སྔགས་ཆས་ཕུར་བུའི་ངོ་སྤྲོད་རགས་བསྡུས།

1219422753

    ཕུར་བའི་རྒྱུ་ནི། ཕུར་བའི་རྒྱུད་ལས། ཞི་བ་དུང་ཤེལ་རྒྱ་ཤུག་དཀར་པོ་དང་། རྒྱས་པ་གསེར་རམ་ར་གན་སྟག་པ་ཤིང་། ། དབང་ལ་ཟངས་སམ་སེང་ལྡིང་ཙནྟ་དམར། ། མངོན་སྤྱོད་དྲི་ལྕགས་ཚེར་ནག་སྐྱེར་ཚེར་དུག ། ཅེས་པའོ།། ཆགས་ཚད་ནི། ཕུར་བའི་འགྲེལ་ཆུང་ལས། བསྙེན་བསྒྲུབ་ལས་ཀྱི་ཕུར་བུ་ནི། ། རིང་ཚད་ཁྲུ་ལས་སོར་བཞིའི་བར། ། ཆེ་ཆུང་ཇི་ལྟར་བྱེད་པ་ཡི། ། དབལ་སོའི་ཁྱད་པར་བྱ་སྟེ་དབྱེ་ཞེས་གསུངས་པ་དང་། གཏིང་རྫོགས་ལས། རང་འབྱུང་སྤྲུལ་བའི་དབལ་ཕུར་ནི། ། ཏོག་ནི་ཐུགས་ཉིད་ཞི་བ་ལས། ། གཅུམ་གཞོག་ཚེ་བསོད་དབང་ཐང་རྒྱས། ། རྒྱ་མདུད་གོང་འོག་ཆགས་པའི་དབང་། ། ཆུ་སྲིན་དབལ་མོ་བྲན་དུ་འཁོལ། ། ཟུར་གསུམ་དྲག་པོ་གང་ཡང་སྒྲོལ། ། ཞེས་གསུངས་པའོ། འཆང་ཚུལ་ནི། བསྙེན་བསྒྲུབ་ཀྱི་རྟེན་ཕུར་ནི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་པའི་རྟེན་དུ་འཆང་། ལས་སྦྱོར་གྱི་བསྒྲལ་ཕུར་ནི་སྔགས་འཆང་རང་གིས་རྐེད་དུ་འཆང་ཞིང་ནམ་དགོས་ཀྱི་དུས་སུ་མཚོན་ཏུ་ཕྱུང་ལ་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་གཅིག་པའི་ངོས་ནས་ཕུར་བ་གདབ་སྟེ་བསྒྲལ་བྱའི་རྣམ་ཤེས་དབྱིངས་སུ་བསྟིམས་པའི་དག་པ་དྲན་པར་བྱའོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།