སྟོང་རྒྱུང་གི་གྲི་མདུད་དང་གཤེན་ཀླུ་དགའི་ཕྱག་སིལ་བཞུགས།

 3
རྩ་གསུམ་བདག་ཉིད་བླ་མའི་དཀྱིལ་འཁོར་ཤར། །ཀློང་དགུའི་ཡི་དམ་ཞི་རྒྱས་དབང་དྲག་ལྷ། །གནས་གསུམ་ཞིང་སྐྱོང་མ་སྲིང་མཁའ་འགྲོ་ཡི། །དམ་ཅན་ལྷ་དང་སྲུང་མས་ཤིས་པ་སྩོལ། ། ཞེས་མཆོད་བརྗོད་པདྨ་དཀར་པོས་མདུན་བསུས་ཏེ་གླེང་བར་བྱ་བ་ནི། ཚེ་ལོ་བརྒྱ་བའི་སྟོན་པ་རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་སྐུ་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་འཛམ་གླིང་རྒྱན་དྲུག་ཞེས་ཀུན་ལ་གྲགས་ཆེ་བ་དེ་དག་གི་ཐུགས་སྲས་མཁས་པ་མི་བཞི་ཞེས་ཞང་བོད་ཀུན་ལ་འབྲུག་ལྟར་གྲགས་པ་དེ་ཡང་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན། བོད་ཀྱི་མཁས་པ་ཤ་རི་དབུ་ཆེན། ལྡེའུ་གྱིམ་ཚ་རྨ་ཆུང་། མེ་ཉག་ལྕེ་ཚ་མཁར་བུ་བཞི་བྱོན་ནས་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཡོངས་ལ་དར་སྤེལ་མཛད། ལྷག་པར་དུ་རིག་འཛིན་སྟོང་རྒྱུང་མཐུ་ཆེན༼སྤྱི་ལོ་སྔོན་གྱི་༩༧༦ལོར་འཁྲུངས༽ནི་རྫུ་འཕྲུལ་དང་གྲུབ་རྟགས་སོགས་ཀྱི་འགྲན་ཟླ་བྲལ་བ། རྒྱལ་བོ་མུ་ཁྲི་བཙད་པོའི་དུས་ནས་ཞང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་མཛད་དེ་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བསྟན་པ་དར་ནུབ་བྱུང་སྐབས་གཡུང་དྲུང་གི་བོན་རྣམས་གཏེར་དུ་སྦས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དང་བོད་ཁམས་ལ་སྡེ་བརྒྱད་ཀྱི་ཆོ་འཕྲུལ་བྱུང་ནས་བོད་ཁམས་མི་བདེ་བར་ཡོད་ཚེ། ཀུན་གྱིས་སྨྲེ་ངག་བཏོན། སྟོང་རྒྱུང་མཐུ་ཆེན་བོད་ལ་བཀའ་དྲིན་ཆེ་ཞེས་པ་བཞིན། སྙིང་རྗེས་མ་བཟོད་པར་བོད་ལ་ལན་གཅིག་བྱོན་ནས་བོད་ཁམས་བདེ་ལ་བཀོད། ལྷ་འདྲེའི་དམ་རྟགས་སུ་རལ་གྲི་ལ་མདུད་པ་ལན་གསུམ་བྱས་པས་འབྱུང་བོ་མི་མིན་ལྷ་འདྲེ་ལ་དམ་རྟགས་སུ་བཞག ཕྱག་སིལ་འདིའི་སྒྲ་ཐོས་པ་ཙམ་གྱིས་ངན་སོང་མེད་པར་གསུངས། རལ་གྲི་འདི་མཆོག་དམན་སུ་ཞིག་ཡིན་ཡང་དག་སྣང་གིས་མཇལ་ན་བར་ཆད་མེད་པར་གསུངས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བར་གསུངས་སོ། །
1 2  4 5

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།