ཀུན་བཟང་རྒྱལ་བ་རྒྱ་མཚོའི་སྨོན་ཚིག་ཤེལ་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

ཀུན་བཟང་རྒྱལ་བ་རྒྱ་མཚོའི་སྨོན་ཚིག་ཤེལ་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

       B-6

          ༄༅།།ཀུན་བཟང་ལྷ་ལ་གུས་པས་ཕྱག་འཚལ་ལོ།།མཐའ་ཡས་འགྲོ་བ་ངན་འགྲོར་འཁྱམས་པ་དང་།།སྡིག་ཅན་བཙན་ཐབས་རྫོགས་སངས་རྒྱས་བྱེད་པོ།།ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཞིང་ཁམས་ལ།།ཡིད་སྨོན་རྩེ་གཅིག་གདུང་བས་དབྱངས་ཀྱིས་གྱེར།། ཨེ་མ་ཧོ། ། རང་སེམས་མ་གཡེང་རིག་པ་ཧད་ཀྱི་ངང་། །འོག་མིན་བདེ་བ་ཅན་གྱི་ཞིང་དུ་གསལ། །བདག་མདུན་མཚོ་དབུས་པད་དཀར་འཇའ་གུར་ནང་། །རབ་འབྱམས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་པ། །ལྷ་ཡི་ལྷ་མཆོག་ཐུགས་རྗེ་ཆེན་པོ་སྟེ། །ཀུན་ཏུ་བཟང་པོ་རྒྱལ་བ་རྒྱ་མཚོའི་སྐུ། །ཤེལ་དཀར་མདོག་འཆང་ཞི་འཛུམ་དགྱེས་འཛུམ་ཅན། །བཅུ་གཅིག་ཞལ་གྱིས་ཕྱོགས་བཅུར་འགྲོ་ལ་གཟིགས། །ཕྱག་སྟོང་སྤྱན་སྟོང་འགྲོ་འདུལ་སྤྲུལ་སྐུ་འགྱེད། །རྫོགས་སྐུའི་ཆས་བརྒྱན་ཞབས་སྟོང་ངན་འགྲོ་འདྲེན། །རྒྱལ་བ་རིགས་ལྔ་མཆོད་འབུལ་སྒོ་མར་བཅས། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོའི་བར། །ཉིད་ཀྱི་རྗེས་འབྲང་བཀའ་ཡི་འཁོར་ལོ་བསྐོར། །སྒོ་གསུམ་རྣམ་དག་དགེ་རྩ་ཅི་བསགས་པ། །མཁའ་མཉམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །ཚེ་འདིར་འཕོས་ནས་ཕྱི་མར་འགྲོ་བའི་སྐབས། ། དམྱལ་བ་ཡི་དྭགས་བྱོལ་སོང་མི་ལྷ་མིན། །ལྷ་དང་རིགས་དྲུག་སྐྱེ་བའི་སྒོ་ཆོད་ནས། །ཕ་རོལ་ཕྱིན་བཅུའི་ལམ་ལ་ཞུགས་པར་ཤོག །ཤ་ཁྲག་གདོས་པའི་ལུས་བོར་རྣམ་ཤེས་དེ། །རྟེན་མེད་གཡང་ལྷུང་མར་མེ་རླུང་བསྐྱོད་ལྟར། ། མགོན་མེད་སྐྱབས་མེད་དྭ་ཕྲུག་མས་བོར་འདྲ། །གང་གི་ཐུགས་རྗེའི་ལྕགས་ཀྱུས་ཟིན་པར་ཤོག །བདེ་བ་ཅན་གྱི་ཞིང་ཁམས་རྣམ་དག་ན། །མེ་ཏོག་ཚལ་དང་འཆི་མེད་བདུད་རྩིའི་ཟས། །དྲི་བཟང་ངད་དང་ཉི་མ་འབུམ་ཤར་གླིང་། །རིག་འཛིན་མཁའ་འགྲོའི་རོལ་མོས་བསུ་བར་ཤོག །ཀུན་བཟང་ལྷའི་མདུན་པད་མོ་སྟོང་ལྡན་རྩེར། ། གཞའ་ལུས་འོད་ཀྱི་སྐུ་རུ་མྱུར་འགྲུབ་ནས། །འགྲོ་འདྲེན་སྟོན་པ་ཆེན་པོའི་སྐུར་གྱུར་ཏེ། །ཁམས་གསུམ་གདུལ་བྱའི་ཞིང་དུ་འགྱུར་བར་ཤོག །དེ་དང་དེར་བརྟེན་མཐའ་ཡས་འགྲོ་བ་ཀུན། །ཀུན་ཏུ་བཟང་པོ་རྒྱལ་བ་རྒྱ་མཚོའི་ཞིང་། ། གཅིག་ཀྱང་མ་ལུས་རྫོགས་སངས་རྒྱས་ནས་ཀྱང་། །ལྷ་མཆོག་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག ། ༧ ཨེ་མ་སྣང་བའི་གསལ་ཆ་ལ་བརྟེན་ནས། །ཀུན་བཟང་ཞིང་བཀོད་སྨོན་ཚིག་མྱུར་འགྲུབ་ནི། །ཡིད་གཉིས་མེད་པར་གསོལ་བཏབ་མཚམས་སྦྱོར་ན། །བདེ་ཆེན་ཞིང་དུ་སྐྱེ་བ་ཡིད་གཉིས་མེད། །གང་ཞིག་འཁོར་བའི་མི་རྣམས་སྙན་གསོན་དང་། །སྡུལ་བསྔལ་འཁོར་བའི་ཞིང་འདིར་མ་ཆགས་པར། །སངས་རྒྱས་ཞིང་ཁམས་ཞེས་པའི་ཡོན་ཏན་ལ། །སྨོན་མཚམས་མ་སྦྱོར་རྒྱུ་དྲུག་ཡང་ཡང་སྐྱེ། །ཞིང་དེའི་ཡོན་ཏན་ལྷ་དེའི་ཆེ་བ་ནི། །བརྗོད་པའི་ཚིག་གིས་གཞལ་བར་ག་ལ་ནུས། །ཉུང་བསྡུས་འདིར་བརྟེན་དད་གུས་སྨོན་བཏབ་མཐུས། །ལྷ་དེའི་ཐུགས་རྗེས་ཟིན་པར་ལུང་ལས་གསུངས། ། ཞེས་པ་འདི་ནི་རང་རེ་འགོ་ལོག་འབུལ་སྡུད་སོང་སྐབས་གཡུ་རྩེའི་སྔོ་མཚོའི་ཁར་སླེབས་དུས། ཁྱེའུ་མཛེས་ལྡན་གཅིག་གིས་ཁྲིད་ནས་སོང་བ་ལ་ཐང་བདེ་ཞིང་ཆེ་བ་མེ་ཏོག་གི་ཚལ་དང་ལྡན་པ། དྲི་བཟང་གིས་རྒྱང་གྲགས་ཁྱབ་པ་དེ་ལྟ་བུའི་དཀྱིལ་དུ་རིན་པོ་ཆེ་བྱེ་བ་ལས་གྲུབ་པ་ལྟ་བུའི་ལྷའི་ཁང་བཟང་རྒྱ་ཆེན་པོ་ཁོར་ཡུག་དང་ལྡན་པ་ཉམས་དགའ་བ་ཞིག་གི་ནང་དུ་སོང་ཚེ་མཚོ་ཆེན་པོ་ཁ་དོག་བརྒྱ་དང་ལྡན་པའི་དབུས་སུ་པད་སྡོང་གི་རྩེར་ཀུན་བཟང་རྒྱལ་བ་རྒྱ་མཚོའི་ལྷ་ཤེལ་དཀར་ལས་གྲུབ་པ་ལྟ་བུའི་མཇལ་སྣང་དང་འོད་གསལ་བ་ལ་བརྟེན་ནས་ཞིང་བཀོད་པ་དུང་དུང་ཤར་ཡང་རེ་ཞིག་བཏང་སྙོམས་སུ་སོང་། ཕྱིས་སུ་གྲྭ་ཚང་དབུ་མཛད་ཆེན་མོས་བསྐུལ་ཚེ་སྣང་བཙུན་གཡུང་དྲུང་བསྟན་པའི་ཉི་མ་བདག་གིས་རྒྱལ་བསྟན་བླ་བྲང་ནས་བྲིས་པ་འདི་ཡིས་མཁའ་ཁྱབ་འགྲོ་བ་མ་ལུས་པ་ཀུན་བཟང་ལྷའི་སྐུ་རུ་སངས་རྒྱས་པར་གྱུར་ཅིག ། དགེའོ།།

༧ རྟག་ཏུ་འགྲོ་ལ་གཟིགས་པའི་སྐྱབས་གནས་མཐུས། །བདག་སོགས་འདི་ནས་ལུས་རྒྱ་ཞིག་མ་ཐག ། འཁོར་བའི་ལས་ཟད་འཇའ་འོད་ལམ་ཞུགས་ནས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག ། ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུཿ   ཅེས་ཤོ་ལོ་ཀ་འདི་ནི་མཁན་ཆེན་ཤེས་རབ་བློ་ལྡན་གྱིས་སྦྱར་བ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།