གྲུབ་མཐའི་ཕྱོགས་ཞེན་ཁྲོད་ཀྱི་དངངས་སྐྲག

____ བླ་བྲང་སྐལ་བཟང་དང་འོད་སྐལ་བཟང་རྡོ་རྗེ་གཉིས་ལ་དཀྱིས་གཅིག་ཏུ་ཕུལ་བ།

བོན་ནག་ཚང་ཡེ་ཤེས་བློ་གྲོས།

ཉིན་འགའ་ཤས་ཀྱི་སྔོན་ལ་བླ་བྲང་སྐལ་བཟང་དང་འོད་སྐལ་བཟང་རྡོ་རྗེ་ཟུང་གིས་མ་ཧཱ་བྷ་ར་ཏཱ་ཞེས་པའི་ཚོགས་པའི་ནང་དུ་སྐད་ཆ་མང་པོ་ཞིག་བརྗོད་བཞིན་ཡོད་ལ་མཇུག་མཐར་སྟོན་པ་གཤེན་རབ་ཅེས་པ་ཞིག་མེད་པར་བརྗོད་པ་དེ་ཡིན། དེ་ལྟར་བརྗོད་ཐུབ་པ་དེ་ནི་ཁོ་གཉིས་ལ་མཚོན་ན་ཁོ་གཉིས་ཀྱི་མི་ཚེ་ཐོག་གི་ཆེས་གཟི་བརྗིད་ལྡན་པ་དང་ཆེས་རིན་ཐང་ལྡན་པའི་གཏམ་ཞིག་ཏུ་སྣང་
བཞིན་འདུག

བོན་པོ་ཚོས་ཀྱང་སྐད་ཆ་དེ་ཐོས་རྗེས་མ་རངས་པ་དང་བཅས་ཏུང་ཧོང་གཏེར་ཡིག་ནང་གི་སྟོན་པ་གཤེན་རབ་ཅེས་པའི་ཚིག་ཁ་ཤས་རྒྱབ་རྟེན་དུ་བྱས་ཏེ་དགག་ཡིག་རེ་ཟུང་བྲིས་འདུག དོན་ལ་ཞིབ་ཏུ་བསམ་ན་འདི་གཉིས་ལ་དེ་འདྲ་གཙོ་ཆེར་བྱེད་དགོས་དོན་མི་འདུག རྒྱུ་མཚན། ལྟ་རྒྱ་དང་མཐོང་རྒྱ་གང་གིས་དབེན་པའི་རྒྱུག་ཁྱི་རེ་ཟུང་གི་ཟུག་སྐད་ཡིན་པས་རེད༼འདི་ངས་ཁོ་གཉིས་ཀྱི་མི་གཞི་ལ་ཁྱད་གསོད་བྱས་པ་མིན། དོན་དངོས་འདི་འདྲ་ཞིག་རེད༽།

ང་ཚོ་སུ་ཡིན་ཡང་མེད་པ་དེ་མེད་པ་རང་བྱས་ན་བཟང་ནི་རེད། ཡོད་པ་ཞིག་ལ་མེད་པར་སྨྲས་ན་དེ་ནི་སྐུར་འདེབས་རེད། སྐུར་འདེབས་ནི་རང་དམྱལ་བ་སྐྱེད་བྱེད་ཀྱི་ཚོགས་ངན་ལས་མ་འདས་པ་ཞིག་རེད། ལྷག་པར་དུ་དཀོན་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མཁན་ཞིག་ཡིན་ན་ཤིན་ཏུ་གཟབ་དགོས་པའི་ལམ་བུ་ཞིག་རེད། འདི་ང་ཚོ་ཚང་མས་ཞིབ་འདང་གནང་དགོས་ས་ཞིག་རེད་འདོད་ཡོད།

ངས་འདི་ནས་ཁྱེད་གཉིས་ལ་ཅིག་འདྲི། སྟོན་པ་གཤེན་རབ་མེད་པར་སྨྲ་བར་འདོད་པ་དེ་ནི་གཞི་གང་ནས་བྱུང་བ་རེད། དོན་ལ་གྲུབ་མཐའི་ཕྱོགས་ཞེན་ཨེ་རེད། དགེ་བོ༼གྲྭ་ལོག༽ཁ་ཤས་ལ་གྲུབ་མཐའ་ཡི་ཅི་བྱེད། བོད་པ་ཚོས་གྲུབ་མཐའ་བཟུང་བའི་ནག་ཉེས་དེ་མང་མེད་ན་ཉུང་གང་ན་ཡོད། ཁྲི་སྲོང་སྐབས་ཀྱི་བན་བོན་འཐབ་རྩོད་ཚང་མས་བརྗོད་བཞིན་པ་རེད། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོན་པོ་ཐམས་ཅད་བསྡུས་ནས་ཁང་བ་གཅིག་ཏུ་བཅུག་སྟེ་མེ་ལ་བསྲེགས། བོན་དཔེ་མང་པོ་ཆུ་ལ་བསྐུར་བ་དང་མེ་ལ་བསྲེགས། ས་འོག་ཏུ་སྦས་པར་བྱས།
རྒྱལ་དབང་ལྔ་བའི་དབང་ཤུགས་ཀྱི་འོག་ནས་ཇོ་ནང་རྟག་བརྟན་དགོན་པའི་གྲྭ་བ་རྣམས་བསད་པ་དང་ཤིང་པར་རྣམས་མེ་ལ་བསྲེགས།  དགོན་པའི་མིང་བསྒྱུར་བཅོས་མཛད༼འདིའི་རིགས་ཤིག་ཏུ་མང༽། འདི་ལ་ཞིབ་ཏུ་སོམས་དང་། ཁྱོད་གཉིས་ཀྱང་ཁྱེད་གཉིས་ཀྱི་བླ་མ་རྣམ་པའི་རྗེས་སུ་འབྲེང་འདོད་པ་མ་ཡིན་ནམ། དོན་ལ་བོད་པའི་ནང་དཀྲུགས་ནས་བོན་པོ་རྣམས་ལ་ཡང་བསྐྱར་གསར་བརྗེས་ཀྱི་ལས་འགན་ཆེན་པོ་ཞིག་བསླང་འདོད་པ་མ་ཡིན་ནམ། འདི་ཡང་གྲུབ་མཐའི་ཕྱོགས་ཞེན་ཁྲོད་ཀྱི་དངངས་སྐྲག་ཅིག་རེད།

གང་ལྟར་སྟོན་པ་གཤེན་རབ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། ཁྱོད་གཉིས་ལ་མཚོན་ན་ལྷག་པར་དུ་གཙོ་བོ་ཞིག་མ་རེད། རྒྱུ་མཚན། བོད་མིའི་རིག་གཞུང་ལ་རྒྱུས་མངའ་མེད་པ་དང་བོད་མིའི་དར་གུད་ལ་རྒྱུས་མངའ་མེད་པའི་མི་བུ་ཞིག་ཡིན་པས་རེད། མདོར་ན་ཁྱོད་གཉིས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ངོ་མ་ཞིག་ཡིན་ནམ། ཁྱོད་གཉིས་ཀྱིས་སྟོན་པ་བཅོན་ལྡན་འདས་ཀྱི་རྗེས་འཇུག་གི་མཁས་དབང་གནམ་གྱིས་ས་གབ་པ་ལྟ་བུ་དེ་རྣམ་པར་རློམས་སེམས་སྐྱེས་ཐུབ་བམ། དེ་རྣམས་ཀྱིས་སྟོན་པ་གཤེན་རབ་ཡོད་པ་གནའ་སྔ་མོ་ནས་ཁས་བླངས་ཚར་བ་རེད། མཁས་པ་དེ་དག་གིས་ཁས་བླངས་པ་ཡང་རྟགས་དང་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ཁས་བླངས་པ་ཡིན་པ་ལས་ཡིད་དཔྱོད་ཙམ་ག་ལ་ཡིན། མ་ཧཱ་བྷ་ར་ཏཱའི་ཚོགས་པའི་ནང་གི་མཁས་དབང་རྣམ་གཉིས་ལགས། ད་རྨོངས་པའི་གཡང་ལ་མ་ལྡིང་རོགས།

ངས་འདི་ནས་ཁྱོད་ཀྱི་སྐད་ཆ་གཅིག་ལ་བཀའ་དྲིན་ཞུ། གང་ཡིན་ཞེ་ན། སྟོན་པ་གཤེན་རབ་ཡོད་ཚེ་མཉམ་མེད་ཐུབ་པའི་དབང་པོའི་རིག་གཞུང་གི་འབྱུང་ཁུངས་དེ་སྟོན་པ་གཤེན་རབ་ཀྱི་རིག་གཞུང་ཡིན་པར་ཁས་བླངས་པ་དེ་ཡིན། དེ་དང་འབྲེལ་ནས་ཞོར་དུ་བརྗོད་རྒྱུ་ཞིག་ལ་མ་ཧཱ་བྷ་ར་ཏཱའི་མཁས་དབང་ལྷན་ཚོགས་ནང་གི་ཨ་ཚོགས་མཁས་བཙུན་ལགས་ལ་སྐད་ཅིག་བསྐུར། འུ་ཅག་གི་བོན་གྱི་ཤེས་རིག་ལ་ཕྱི་རྐྱེན་གྱི་གོད་ཆག་མང་པོ་བྱུང་ན་ཡང་ལས་སྨོན་གྱི་དབང་གིས་ད་རུང་མ་འགྱུར་སྔར་བཞིན་གནས་ཡོད། ཕྱོགས་ཞེན་གྱི་ལྟ་བ་རིང་དུ་དོར་ཏེ་དད་གུས་ཀྱི་སྒོ་ནས་ཞིབ་འཇུག་བྱས་ན་འགྱུར་མེད་ཀྱི་ཡིད་ཆེས་དེ་ངང་གིས་སྐྱེས་སྲིད་དོ།།

ཉིན་འགའ་ཤས་ཀྱི་སྔོན་ལ་བླ་བྲང་སྐལ་བཟང་གིས་ཡིན་མདོག་གིས་ངང་ནས་བོན་པོ་ཚོས་ཁོ་རང་ལྷ་གཏུགས་ཀླུ་གཏུགས་མང་པོ་ཞིག་བྱས་སོང་ཟེར། ཁྱོད་ཚོས་གོ་ཨེ་མྱོང་། ཁོའི་དགོད་སྟངས་ལ་ལྟོས་ར། མྱི་ཅལ་འདྲོགས་མཁན་བདག་པོ་ད་ངོ་མ་རེད། རྫུན་གྱི་སྐད་ཆ་མང་པོ་ཞིག་མ་བཟོ། སེམས་གཏམ་ཞིག་བཤད་ན། སྐུ་ཉིད། ཁྱོད་ཀྱི་ཕ་ཡུལ་བླ་བྲང་ནས་གླུད་དུ་མ་བརྫངས་ན།  ང་ཚོས་དེ་འདྲ་བྱེད་སྲིད་ནི་མ་རེད། རྒྱུ་མཚན། ང་ཚོ་བྱམས་སྙིང་རྗེ་ལྡན་པའི་བོད་གདོད་མའི་རིག་གཞུང་གི་བདག་པོ་ཡིན་པས་རེད།

མཁས་དབང་རྣམ་གཉིས་ལགས། ད་གྲུབ་མཐའ་བརྩད་ནས་ཅི་བྱེད། བོད་མིའི་རིག་གཞུང་ལ་བློ་སེམས་དཀར་ན། བོད་མིའི་རིག་གཞུང་ལ་བློ་སྤོབས་ཡོད་ན། ཅལ་འདྲོགས་ཀྱི་སྐད་ཆ་མ་བཤད། དེ་འདྲ་བཤད་པ་ལས་རང་མི་རིགས་ཀྱི་འབྱུང་འགྱུར་ཆེད་དུ་སྔོན་ཐོན་གྱི་ལས་ཀ་སྒྲུབས། དཔེར་ན་རྭ་བརྒྱ་བ་ནང་བཞིན་ཤེས་རིག་གི་འཛུགས་སྐྲུན་བྱོས། དེ་འདྲའི་རྗེས་ཤུལ་མེད་ན་ཕྱི་ཕྱོགས་ནས་འུར་མ་རྒྱག སྨྲ་བརྗོད་རང་དབང་ཡིན་ན་ཡང་སྐད་ཆ་ལ་གནས་ལུགས་དགོས། ད་མང་པོ་མི་འབྲི   དེ་ཙམ་གྱིས་འཐུས་པར་བྱའོ།།

ཞིབ་ཏུ་བརྗོད་རྒྱུ་ཞིག་ལ་འདི་ལ་ལན་འདྲ་བསྐུར་བསམ་ན་ཡིག་ཐོག་ནས་བསྐུར་རོགས།

༢༠༡༦: ༩: ༢༨  ཉིན་རེབ་གོང་ནས་བྲིས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།