ལུགས་ལ་སངས་རྒྱས་ཀྱི་ངེས་དོན་ཇི་ལྟར་ལགས།
ལན།
སངས་རྒྱས་ཟེར་ཡ་དེ་གང་འདྲ་ངོས་འཛིན་རེད་ཟེར་ན། སྤྱིར་བཏང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་པའི་ཆ་ནས་སངས་རྒྱས་ཟེར་རེད། དེ་ནང་ནས་བོན་རྫོགས་སྤྲུལ་གསུམ་ཟེར། བོན་སྐུ། རྫོགས་སྐུ། སྤྲུལ་སྐུ། བོན་སྐུ་དེ་ལ་ངོ་བོ་ཉིད་ཀྱི་སྐུ་ཉོན་མོངས་པའི་སྒྲིབ་པ་ཤེས་བྱའི་སྒྲིབ་པ་གཉིས་སད་ནས་བྲལ་ཚར་བའི་གནས་ལུགས་དེ་ལ་བོན་སྐུ། ཡང་དེའི་ཤེས་བྱ་འཁོར་འདས་ཐམས་ཅད་མངོན་སུམ་རྗེན་གཅེར་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་བོན་སྐུ་ཟེར། རྫོགས་སྐུ་ནི་གདུལ་བྱ་ལས་དག་པ་ལ་བཀའ་འཁོར་སྐོར་མཁན་དེ་ལ་རྫོགས་སྐུ་ཟེར། སྤྲུལ་སྐུ་ནི་རིགས་དྲུག་ལ་ལྟོས་ཏེ་འདུལ་བ་གཤེན་དྲུག་ལྟ་བུ། སེམས་ཅན་ལ་ལྟོས་ཏེ་གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་སྟོན་ཏེ་རང་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བྲལ་བའི་ཐོག་ནས་སེམས་ཅན་གྱི་སྔུག་བསྔལ་ལས་སྐྱོབས་མཁན་ལ་སྤྲུལ་སྐུ་ཟེར།
དྲི་བ་འདོན་མཁན། ཕུར་འཕྲིན།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབ་ཅེས་པའི་སྐབས་ཀྱི་བོན་དང་སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པའི་བོན་གཉིས་ལ་ཁྱད་པར་གང་འདྲ་ཞིག་ཡོད་རེད་ལགས།
ལན།
འོ་ལགས་སོ། །ད་གདོན་གཟུགས་བོན་གྱི་བསྟན་པ་སྣུབ་ཅེས་པ་དེ་དང་སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པ་གཉིས་ཁྱད་པར་ག་རེ་ཡོད་རེད་གསུངས་འདུག དེ་དབྱེ་བ་ཡོད་ཀྱི་རེད། སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པའི་བོན་དེ་གཡུང་དྲུང་གི་བོན་དེ་རེད་གོང་དུ་ཞུས་པ་ཡིན། སྟོན་པ་གཤེན་རབ་ཁོང་གིས་འདི་ལྟར་གསུངས་ཡོད་རེད། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་ནས།། གཅིག་གསོད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ།། དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་།། སེམས་ཅན་ལ་འཚེ་བ་དང་གནོད་འཚེ་བྱས་ན་འགྲིག་གི་ཡོད་མ་རེད་གསུངས་ཡོད་རེད། དེ་སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པའི་གཡུང་དྲུང་གི་བོན་རེད། གདོན་གཟུགས་ཀྱི་བོན་དེ་ནི་བོན་ཞེས་པ་ཤེས་བྱ་ཡོད་པ་སྤྱི་ལ་འཇུག་ཐུབ་དུས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་འཚེ་བྱེད་མཁན་གྱི་བདུད་དང་དེ་འདྲ་ཞིག་ལ་ངོས་འཛིན་དགོས་ཡོད་ཀྱི་རེད། སངས་རྒྱས་ཀྱི་བསྟན་པ་ལ་གནོད་འཚེ་བྱེད་མཁན་ཡིན་ན་བོན་ཡིན་ན་འདྲ། བན་ཡིན་ན་འདྲ་མི་མཐུན་ཕྱོགས་ལ་འཇོག་རེད་མ་གཏོགས་སངས་རྒྱས་བསྟན་པའི་མཐུན་ཕྱོགས་ལ་འཇོག་གི་ཡོད་མ་རེད་གདོན་གཟུགས་ཡིན་ཚར་དུས།
དྲི་བ་འདོན་མཁན། ཀརྨ་ལེགས་པའི་བློ་གྲོས།
ང་འདི་ནས་དྲི་བ་ཞིག་འདུག བན་དེ་ཡིས་ཆོས་ཞེས་པ་དང་བོན་པོས་བོན་ཞེས་པ་གཉིས་ཐ་སྙད་འཇོག་སྟངས་གཅིག་པ་རེད་འདུག བན་དེས་ཆོས་ཟེར་བ་ལ་བོན་པོས་ཁ་བསྒྱུར་ནས་བོན་ཟེར་བ་དང་། ཡང་ན་བོན་ཟེར་བ་ལ་བན་དེས་ཆོས་ཟེར་ནས་ཁ་བསྒྱུར་བ་རེད། ཐ་སྙད་དེ་ཕར་བརྐུས་པ་དང་ཡང་ན་ཚུར་བརྐུས་པ་རེད། དེ་བརྒྱ་ཆ་བརྒྱ་གནད་འགག་ཅིག་འདུག་སྙམ། དགོངས་ཚུལ་ཞིག་གསུངས་རོགས།
ལན།
ལགས་སོ།། བོན་ཟེར་ན་ཆོས་ཟེར་ན་བསྟན་པ་ཡི་ཐོག་ནས་འཇུག་སྟངས་དེ་གཅིག་པ་རེད་འདུག ཡིན་ན་འདི་ཕར་ཚུར་སུས་བརྐུས་སུས་བསྒྱུར་ཟེར་ན་གས་བཤད་ཤེས་ཀྱི་མེད། བོན་པོ་ཡི་བོན་ཞེས་པའི་ཐ་སྙད་དེ་ནི་གཡུང་དྲུང་གི་བོན་འདི་སྟོན་པ་གཤེན་རབ་ཀྱིས་སྲོལ་བཏོད་ནས་གསུངས་བའི་དཔེ་ཆ་ནང་དུ་ཡོད་བསྡད་པ་རེད། ཆོས་ཟེར་བ་ནི་ཤཀྱ་ཐུབ་པས་ཆོས་གསུངས་ནས་དེའི་ནང་ཡོད་བསྡད་པ་ཡིན་ས་རེད། དེའི་གསུང་མཁན་དང་གསུང་བའི་དུས་རབས་ཀྱི་སྔ་ཕྱི་མ་གཏོགས། ཕར་ཚུར་སུས་བརྐུས་སུས་བཤུས་གས་ཞུ་ཤེས་མ་སོང་།
དྲི་བ་འདོན་མཁན། ཕུར་འཕྲིན།
བཀའ་དྲིན་ཆེ་ཡག་པོ་གསུངས་སོང་། དེ་ནས་བོན་དེ་ནང་པ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ལྟ་བུ་ཞིག་གསུངས་ཡོད་པ་འདུག དེ་ཁྱེད་ཀྱིས་དེ་སྔོན་བྱོན་རྣམས་ཀྱིས་བོན་གྱི་ལྟ་གྲུབ་ཡང་དག་དེ་གཞན་གྱིས་མ་མཐོང་བའི་སྐྱོན་རེད་གསུངས་སོང་། དེ་ཡིན་དུས་སྔོན་མ་ས་སྐྱ་རྙིང་མ་དགེ་ལུགས་བཀའ་རྒྱུད་སུ་དང་སུ་ཡིན་ན་བོན་དེ་ནང་པ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ལྟ་བུ་ཞིག་རེད་ཡོད་རེད། ཕལ་ཆེར་ཡོངས་སུ་གྲགས་པ་རེད། དེ་ནས་དེ་ནང་བཞིན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་མང་པོ་ཞིག་སྣུབ་རེད་ཟེར་འདུག དེའི་སྐབས་སུ་སྣུབ་པ་དེ་སྟོན་པ་གཤེན་རབ་ནས་བརྒྱུད་པ་དེ་མ་རེད་གསུངས་ཀྱི་འདུག དེ་འདྲའི་རེད་དམ་ཡང་ན་བོན་དཀར་དང་བོན་ནག་གཉིས་སུ་བཤད་ཀྱི་འདུག ད་ལྟ་ཡོད་པ་དེ་བོན་དཀར་ཆགས་ཡོད་རེད་དམ། བོན་པོ་ལ་ལ་གིས་སློབ་དཔོན་པདྨ་འབྱུང་གནས་དེ་བདུད་ཀྱི་སྤྲུལ་བ་རེད། སངས་རྒྱས་མ་རེད། དེས་ཕྱིན་ཅི་ལོག་པ་བཤད་འདུག་རེད། དེ་མ་གཏོགས་བོད་ལ་ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ཡོད་པའི་བོན་ཆོས་ཡོད་རེད་ཟེར་མང་པོ་བཤད་འདུག དེ་གང་འདྲ་ཡིན་མིན་ཁྱེད་ཀྱིས་གསུངས་རོགས།
ལན།
ལགས་སོ།། ངས་གོང་དུ་མཁས་པ་མང་པོ་ཞིག་གིས་དེ་སྔ་བོན་པོའི་གཞུང་ལུགས་ལ་མཐོང་མ་མྱོང་བའི་སྐྱོན་ཡིན་གྱི་རེད་ཟེར་ཞུས་པ་ཡིན། རང་གིས་བསམ་ཚུལ་ཡང་དེ་འདྲ་ཡིན། རྒྱུ་མཚན་ག་འདྲ་ཡིན་ཟེར་ན། དེང་སང་དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་དཔེ་ཆ་ཕན་ཚུན་མཐོང་། དེ་ལ་ལྟ་རྟོགས་བྱེད་པའི་ལུགས་སྲོལ་བཟང་པོ་སོང་ཚར་དུས། དཔེར་ན་རྙིང་མ་བའི་མཁན་པོ་ཆོས་རྒྱལ་ནམ་མཁའི་ནོར་བུ་ཁོང་རིག་གིས་གསུངས་པའི་ལོ་རྒྱུས་ནང་ལ་འདུག ཉེ་ཆར་ཨ་རི་ནས་གསར་འགོད་པས་བཅར་འདྲི་བྱས་དུས་གསལ་པོར་གསུངས་སོང་། ལོ་རྒྱུས་དཔེ་གསལ་པོ་གསུངས་འདུག བོན་པོའི་ལོ་རྒྱུས་ཡང་དག་པ་ཞིག་བཤད་ཀྱི་འདུག དེའི་རྒྱུ་མཚན་བོན་པོའི་གཞུང་ལུགས་དང་ལོ་རྒྱུས་ལ་ལྟ་རྟོགས་བྱས་ནས་ཁོང་ཆོས་ལུགས་རྙིང་མ་ཡིན་ཡང་བོན་པོའི་ལོ་རྒྱུས་དང་གཞུང་ལུགས་ལ་ལྟ་རྟོགས་བྱས་ནས་ངེས་ཤེས་རྙེད་ནས་ལོ་རྒྱུས་གསལ་པོ་གསུངས་འདུག་ཁྱེད་རྣམས་པས་གོ་ཡོད་ཀྱི་རེད།
རྒྱུ་མཚན་དེ་ལ་བརྟེན་ནས་སྔོན་མ་མཁས་པ་འགའ་ཤས་ཀྱིས་ཁུངས་ཡོད་མ་རེད་བཤད་བཞག་པ་འགའ་རེས་དེའི་རྗེས་ལ་འཇུག་ནས་བཤད་བཞག་པ་མ་གཏོགས་ལོ་རྒྱུས་མཐིལ་མ་ལོན་པ་ཡིན་པའི་རྒྱུ་མཚན་དེ་འདྲ་ཞིག་ཡིན། དེ་ནས་བོད་རིགས་ཟེར་བ་དེ་ཨ་གསར་ཤུགས་ཆེན་པོ་ཆགས་ཚར་རེད། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ལ་ཆོས་རྒྱུད་ཆེན་པོ་བཞི་བཤད་ཀྱི་འདུག དེ་རིམ་པས་རིམ་པ་བརྒྱུད་ཡོང་དུས་མཐའ་མ་རྒྱ་ཆེ་ཤོས་དེ་གཞུག་མ་དགེ་ལྡན་པ་ཆགས་ཡོད་རེད། དེ་གསར་པ་ལ་དགའ་རྙིང་པ་ལ་མི་དགའ་པའི་བསམ་བློའི་འདུ་ཤེས་དེ་འདྲ་ཡིན་དུས་དེའི་རྒྱུ་མཚན་གྱིས་དེ་འདྲ་ཆགས་པ་ཡིན་གྱི་རེད། དེ་ནས་བོན་དཀར་དང་བོན་ནག་གཉིས་ཡོངས་སུ་གྲགས་པ་ཡོད་རེད་གསུངས་སོང་། འཇིག་རྟེན་ཡོངས་སུ་གྲགས་པ་ཞིག་ཅི་ཡིན་རྒྱུ་མ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན་བོན་དཀར་བོན་ནག་ཟེར་ན་ཆོས་ལུགས་ཆགས་སྡང་གིས་གཞན་གྱིས་བཟོས་པ་རེད་མ་གཏོགས། བོན་པོའི་ཆོས་ལུགས་རང་ངོས་ནས་འདི་དཀར་པོ་དང་འདི་ནག་པོ་ཟེར་ནས་གས་བཤད་ཀྱི་ཡོད་མ་རེད། ཚང་མ་སྟོན་པ་གཤེན་རབ་མི་བོའི་རྗེས་སུ་འཛིན་པའི་ནང་པ་སངས་རྒྱས་པ་རེད། འདི་ཡག་དང་འདི་སྡུག་ཟེར་ཡོད་མ་རེད། ཆགས་སྡང་གིས་བཟོས་པ་རེད་མ་གཏོགས་འགའ་ཤས་ཀྱིས་པདྨ་འབྱུང་གནས་ལ་སྐྱབས་སུ་འགྲོ་ཡི་མི་འདུག་འདི་བོན་ནག་རེད། འདིས་སྐྱབས་སུ་འགྲོ་ཡི་འདུག་བོན་དཀར་རེད་ལྟ་བུ་བཤད་པ་རེད། དེ་ལ་རིགས་པ་ཞིག་བཏང་ན་བན་དེ་ལ་དཀར་པོ་ནག་པོ་གཉིས་སུ་བཤད་ཆོག་འདུག འདིས་སྟོན་པ་གཤེན་རབ་མི་བོ་ལ་སྐྱབས་སུ་འགྲོ་ཡི་འདུག འདི་བན་དཀར་རེད། འདིས་སྐྱབས་སུ་འགྲོ་ཡི་མི་འདུག་བན་ནག་རེད་ལྟ་བུ་བཤད་ན་རྒྱུ་མཚན་མི་འདུག་བ། དེ་ལྟ་བུའི་ཐོག་ནས་བཤད་པ་རེད་མ་གཏོགས་རྒྱུ་མཚན་ཡང་དག་པའི་ངོས་ནས་བཤད་བཞག་པ་གས་མི་འདུག་དྲན། སྟོན་པ་གཤེན་རབ་མི་བོའི་རྗེས་འཇུག་བོན་པོ་ཚང་མ་གཅིག་པ་གཅིག་རྐྱང་རེད།
དྲི་བ་འདོན་མཁན། ཨ་ཉོག
སྟོན་པ་གཤེན་རབ་མི་བོ་ཆེ་དུས་རབས་ག་དུས་བྱོན་པ་དང་། ཆོས་འཁོར་ག་འདྲའི་བསྐོར་ཡོད་པ་དང་། དེ་དུས་བརྡ་སྤྲོད་ཀྱི་གཞུང་ལུགས་ག་འདྲ་ལ་བརྟེན་ཞིང་། བཀའ་བསྡུ་རིམ་པ་ག་འདྲའི་བྱས་ཡོད་མེད་དང་དེ་ནས་བླ་མ་རིམ་པ་ག་འདྲ་བརྒྱུད་པ་དེའི་སྐོར་རོབ་ཙམ་གསུངས་རོགས། བརྡ་སྤྲོད་དང་བོད་ཡིག་ག་འདྲའི་ཐོག་ནས་བཀའ་བསྡུ་བྱས་ཤིང་དེ་ད་ལྟ་དངོས་སུ་ཡོད་མེད་སྐོར་དང་། བརྡ་སྤྲོད་དེ་ཐོན་མི་ས་བྷོ་ཏྲ་གོང་གི་འགྲོ་སྟངས་དང་ཚིག་སྦྱོར་ཡོད་པ་དང་། ཡང་ན་ད་ལྟའི་ཐོན་མི་སམ་བྷོ་ཏྲའི་ཚུན་ཆད་ཀྱི་འགྲོ་སྟངས་ལྟར་ཡོད་མེད་སོགས་དང་། དེ་ནས་བོན་པོའི་ཆོས་ལུགས་ངོས་ནས་ཚུལ་གོས་རྣམ་གསུམ་གྲྭ་ཆས་དེ་རྒྱ་གར་གྱི་ལུག་སྲོལ་མིན་འགྲོ་བསམ་བསམ་ཞིག་འདུག ཡང་ན་བོན་པོ་རང་གི་ན་བཟའ་མཆོད་སྟངས་ཡིན་ནམ་མིན་སོགས་དེའི་ཐོག་ནས་དགོངས་ཚུལ་ཞིག་གསུངས་རོགས། བོན་དཀར་དང་བོན་ནག་གཉིས་མེད་གསུངས་སོང་། རྡོལ་བོན་དང་གཡུང་དྲུང་བོན་གཉིས་ལ་དེའི་ཐ་སྙད་དེ་འཇུག་གི་ཡོད་དམ་མེད་དེའི་ཐོག་ནས་གཅིག་གསུངས་རོགས་གྱིས།
ལན།
སྟོན་པ་གཤེན་རབ་མི་བོ་དུས་རབས་ག་དུས་བྱོན་རེད་བཀའ་འཁོར་གང་འདྲ་བསྐོར་རེད་གསུངས་སོང་། སྟོན་པ་གཤེན་རབ་མི་བོ་འཛམ་གླིང་འོལ་མོ་ལུང་རིང་དུ་སྐྱེ་བ་བཞེས་ན་མི་ལོ་གཅིག་ཁྲི་བརྒྱད་སྟོང་བརྒྱ་མེད་སུམ་ཅུ་སོ་གཅིག་འགྲོ་ཡི་ཡོད་རེད། བཀའ་འཁོར་རྣམ་པ་གསུམ་ཐོག་མཐའ་བར་གསུམ་དུ་བསྐོར་ཡོད་རེད། བཀའ་འཁོར་དང་པོ་ལ་ཀུན་རྫོབ་བདེན་པ་གཙོ་བོ་སྟོན་པའི་བཀའ་འཁོར་དང་། གཉིས་པ་ལ་བདེན་གཉིས་ཟུང་འབྲེལ་གཙོ་བོར་སྟོན་པའི་བཀའ་འཁོར་དང་། གསུམ་པར་དོན་དམ་བདེན་པ་གཙོ་བོར་སྟོན་པའི་བཀའ་འཁོར་བཅས་རྣམས་པ་གསུམ། མཛད་པ་བཅུ་གཉིས་ཡོད་རེད། དེ་ནས་ཡི་གེའི་སྐོར་ནས་ཞུས་པ་ཡིན་ན་བརྡ་སྤྲོད་སྔོན་མ་ནས་འདི་འདྲ་ཞིག་བྱུང་འདུག་ཟེར་ནས་ལོ་རྒྱུས་རྒྱས་པ་གས་བཤད་ཤེས་ཀྱི་མེད། བོད་ཀྱི་ཡི་གེ་ལ་བསམ་བློ་བཏང་པ་ཡིན་ན་བོད་ཡིག་ཞང་ཞུང་ཡི་གེ་ལས་མར་རིམ་པ་བཞིན་དུ་བྱུང་ཚུལ་མཁས་པ་མང་པོ་ཞིག་གིས་བཤད་པ་དང་། དེང་སང་གནའ་རྫས་ཞིབ་འཇུག་བྱས་ནས་མང་པོ་ཞིག་གིས་ལོ་སུམ་སྟོང་གོང་ལ་འདུག་གསུངས་བཞིན་པ་རེད། བོན་དཀར་དང་བོན་ནག་ལ་ཁྱད་པར་མེད་ན་རྡོལ་བོན་ཞེས་པ་དེ་གང་འདྲ་རེད་གསུངས་སོང་། རྡོལ་བོན་ཞེས་པ་དེ་རྗེས་མ་ཆགས་སྡང་གིས་བཟོས་པ་ཞིག་རེད་མ་གཏོགས་རྡོལ་འཁྱལ་བསྒྱུར་གསུམ་ཞེས་པ་བོན་པོའི་གཞུང་ལུགས་བཀའ་འགྱུར་ནང་ལ་ཡོད་མ་རེད་ལ་བསྟན་འགྱུར་ནང་ལ་ཡོད་མ་རེད། དེ་ནས་ཚུལ་གོས་རྣམ་གསུམ་ཟེར་གཅིག་གསུངས་སོང་། སྟོན་པ་ཤཀྱ་ཐུབ་པ་རབ་ཏུ་བྱུང་བའི་རྗེས་ལ་ཚུལ་གོས་རྣམ་གསུང་ཟེར་བ་གཅིག་གསོལ་ཡོད་ས་རེད། ང་ཚོ་བོན་པོ་ལ་ཚུལ་གོས་རྣམ་གསུམ་ཟེར་ཡོད་མ་རེད། སྟོན་པ་གཤེན་རབ་མི་བོ་རབ་ཏུ་བྱུང་བའི་རྗེས་ལ་ན་བཟའ་པད་ལོ་རིས་དྲུག་ཟེར། པད་ལོ་རིས་དྲུག་དེ། སྟོད་འགའ་དང་། ཤམ་ཐབས། པད་ཞུ། པད་ལྷམ་སོགས་དྲུག་འདུལ་བའི་སྡེ་ལ་རྣམ་བཞག་ཆ་ཚང་ཞིག་ཡོད་རེད། བཟོ་སྟངས་སོགས་ཚང་མ་ཁོང་གི་བཀའ་ནང་ལ་འདུག པད་ལོ་རིས་དྲུག་ལས་ཚུལ་གོས་རྣམ་གསུམ་ཟེར་བ་མེད། ཚུལ་གོས་རྣམ་གསུམ་དེ་ཤཀྱ་ཐུབ་པའི་རྗེས་འཛིན་གྱིས་གྱོན་སྟངས་ཤིག་ཡིན་ས་རེད་བོན་པོ་ལ་མེད། དེང་སང་བོད་ལ་ཡོངས་སུ་གྲགས་པའི་གྲ་ཆས་བོན་པོ་ཡིན་ན་བན་དེ་ཡིན་ན་ཚང་མ་ཡོངས་རྫོགས་པས་གྱོན་ཡོད་པ་འདིའི་བཟོ་སྟངས་ཆ་ཚང་པ་ཞིག་སྟོན་པ་ཁོང་གི་རྣམ་ཐར་ནང་ལ་འདུག
སྟོན་པ་གཤེན་རབ་ཀྱིས་གཞུང་ལུགས་དེ་ཡི་གེ་ག་རེའི་ཐོག་ནས་གསུངས་རེད་ཟེར་འདུག ཡི་གེ་དེ་ཞང་ཞུང་གི་ཡི་གེ་སྤུངས་སོ་ཟེར་བ་དེའི་ཐོག་ནས་གསུངས་འདུག་དེ་ནས་མར་རིམ་བཞིན་སྨར་ཆེ་ཆུང་དང་བོད་ཡིག་ཐོག་ལ་སླེབས་འདུག
དེ་ནས་བཀའ་བསྡུའི་སྐོར་ནས་རིམ་པ་བཅུ་གསུམ་འདུག བསྡུ་བ་པོ། དང་པོ་མདོ་སྡེ་འ་ཞ་གསང་བ། འབུམ་སྡེ་རྨ་ལོ། གཟུང་སྡེ་གཡུ་ལོ། འདུལ་བ་གཙུག་གཤེན་རྒྱལ་བ། གཏོ་རིགས་གཏོ་བུ་འབུམ་སངས། སྨན་དཔྱད་བུ་ཁྲི་ཤེས། ཨ་དཀར་རྒྱུད་འདྲེན་སྒྲོན་མ། ཆབ་ནག་བོན་མོ་དཔྱད་སྐོར་ཀོང་ཚ། རྩིས་ཀོང་རྩེ་འཕྲུལ་རྒྱལ། དེའི་ཐོག་ན་གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་དང་ཚང་པ་གཙུག་ཕུད་བཅས་བཅུ་གསུམ་རེད་འདུག
བཀའ་ཡི་དབང་དུ་བྱས་ན་ལྷོ་གཏེར་དང་བྱང་གཏེར་སོགས་གཏེར་ཁ་མང་པོ་འདུག རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ནི་སྟོན་པ་ཀུན་ཏུ་བཟང་པོ་ནས་དགོངས་རྒྱུད་སྟོན་པ་དགུ་སོགས་འཇའ་ལུས་འཕོ་ཆེན་ཉེར་བཞི་བཅས་བརྒྱུད་ནས་སྤྲུལ་སྐུ་དྲིན་ཆེན་གཉིས་ཏ་པི་ཧྲི་ཙ་དང་སྣང་བཞེར་ལོད་པོ་གཉིས་ཀྱིས་ཡིག་ཐོག་ཏུ་ཕབ་པ་དེ་འདྲའི་ཡང་ཡོད་རེད།
དྲི་བ་འདོན་མཁན། རྫི་བོ།
སྟོན་པ་གཤེན་རབ་གང་དུ་འཁྲུངས་པ་རེད། གོང་དུ་གསུངས་པའི་ཡི་གེ་དག་ད་ལྟ་ཡོད་དམ།
ལན།
སྟོན་པ་གཤེན་རབ་འོལ་མོ་ལུང་རིང་དུ་འཁྲུངས་པ་རེད། ཡི་གེ་སྤུངས་སོ་ནི་སྤ་ལ་ཕུག་དགོན་དུ་དཔའ་བོ་འབྲུ་ལྔ་ཞིག་འདུག དེ་ནས་པོ་ཏི་རུ་བྲིས་པ་ནི་མཐོང་མ་སོང་དུས་རབས་ཀྱི་དབང་གིས་འགྱུར་བ་སོང་ཡོད་ས་རེད།
དྲི་བ་འདོན་མཁན། ངག་གི་དབང་ཕྱུག
གཤེན་རབ་འདས་ལོ་དེ་སྤྱི་ལོའི་གོང་གི་༡༦༠༡༧ཡིན་ཟེར་བ་ལྟར་ན་ད་ཆར་སྤྱི་ལོ་༢༠༡༤ལོ་ཡིན། དེས་ན་དེ་གཉིས་བསྡོམས་ན་ལོ་༡༨༠༣༡ཡིན་པས། བོན་གྱི་ལོ་རྒྱུས་ཀུན་ལས་གཤེན་རབ་མི་བོ་ཆེ་ནི་ཚེ་ལོ་མར་འགྲོས་བརྒྱ་པའི་སྐབས་སུ་བྱོན་ཟེར། འོ་ན་ཡ་ཐོག་རིང་མོ་དང་མར་ཐོག་རིང་མོ་གཉིས་ལ་ལོ་ཉིས་བརྒྱ་རེའི་མཚམས་སུ་ལོ་རེ་འཕེལ་གྲིབ་བྱེད་པ་དང་། བར་གྱི་ཁུག་པ་བཅོ་བརྒྱད་ལ་ལོ་བརྒྱ་རེའི་མཚམས་ནས་འཕེལ་གྲིབ་བྱེད་པ་སྲིད་པ་བོན་གྱི་མཛོད་ཕུག་རྩ་འགྲེལ་གྱི་དགོངས་པ་ཡིན་པས་དེང་སང་མར་ཐོག་རིང་མོའི་ཚེ་ལོ་བཅུ་པ་སླེབས་བཞིན་པ་ཡིན་པར་ཐལ།
ལོ་༡༨༠༣༡དེ་ལོ་༢༠༠ལ་བགོས་ན་ལོ་༩༠དང་ཚེག་༡༥༥འབབ་པའི་ཕྱིར། འདོད་ན་ཚེ་ལོ་བརྒྱ་པ་ནས་ཚེ་ལོ་དགུ་བཅུ་འཐེན་ན་ཚེ་ལོ་བཅུ་མ་གཏོགས་མི་ལྷག་པས་དེང་སང་མི་རྣམས་ཚེ་ལོ་བཅུ་པ་ཡིན་དགོས་པས་མངོན་སུམ་དང་འགལ་ལོ་ཟེར་ན་ཉིད་ཀྱིས་ལན་གང་འདེབས།
ལན།
འདི་ན་མཁས་པའི་དབང་པོ་ངག་གི་དབང་ཕྱུག་གིས་དྲི་བ་ཞིག་གནང་འདུག ཁོང་གིས་མཛོད་སྒྲ་འགྲེལ་ཞིབ་བལྟ་བྱས་ནས་དྲི་བ་བཏང་འདུག གནས་ཚུལ་དེ་འདྲ་འདུག ང་ཚོ་དེའི་ཐོག་མཚན་ཉིད་རྩོད་ས་སོགས་ལ་རྙོག་གྲ་ཡོང་གི་འདུག རང་གིས་བསམ་ན་ད་ལྟ་མཛོད་སྒྲ་འགྲེལ་ནང་དེ་རགས་རྩིས་ཡིན་གྱི་རེད་དྲན། གཞན་དག་མཁས་པ་སྒ་སྟོན་སོགས་ཀྱིས་མཛད་པའི་བདེན་པ་བོན་གྱི་མཛོད་ཕུགས་སོགས་སུ་དེ་མ་ཡིན་པ་ཞིག་ཡོད་རེད་དེ་ལ་ཁྱེད་རྣམ་པས་གཟིགས་དང་དེ་ཙམ་སླེབས་མེད།
སྤྱིར་བཏང་ང་ཚོ་མཛོད་ཀྱིས་འདོད་སྟངས་དེ་བསྐལ་པ་ཆགས་སྟངས་འཇིག་སྟངས་ཉི་ཟླ་འཆར་ནུབ། སློབ་དཔོན་དབྱིགས་གཉེན་གྱིས་གསུངས་པའི་མཛོད་ནང་ལ་བསྐལ་སྲིད་ཆགས་སྟངས་ཡོད་ས་རེད། དེང་སང་ལ་བལྟ་དགོས་ན་མཛོད་ནང་གི་སྒྲ་ཇི་བཞིན་དུ་ཚང་མ་ཁས་ལེན་དགོས་ན་དཀའ་ལས་ཁ་པོ་མེད་འགྲོ་བསམ་གྱི་འདུག དེ་དག་ཞིབ་རྩིས་རགས་རྩིས་སོགས་བྱེད་པས་ལས་སྒྲ་ཇི་བཞིན་དུ་དེ་འདྲ་རེད་ཡོད་ས་རེད་དྲན་གྱི་ཡོད།
སློབ་དཔོན་དབྱིག་གཉེན་གྱིས་བཤད་མཛོད་ཆེན་མོ་སོགས་སུ་གསུངས་པ་དེ་སྒྲ་ཇི་བཞིན་ཁས་ལེན་དགོས་ན་ཁག་པོ་ཡོད་ས་རེད་དྲན། སྔོན་མ་སྐྱབས་མགོན་མཆོག་གི་བཀའ་སློབ་ཅིག་གི་ནང་དུ་ང་ཚོས་འཛམ་གླིང་གྲུ་བཞི་གཅིག་འདོད་ཀྱི་ཡོད་རེད། གཞན་གྱིས་འཛམ་གླིང་པར་རྒྱག་ནས་བལྟ་ཡོང་དུས་རིལ་རིལ་རེད་འདུག དེ་མངོན་གསུམ་སྟོན་ཡོང་དུས་ང་ཚོས་ཁས་ལེན་དགོས་རེད་སློབ་དཔོན་དབྱིགས་གཉེན་ནོར་ན་ནོར་བ་རེད་མཆོག་འཛིན་བྱེད་རྒྱུ་ཡོད་མ་རེད་གསུངས་པ་རེད། བདེན་པ་རེད། དེ་ལྟར་སྒྲ་ཇི་བཞིན་ཁས་ལེན་དགོས་ན་དཀའ་མོ་རེད།
དྲི་བ་འདོན་མཁན། རྨ་ཁ།
གངས་རིན་པོ་ཆེའི་དབུ་རྩེར་ལུང་ཤུལ་མཁྲིག་རིམ་འདི་ནི་གཡུང་དྲུང་བོན་རྣམས་ཀྱི་ལོ་རྒྱུས་ཡིག་རྙིང་ལས་གསལ་བ་ལྟར་ན། གངས་ཏི་སེ་ནི་སྲིད་པ་རང་བྱུང་གི་གནས་རི་དང་དབྱིབས་ནི་ཤེལ་གྱི་མཆོད་རྟེན་འདྲ་ལ། གངས་རི་ཆེན་པོ་དེའི་ཐུགས་ཁར་རུ་ཐར་པའི་སྐས་ལམ་རིམ་པ་བཅུ་གསུམ་ཚུལ་དུ་ཡོད་པར་གསུངས་ཡོད་ཅིང་དེ་ནི་མཆོད་རྟེན་གྱི་སྟོབས་ཀྱི་འཁོར་ལོ་བཅུ་གསུམ་༼ཆོས་འཁོར་བཅུ་གསུམ༽དང་མཚུངས། ༼དམ་པའི་ཆོས་རྒྱལ་བ་བཀའ་རྒྱུད་པ་རྗེ་བཙུན་མི་ལ་རས་པའི་རྣམ་འགུར་ལས། དེ་ནི་རྗེ་བཙུན་མི་ལ་དང་ན་རོ་བོན་ཆུང་ཟེར་བ་ཁོང་རྣམ་གཉིས་མཐུ་རྩལ་འགྲན་སྐབས་སུ་ན་རོ་བོན་ཆུང་གི་རྔ་རྦབ་ཏུ་སོང་བའི་ཤུལ་རེད་ཅེས་གསུངས། ༼དེང་རབས་ཀྱི་དཔྱད་གཏམ་པ་འགའ་ཞིག་གིས། དེ་ནི་རང་བྱུང་ཁམས་ཀྱི་གངས་དང་ལུང་ཤུལ་རེད་ཅེས་བརྗོད་དོ། བོན་པོ་རྣམས་ཀྱིས་རྗེ་བཙུན་མི་ལ་དང་ཐོག་འཇིག་རྟེན་མི་ཡུལ་དུ་སྐུ་མ་འཁྲུངས་གོང་དུ་གངས་རིན་པོ་ཆེའི་ཐར་པའི་སྐས་ལམ་ལྟ་བུ་དེ་ཡོད་པར་བརྗོད་ལ་ན་རོ་བོན་ཆུང་ཟེར་བའི་བོན་བླ་ཞིག་ཡོད་མིན་ད་ལྟ་ལོ་རྒྱུས་ཁ་གསལ་མེད་ཚུལ་བརྗོད་དོ། །དེ་བས་ན་ཕྱོགས་རིས་མེད་པ་རྒྱུ་མཚན་ཡོད་པའི་སྒོ་ནས་དྲང་པོའི་དཔྱད་གཏམ་རེ་གསུང་རོགས།
ལན།
གངས་རིན་པོ་ཆེའི་སྐོར་ནས་མང་པོ་གསུངས་འདུག ཆོས་ལུགས་སྐོར་ནས་འདོད་སྟངས་མི་འདྲ་བ་མང་པོ་གསུངས་འདུག ཁྱེད་ཀྱིས་གསུངས་པ་བཞིན་ང་ཚོས་ཡི་དམ་གསས་མཁར་མཆོག་ལྔའི་ནང་ནས་དབལ་ཆེན་གེ་ཁོད་ཀྱི་གནས་རི་དུ་ཁས་ལེན་གྱི་ཡོད་རེད། ན་རོ་བོན་ཆུང་ཟེར་ཡ་དེ་དེང་སང་མུ་ལ་རས་པའི་རྣམ་ཐར་ནང་དུ་མཐོང་དང་མཐོང་བཞིན་རེད། སྔོན་མ་འདས་ལོ་ལྔ་བརྒྱ་གོང་གི་མུ་ལ་རས་པའི་རྣམ་ཐར་མཇལ་ཡུལ་དུ་གྱུར་པ་ནང་ལ་མི་འདུག་ཟེར། དེ་རྗེས་ན་གྲུབ་མཐའི་ཆགས་སྡང་གང་འདྲ་ཞིག་གིས་ཡར་བཞག་པ་ཡིན་ན་གཅིག་ཡིན་ས་རེད། ང་ཚོ་བོན་པོའི་ལོ་རྒྱུས་ནང་ལ་ན་རོ་བོན་ཆུང་ཟེར་བ་ཞིག་ཡོད་མ་རེད། སངས་རྒྱས་ཀྱིས་གང་ཟག་ཕོ་མོ་ཐམས་ཅད་ལ་ཕྱག་སྐོར་སྒྲིབ་སྦྱོང་རྟེན་དུ་བཞག་ཡོད་པ་དེ་ནི་བན་བོན་གཉིས་ཀའི་འདོད་ཚུལ་རེད།
དྲི་བ་འདོན་མཁན། བོད་ལ་དུང་།
བོན་པོ་ཚོས་རྟེན་གང་ནས་བསྐོར་ན། སྐོར་ར་ཕེབས་ཚེ་ཕྱི་སྐོར་ཕེབས་དགོས་པ་རེད་དམ། དགོས་ན་དེ་འགྲེལ་བཤད་རེ་གནང་དང་། ལུགས་སྲོལ་ཇི་ལྟར་རེད་ལགས།
ལན།
སྐོར་ར་ཕྱི་སྐོར་ནང་སྐོར་དེ་ལྟོས་ས་ལྟོས་འཇོག་གིས་བཤད་པ་ཞིག་རེད། ནམ་རྒྱུན་གཡས་སྐོར་དང་གཡོན་སྐོར་དུ་བཤད་དགོས་རེད། ཕྱི་སྐོར་ཟེར་ནས་བོན་པོ་ལ་ལྟོས་ན་བན་སྐོར་ཕྱི་སྐོར་དང་། བན་དེ་ལ་ལྟོས་ན་བོན་སྐོར་ཕྱི་སྐོར་དུ་ལྟོས་གྲུབ་ཀྱི་བཤད་པ་རེད། བོན་སྐོར་དེ་གཡས་ནས་སྐོར་བ་ནི་འབྱུང་བའི་འགྲོ་སྟངས་དང་ཉི་ཟླའི་རང་འགྲོས་ཟེར་ན་གཡས་སྐོར་ཆགས་ཡོད་རེད། མི་ཞིག་ཡིན་ན་དང་པོ་རྐང་པ་གཡས་སྤོ་ནས་འགྲོ་བ་སོགས་རྟེན་འབྲེལ་གྱི་གནད་མང་པོ་ཞིག་སོང་བ་ལ་བརྟེན་ནས་གཡས་སྐོར་སོང་བ་ལ་མི་མཚུངས་བ་མེད་པ་རེད། རྩ་བའི་ཕྱི་སྐོར་དང་ནང་སྐོར་ཕྱི་པ་དང་ནང་པའི་སྐོར་ར་ཟེར་བ་ཡིན་ན་ད་ལྟ་རྒྱ་གར་ཧིན་རྡུའི་སྐོར་ར་དེ་གཡས་སྐོར་མི་བྱེད་ནས་བན་སྐོར་ལྟར་འགྲོ་བཞིན་འདུག དེ་དག་ལ་ཕྱི་པ་དང་ཆ་མཐུན་པའི་སྐོར་ར་ལ་ཕྱི་སྐོར་དུ་འགྲེལ་རྒྱུ་ཡོད་ན་ནི་ད་ལྟ་དངོས་ཡོད་རྒྱ་གར་ཧིན་རྡུའི་སྐོར་ར་དེ་བན་སྐོར་ཡིན་པ་ལས་བོན་སྐོར་མ་རེད། ང་ཚོའི་ཡི་དམ་གྱི་དཀྱིལ་འཁོར་ཐམས་ཅད་གཡས་ཀྱི་ཕྱོགས་ནས་བསྐོར་བ་ཡིན་དུས་དེ་དག་གི་རྟེན་འབྲེལ་གྱི་གནད་སོགས་ལ་བསྟུན་ནས་རྒྱག་པ་ཡིན་གྱི་རེད།
དྲི་བ་འདོན་མཁན། ཕུར་འཕྲིན།
གུ་རུ་རིན་པོ་ཆེ་ལ་བོན་པོས་ལྟ་ཚུལ་གང་འདྲ་ཡོད་རེད།
ལན།
པདྨ་འབྱུང་གནས་ནི་རྙིང་མའི་བླ་མ་ཞིག་དང་རྙིང་མའི་རྫོགས་ཆེན་གསུངས་མཁན་ཞིག་ལ་ངོས་འཛིན་གྱི་ཡོད་རེད། ཡང་རྩོམ་ཞིག་གི་ནང་དུ་ཏུང་ཧོན་ཡིག་རྙིང་དུ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་དང་དེ་ཚོའི་ལོ་རྒྱུས་དང་མིང་འདུག་ཀྱང་མཁན་སློབ་ཆོས་གསུམ་ནང་ནས་སློབ་དཔོན་པདྨ་འབྱུང་གནས་ཞེས་པ་མཐོང་རྒྱུ་མི་འདུག མཁན་སློབ་ཆོས་གསུམ་ནང་དུ་པདྨ་འབྱུང་གནས་ཞེས་པ་ཞིག་བྱོན་ཡོད་མེད་དོགས་པ་འདུག་ཟེར་འདུག དེ་ཡིན་པའི་དབང་དུ་བཏང་ན་དུས་རབས་བཅུ་པ་ཡར་མར་ལ་རྒྱ་གར་ནས་ཚུར་བོད་ལ་ཡོང་བའི་ས་ཏི་བྷ་བ་སྔགས་དང་རྫོགས་ཆེན་ཤེས་མཁན་ཞིག་ལ་པདྨ་འབྱུང་གནས་ཟེར་ནས་ནོར་སོང་མེད་དམ་སྙམ་པའི་དོགས་པ་ཞིག་འདུག་ལགས།
དྲི་བ་འདོན་མཁན། གསལ་བ་རང་འབྱུང་།
བོན་པོས་པདྨ་འབྱུང་གནས་བླ་ཆེན་དྲན་པ་ནམ་མཁའི་སྲས་རེད་ཟེར་བླ་ཆེན་ཡབ་སྲས་གསུམ་ཚེ་དབང་རིག་འཛིན་དང་པདྨ་འབྱུང་གསུམ་རེད་ཟེར་ཁུངས་ཆེ་ས་དེ་ལ་གཏུགས་ཀྱི་འདུག དེ་ཁྱེད་ཀྱིས་དགོངས་ཚུལ་གང་འདྲ་ཡོད།  ཡང་པདྨ་འབྱུང་གནས་ཕ་མེད་མ་མེད་རེད་ཟེར་བཤད་ཀྱི་འདུག དེ་ལ་ལྟ་ཚུལ་གང་འདྲ་ཡོད། དྲན་པ་ནམ་མཁའ་དང་པདྨ་འབྱུང་གནས་གཉིས་དུས་རབས་གཅིག་པ་འདྲ་ཞིག་རེད་འདུག་དེ་ལ་དགོངས་ཚུལ་ག་འདྲ་ཡོད། ཁྲི་སྲོང་ལྡེའུ་བཙན་སྐབས་ལ་དྲན་པ་ནམ་མཁའ་གཅིག་འདུག་དེ་བླ་ཆེན་དྲན་པ་ནམ་མཁའ་རེད་དམ་ཡང་དྲན་པ་ནམ་མཁའ་གཞན་ཞིག་ཡོད་རེད། རྒྱལ་བ་མཉམ་མེད་ཆེན་པོ་ཡི་སོ་ཐར་གྱི་སྡོམ་པ་ཞུ་ས་སུ་རེད། དེའི་ཡན་ན་བོན་པོའི་བླ་མ་གདུང་རྒྱུད་ཀྱི་བླ་མ་འདྲ་རེད་འདུག
ལན།
དྲན་པ་ཡབ་སྲས་གསུམ་ནི། བླ་ཆེན་དྲན་པ་ནམ་མཁའ་དང་སྲས་ཚེ་དབང་རིག་འཛིན་དང་པདྨ་མཐོང་གྲོལ་ཟེར་བ་ཞིག་ཡོད་རེད། ཞང་ཞུང་ཁྱུང་ལུང་དངུལ་མཁར་ལ་སྐུ་འཁྲུངས། དེ་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་རེད། དེ་པདྨ་འབྱུང་གནས་ཡིན་གྱི་རེད་དྲན་གྱི་མེད། ཡིན་པའི་རྒྱུ་མཚན་མི་འདུག དུས་རབས་བདུན་པ་ནང་བྱོན་པ་དེ་བོད་ཀྱི་དྲན་པ་ནམ་མཁའ་ཟེར་དྭགས་པོ་ལ་འཁྲུངས་པ་རེད། དེ་གཉིས་དུས་རབས་ཁ་ཁ་རེད།
རྒྱལ་བ་མཉམ་མེད་ཆེན་པོ་ནི་རབ་ཏུ་བྱུང་ས་ནི་ཚ་ལ་དྲང་སྲོང་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་རབ་ཏུ་བྱུང་ཚུལ་དང་སློབ་སྦྱོང་བྱེད་ཚུལ་མཚན་ཉིད་སྦྱོང་ཚུལ་ད་ལྟ་ཁོང་གི་རྣམ་ཐར་དུ་གཟིགས་དང་ཤེས་ས་ཡོད་རེད། མཉམ་མེད་ཆེན་པོའི་ཡར་སྔོན་དུ་འདུལ་རྒྱུད་ཡོད་མ་རེད་ཅེས་པ་རྫུན་མ་རེད། འདུལ་རྒྱུད་དེ་སྟོན་པ་གཤེན་རབ་མི་བོའི་དུས་ནས་དབུ་ཚུགས་ཡོད་རེད། སྟོན་པ་གཤེན་རབ་མི་བོ་རྣམ་དག་རང་བྱུང་མཆོད་རྟེན་མདུན་ནས་རབ་ཏུ་བྱུང་ནས་ཡང་དག་སྟོན་པ་ཁྲི་གཙུག་རྒྱལ་བ་རུ་མཚན་གསོལ་ནས། འདུལ་བའི་སྲུང་ཁྲིམས་རྩ་བ་དང་། སྲུང་ཁྲིམས་ཡན་ལག་དང་། འདུལ་བ་རྒྱུད་དྲུག་སོགས་འདུལ་བའི་བོན་བསྟན། ཕོ་གླིང་དང་མོ་གླིང་ཁ་ཁ་ཕྱེས་པ་སོགས་དྲི་མེད་གཟི་བརྗིད་ནང་ལ་གཟིགས་དང་ཤེས་ས་ཡོད་རེད། དེའི་ཡན་ཆད་ལ་མེ་སྟོན་ཤེས་རབ་འོད་ཟེར་དང་། གཙང་གཡས་རུ་དབེན་ས་ཁ་ན་གཡས་རུའི་སྟོན་པ་བཅོ་བརྒྱད་ཟེར་ན་དགེ་བཤེས་རྐྱང་རྐྱང་ཡོད་རེད་མ་གཏོགས་གདུང་རྒྱུད་པའི་བླ་མ་མ་རེད། སྟོན་པ་གཤེན་རབ་སྐོར་ནས་ངས་མདོར་བསྡུས་ཤིག་ཞུས་པ་ཡིན། རྒྱས་པར་མཁྱེན་འདོད་ན། དྲི་མེད་གཟི་བརྗིད་དང་། མདོ་གཟེར་མིག མདོ་འདུས། མཛད་བཅུའི་གསོལ་འདེབས་སོགས་ལ་གཟིགས་དང་ཤེས་ས་ཡོད་རེད། དཔེ་ཆ་མཁོ་འདོན་དགོས་ན་ཐུབ་ས་འདུག ངས་འདི་ན་ཆ་ཚང་བཤད་དགོས་ན་དུས་ཚོད་མི་འདུག་བཤད་ཐུབ་ས་མ་རེད།
དྲི་བ་འདོན་མཁན། སྒ་ལྷུན་པོ།
སྒ་སྟོན་འདི་དུས་ནམ་ཙམ་ལ་བྱོན་པའི་མཁས་པ་རེད།
ལན།
སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་ནི་ཡབ་ཡུལ་ནི་ཁམས་རྒྱ་རོང་ནས་རེད་འདུག དུས་ཚོད་ནི་རྗེ་མཉམ་མེད་ཆེན་པོ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ཅུང་ཙམ་སྔ་ན་མ་གཏོགས་དུས་མཉམ་རེད།།

ལྡོང་སྐལ་བཟང་ནས་༢༠༡༤ལའི་ཟླ་༩པའི་ཚེས་ལ༩ཉིན་སྒྲ་ལས་ཡི་གེར་ཕབ།

ཟུར་ཞུ། བོན་གྱི་ལྟ་གྲུབ་སྐོར་གྱི་འཆད་འཁྲིད་དང་དྲི་བ་དྲིས་ལན། 

   འདི་ནི་འཕྲིན་ཕྲན་གྱི་ལམ་ནས་དེང་སང་ཅུང་གྲགས་ཆེ་བའི་མདའ་སྨྱུག་གླེང་སྟེགས་སུ་དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་གིས་འཆད་འཁྲིད་གནང་བ་དང་། ནང་བསྟན་ཆོས་བརྒྱུད་རྣམས་ཀྱི་མཁས་དབང་མང་པོས་དྲི་བ་གནང་བ་རྣམས་ལ་དྲིས་ལན་བཏབ་པ་ཞིག་ཡིན། སྒྲ་ལས་བཤུས་པ་ཡིན་པས་ཡིག་ཐོག་ཏུ་ཕབ་སྐབས་ཚིག་སྐྱོན་དང་ཆད་ལྷག་བྱུང་བ་གང་ཡོད་དགོངས་བཞེས་ཡོད་པར་ཞུ།། སྒྲ་བཤུ་བ་ལྡོང་སྐལ་བཟང་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།