སྔགས་ཆས་ཌཱ་མ་རུའི་ངོ་སྤྲོད་རགས་བསྡུས།

       1057599517
ཌཱ་མ་རུའི་རྒྱུ་ནི།
རྒྱུད་རྫུ་འཕྲུལ་དྲ་བ་ལས། ཌཱ་མ་རུ་ཅང་ཏེའུ་མཚན་ཉིད་ནི། ། ཙནྟ་དཀར་དམར་སིང་ལྡིང་དང་། ། མི་ཡི་ཐོད་པ་གང་ཡང་རུང་། ། ཞེས་དང་། ཆགས་ཚད་ནི། ཤིང་ལས་བྱས་པའི་ཌཱ་མ་རུ། ། ཆགས་ཚད་སོར་མོ་བཅུ་གཉིས་ལ། འབྲིང་པོ་དགུ་དང་ཆུང་བ་ལྔ། ། ཆུ་ཞེང་མཉམ་པའི་ཚད་དུ་བླངས། ། ཞེས་གསུངས་པ་ལྟར་རོ།། དཀྲོལ་ཚུལ་ནི། ཌཱ་མ་རུའམ་ཅང་ཏེའུ་རྒྱུད་མང་གི་གཟུགས་ནི་ཐབས་ཀྱི་བདེ་བ་ཆེན་པོ་མཚོན་ལ། སྒྲ་སྐད་ནི་ཤེས་རབ་སྟོང་བ་ཉིད་ཀྱི་སྒྲ་སྒྲོགས་པའི་ཚུལ་ཏེ། གཏེར་རྙིང་རྣམས་ལ་ཉིས་རྡུང་གི་དུས་སུ་མ་དང་མཁའ་འགྲོ་བརྒྱ་དང་རྩ་བརྒྱད་ཅེས་དང་། སུམ་རྡུང་གི་ཚབས་སུ་མ་དང་མཁའ་འགྲོ་བརྒྱ་དང་རྩ་བརྒྱད་སྟོང་དང་རྩ་གཉིས་ཞེས་སོ། གཏེར་གསར་རྣམས་ལ་ཌཱར་བརྡུང་མཁའ་འགྲོ་འབུམ་བཞད་དམ། ཡང་ན་ཁྲ་བརྡུང་གི་ཚབས་སུ། བྱང་ཆུབ་རྡོ་རྗེ་མཁྱེན་ཅིང་དགོངས། གཅིག་གཉིས་བརྡུང་གི་ཚབས་སུ། བྱང་ཆུབ་རྡོ་རྗེ་མཁྱེན་ཅིང་དགོངས། གཉིས་བསྐོར་བྱེད་པར་ཤེས་སོ། ཚིག་བཤད་ཀྱི་དུས་སུ། ཌཱར་སིལ་ཡིན་ན་ཌཱ་མ་རུ་ཚུར་དཀྲོལ། སིལ་སྙན་ཕར་དཀྲོལ། ཌཱར་དྲིལ་ཡིན་ན་གཉིས་ཀ་ཕྱིར་དཀྲོལ་ལ་ངེས་ཚིག་ནི་ཌཱ་མ་རུ་ནི་ཀུན་ཏུ་བཟང་བོ་དྲིལ་བུ་ནི་དམ་ཚིག་སྒྲོན་མ་ཞེས་པ་ཡོངས་དགོས་སོ། འཇོག་པའི་ཚེ། ཕོ་ཐོད་དང་བྱང་སེམས་དཀར་པོ་བྱུག་པ་དེ་གཡས་ཕྱོགས་སུ་འོང་ཞིང་། མོ་ཐོད་དང་བྱང་སེམས་དམར་པོ་བྱུག་པ་དེ་གཡོན་དུ་འོང་བར་བྱས་ཏེ། ལྷ་ཡབ་ཡུམ་སྦྱོར་བའི་ཚུལ་དུ་སླར་ནས་བཞག་པ་མ་གཏོགས་སྟེང་འོག་གོ་ནོར་ཏུ་འཇོག་པ་སོགས་ཤིན་ཏུ་མི་རུང་ངོ་། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།