ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ཞེས་བྱ་བ་བཞུགས་སོ།།

ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ཞེས་བྱ་བ་བཞུགས་སོ།།
སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།

༄༅། །རང་རྒྱུད་ཞི་ཞིང་དལ་བའི་ངང་། །གཞན་རྒྱུད་འདུལ་ལ་རྟག་བརྟུན་པ། །ཐབས་ཤེས་ཟབ་མོ་ནོར་བུའི་མཛོད། །བླ་མ་རྣམས་ལ་དེ་པ་ཧོ། །སྐུ་ཡི་ཕྱག་ཆ་གསེར་གཤང་དང་། །གསུང་གི་ཕྱག་ཆ་གཡུ་རྔ་དང་། །ཐུགས་ཀྱི་ཕྱག་ཆ་བཀྲ་ཤིས་དུང་། །ཡོན་ཏན་ཕྱག་ཆ་དངུལ་དཀར་སྦུབ། །ཕྲིན་ལས་ཕྱག་ཆ་གྷ་ཏི་ཤིག།།

1

དེ་ཡང་སྒྲ་དབྱངས་རྒྱལ་མོ་ཞེས། །གཤང་རབས་ལ་ནི་རིགས་གསུམ་སྟེ། །གཤང་ངམ་ཁྲོ་ལོ་སིལ་སྙན་ནི། །ཆེ་བ་གསེར་ཉའི་ནུ་འབུར་ལས། །བྱུང་བའི་གླང་རེ་གཤང་ཆེན་དང་། །འབྲིང་བ་སངས་པོའི་ནུ་འབུར་ལས། །བྱུང་བའི་ཁྲི་ལོ་གནམ་གྲགས་དང་། །ཆུ་ལྕམ་རྒྱལ་མོའི་ནུ་འབུར་ལས། །བྱུང་བའི་ཁོལ་མོ་སིལ་སྙན་གྲགས། །དེ་ཡང་རྒྱུ་ནི་གཤང་རབས་ལས། །རིན་ཆེན་དང་མ་གསེར་དང་དངུལ། །ལི་དང་བསྲེས་པའི་སིལ་སྙན་སྒྲ། །ཞེས་པ་ལི་དང་གསེར་བསྲེས་པའི། །སྐད་ནི་སྦོམ་ལ་ཕོ་སྐད་འབྱུང་། །གསེར་གཤང་སེར་པོ་ཞེས་བྱ་ལ། །ལི་དངུལ་བསྲེས་པ་མོ་སྐད་འབྱུང་། །དངུལ་དཀར་གཤང་ཆུང་དེ་ལ་ཟེར། །ལུང་ལས་སྒྲ་སྙན་ཕོ་ལང་ཞེས། །སྟོང་བའི་རང་བཞིན་རྣ༼རྣམ་༽པ་ཟླུམ། །ཆེ་ཆུང་ཅི་བྱེད་ཕོ་བྲང་གི། །ཆ་ཕྱེད་གཉིས་གཉིས་སྤེལ་ཞེས་གསུངས། །ཕོ་བྲང་ཕྱི་རིམ་མུ་ཁྱུད་ནི། །རིམ་པ་གསུམ་དུ་བསྐོར་བར་བྱ། །སྐུ་གསུམ་འགྲོ་བའི་དོན་མཛད་བརྡ། །ཕོ་བྲང་ནང་གི་འཁོར་ལོ་ལྔར། །རིགས་ལྔའི་ས་བོན་འབྲུ་ལྔ་བཀོད། །རྒྱལ་བ་རྒྱ་མཚོ་འདུས་པའི་བརྡ། །མུ་ཁྱུད་བར་མའི་འདབ་བརྒྱད་ཀྱི། །ནང་དུ་བཀྲ་ཤིས་རྟགས་བརྒྱད་བཀོད། །ཕྱོགས་རྣམས་ཀུན་ལས་རྒྱལ་བའི་བརྡ། །པད་སྡོང་སྦུ་གུ་དོད་པ་དེ། །བློ་ཕུག་བོན་ལ་གཏད་པའི་བརྡ། །དེ་ལ་འོད་འདུ་ཡོད་པ་དེ། །བོན་ཕུགས་སེམས་སུ་འདུས་པའི་བརྡ། །དཀྱིལ་དུ་གསང་ཁུང་ཡོད་པ་དེ། །གཤིས་ལུགས་གསལ་སྟོང་ཡིན་པའི་བརྡ། །ལྟར་བར་སྐྱོན་བྲལ་པད་སྡོང་རྩེར། །བརྩེ་བ་ཆེན་པོའི་ཨ་ལུང་ལས། །ཐུགས་རྗེའི་ཉག་ཐག་སྐྱོང་པའི་རྒྱུད། །ཁྲི་ཐག་གླ་མགྲིན་བྱས་པ་ནི། །འགྲོ་དྲུག་བླ་རུ་འདྲེན་པའི་བརྡ། །རིན་ཆེན་སྣ་ཚོགས་བརྒྱན་པ་ནི། །ས་བཅུའི་ལམ་ལྔར་བགྲོད་ཚུལ་ཡིན། །གཤང་ལྕེ་པད་མ་ཁ་འབུས་ནི། །བརྒྱད་ཁྲི་བོན་གྱི་སྒོ་ཀུན་ནས། །རིས་མེད་ཡོངས་ལ་སྟོན་པའི་བརྡ། །གཙུག་སྐྱེ་རྭ་ལས་བྱས་པ་ནི། །རིག་པ་བོན་སྐུར་ཐིམ་པར་གྱུར། །འཕན་དར་བརྒྱན་པའི་དུས་གསུམ་དུ། །མི་ནུབ་བོན་གྱི་རྒྱན་མཚན་ཆེ། །ཉོན་མོངས་བདུད་ལས་རྒྱལ་བའི་བརྡའ། །སིལ་ཞེས་སྲིད་པའི་ཚ་གདུང་སེལ། །སྙན་ཞེས་ཟབ་དོན་སྟོན་པའི་སྒྲ། །གཤང་གི་དཀྲོལ་ཚུལ་གཤང་རབས་ལས། །དང་པོ་ཡར་ལ་བཀྱག་ཙམ་ན། །མེ་ཏོག་པད་མ་རྒྱས་པ་འདྲ། །སྒྲུབ་གཤེན་ཕྱག་ཏུ་བསྣམས་ཙ་ན། །མཁའ་ལ་ཉི་ཟླ་ཤར་བ་འདྲ། །ཕོ་ལང་གཅིག་པུར་དཀྲོལ་བའི་དུས། །གཡས་ཀྱིས་དཀྲོལ་ལ་རྔའི་གྲོགས་དུས། །གཡོན་དུ་བཟུང་ནས་དཀྲོལ་བར་བྱ། །ཕར་དཀྲོལ་རྐྱེན་ངན་གང་ཡང་བཟློག །ཚུར་དཀྲོལ་ཡོན་མཆོད་འཁོར་བཅས་བསྲུང་། །གཞན་སྡེའི་འཇམ་དཔལ་རྩ་རྒྱུད་ལས། །བདེ་མཆོག་སོགས་ལས་གཤང་རང་གི། །སྒྲ་ནི་ཟབ་མོ་སྟོང་བ་ཉིད། །ཤེས་རབ་སིལ་སྙན་ཡང་དག་པ། །སྦྱོར་བའི་སྒྲ་ཞེས་དེ་འདྲ་མང་། །ཁོ་ཅག་ཆོས་པ་ན་རེ་ནས། །མི་ཤེས་པ་ཡི་རྡོལ་ཚིག་གམ། །ཤེས་བཞིན་ཉིད་ཀྱིས་སྙན་ཚིག་ཏུ། །གཤང་ཞེས་པ་ནི་མཁར་སྔ་དང་། །སིལ་སྙན་ཞེས་པ་སིལ་ཆས་ཀྱི། །མིང་ཡིན་བཤད་ནས་ཕྱག་ཆ་རུ། །མི་འཛིན་ཁོ་ལ་མེད་ཚུལ་བསྟན། །དེ་ཕྱིར་རྡོར་དྲིལ་བོན་པོ་ལ། །གཏན་ནས་མེད་པ་མ་ཡིན་ཏེ། །སྟོན་པའི་སྐུ་ཡིས་འགྲོ་འདུལ་སྐབས། །ལ་ལས་ཁོལ་མ་དྲིལ་ཆེན་དཀྲོལ། །ལ་ལས་དངུལ་དཀར་དྲིལ་ཆུང་དཀྲོལ། །ཞེས་དང་གསས་མཁར་སྤྱི་སྤུངས་ལས། །ལྷོ་ཤར་གཡུ་ཡི་དྲིལ་བུ་ལྗགས། །ཞེས་པ་ཡོད་ཀྱང་དེ་མི་འཆང་། །དེ་ཡི་རྒྱུ་མཚན་གང་ཞེ་ན། །བོན་ཆས་དར་ནུབ་བར་སྐབས་སུ། །བོན་ཆོས་གཉིས་ཀ་གཅིག་ཏུ་བཟླུམས། །སླར་ཡང་སོ་སོར་གྱེས་པའི་ཚེ། །དྲིལ་སིལ་རང་རེས་སྐལ་རེ་བསྣམས། །བོན་པོའི་ཡིན་ཞེས་འཆང་དགོས་ན། །དྲིལ་བུ་ལྟ་ཞོག་ཆོས་ཐམས་ཅད། །བོན་ལས་བཅོས་པའི་ཆོས་ཞེས་སོགས། །ཆོས་ཀྱི་ཕུགས་སོ་བོན་ལ་ཐུག །ཆོས་ཀྱང་བོན་ལས་གཉིས་སུ་མེད། །གྲུབ་མཐའ་ལྟར་ན་གཉིས་སུ་ངེས། །སྔོན་དུས་ཁྱབ་པས་ཆོས་པོ་ལ། །རྡོར་དྲིལ་བྱིན་ནས་ལུང་བསྟན་ཚེ། །ང་མིན་ཆོས་པོས་བོན་བཅོས་ཏེ། །ཆོས་ཞེས་བཏགས་ནས་ལོག་ཆོས་བྱས། །དེ་ཚེ་ཐུབ་པས་བདུད་བཏུལ་ཏེ། །ཆོས་དེ་བསྣུབས་ནས་དམ་ཆོས་སྤེལ། །ཆོས་ཞེས་དེ་གར་མིང་མཐུན་མཛད། །དེ་ནས་བཟུང་སྟེ་བོན་པོས་ཀྱང་། །གཤའ་མའི་བོན་གྱི་ཚུལ་བཞེས་ནས། །དེ་དང་སོ་སོར་ཤན་འབྱེད་ཕྱིར། །རྡོར་དྲིལ་བསྐྱུར་བ་དེའི་དོན་ནོ། །

2

སྒྲ་དབྱངས་རོལ་མོ་འུར་ཆེན་ནི། །ཕྱི་ནང་གསང་གསུམ་སྤྱི་རྒྱུག་ཏུ། །གསང་སྔགས་རྒྱུད་སྡེ་གང་ལས་ནི། །ཞི་རྒྱས་དབང་དྲག་རྒྱུན་གྱི་ཤིང་། །མིང་ནི་སོ་སོར་མང་མཆིས་ཀྱང་། །ཙན་དན་ཤུག་པ་རྒྱུན་གྱི་ཤིང་། །གསུངས་ཕྱིར་སྤྱི་རྒྱུག་ཤུག་པར་བྱ། །དབྱིབས་ནི་མང་ཡང་ཟླུམ་པོར་བྱ། །དབྱིབས་ནི་བོན་ཉིད་དབྱིངས་ཀྱི་ཚུལ། །ཞེས་པས་གང་ཡང་དེར་འདུས་ལ། །ཆེ་ཆུང་གང་འདོད་ཞིང་རྒྱ་དེའི། །དཔག་པ་རྔམས་སུ་ཕྱེད་ཕྱེད་བྲི། །དཔངས་དེ་ཆ་བཞིར་བགོས་པ་ཡི། །ཆ་གཉིས་དཀྱིལ་གྱི་འབུར་ཚད་ཡིན། །གཡས་གཡོན་གཉིས་ལ་ཆ་རེ་བྱ། །གཡོགས་ནི་མང་ཡང་འབྲི་ར་དང་། །རྣ་བའི་པགས་པ་གང་རུང་ལ། །ཤ་ནག་སྐྱི་ཆུང་མེད་པར་བྱ། །རྔ་རབས་ལས་ཀྱང་གཡུང་དྭགས་ཀྱི། །གཡང་གཞིས་གཡོགས་པའི་རྔ་སྒྲ་ཡིས། །རིགས་དྲུག་སེམས་ཅན་སྡུག་བསྔལ་སེལ། །དེ་ཡང་ཅུང་ཙམ་མཉེ་བྱས་ལ། །སྦང་མ་བཙིར་བའི་ཁུ་བའི་ནང་། །ཕུན༼ཕུག༽་རོན་བྲུན་ནི་སྤར་བ་གང་། །ཕྱེ་མར་བྱས་ལ་རླངས་ཐོན་ཙམ། །སྲོས་པའི་ནང་དུ་ཞག་གསུམ་སྦངས། །དེ་ནས་ཆུ་བཙུར་ཞག་བདུན་པར། །ཕུར་རྒྱགས་བྱ་ཞིང་སྐམ་ཐག་བཅད། །ཕྱུགས་ཀྱི་རྒལ་རྣག་ར་ལུག་གི། །ཀླད་པ་བྱུགས་པས་ལྡིར་ཆེ་ལ། །སུག་ཕྱེ་ཁྱོར་གང་ཞོ་སྐྱ་ནི། །ཕུལ་ལྔ་བཏབ་ལ་རློན་མཉེད་བྱ། །མདངས་ལེགས་འཐེན་ན་སླ་བ་འོང་། །དེ་ནས་དཀར་ཞིང་སྐད་བཟང་ཆེ། །སྦང་མ་གསར་བ་བཙིར་བ་ཡི། །ཁུ་བར་པགས་པ་ནུབ་ཙམ་བྱེད། །ཆུ་སེར་ཐོན་པའི་རྫས་མཚུར་དང་། །བུལ་ཏོག་སྒོང་སྐོགས་གང་རེ་བཏབ། །རྫས་དེའི་ནང་དུ་ཞག་གཅིག་བཞག །དེ་ནས་གཅུས་ཕུར་ཆུ་མེད་བཙུར། །དྲ་དྲི་ནག་ནོག་མེད་པར་བྱ། །གཡོགས་ནས་མེ་ཉི་མེད་སར་བཞག །སྟག་སེང་ཁྱུང་འབྲུག་ཚོན་རིས་སམ། །ཡང་ན་ལྗང་ཁུ་རྐྱང་བར་བྱ། །ཡར་ཐག་ཐུགས་རྗེ་ཉག་ཐག་སྟེ། །མར་ཐག་ཐུགས་རྗེ་ཞགས་པ་ཡིན། །རྔ་འཕན་ལྷ་དང་སྲུང་མའི་རྟེན། །བརྡུང་ཚུལ་རང་རེའི་ལུགས་བཞིན་བྱ། །

3

སྒྲ་རྒྱན་ཨུན་མོའི་བྱུང་ཚུལ་ནི། །སྔོན་ཚེ་འོལ་མོ་ལུང་རིང་གི། །ནུབ་ཕྱོགས་རྒོད་གསས་རྒྱ་ཡི་རྒྱུད། །ཀོང་ཙེའི་གནས་ཀྱི་ལྷ་ཕྱོགས་ན། །མུ་ཁྱུད་བདལ་བའི་རྒྱ་མཚོའི་ཐོག །དཀར་ནག་བཀྲ་གསལ་བཞེངས་པའི་ཚེ། །བདུད་ཀྱིས་བར་ཆོད་ཆུ་སྲིན་གྱིས། །གསས་ཁང་བཤིག་ཏུ་རྩོམ་པ་ལ། །རྣམ་པར་རྒྱལ་བས་རང་གི་ཐུགས། །ཕྱུང་ནས་མཚོར་འཕངས་དུང་གྲུབ་པས། །ཆུ་སྲིན་བསྒྲལ་ཏེ་དེའི་རྒྱུད་ལས། །དུང་དཀར་མང་པོས་སྟོང་གསུམ་ཁྱབ། །མུ་ཁྱུད་འབུར་ཟླུམ་གྱེན་འཁྱིལ་བ། །ནོར་བུ་སྙིང་གི་ཚུལ་གྱིས་མཇུག །ངར་ལྡན་ཕུར་བའི་དབྱིབས་ལྟ་བུ། །བཀྲ་ཤིས་དུང་གི་གསུང་ཐོས་ཚད། །མྱ་ངན་སངས་ཤིང་ཡིད་ཅན་ཀུན། །ཁ་ལོ་གྱེན་ཏུ་བསྒྱུར་བར་བྱེད། །གསུང་སྙན་གྲགས་པས་མཁའ་ཁྱབ་ཅིང་། །བོན་བསྟན་ཕྱོགས་བཅུར་རྒྱས་པར་གྱུར། །འབུད་ཚུལ་དང་པོར་མདོར་རྒྱགས་ཤིང་། །དབྱངས་རིང་ཇེ་ཆེས་ཁྱབ་པར་མཛད། །

4

ཕྱོ་ལམ་སྦུབ་ཆོས་ཕེག་རྡོབ་ནི། །སངས་རྒྱས་སྟོན་པའི་བྱིན་རླབས་ཀྱིས། །རིན་ཆེན་ལོ་དམར་ལས་གྲུབ་པའི། །ཡོན་ཏན་ཕྱག་ཆ་ཉི་ཟླའི་ཚུལ། །བྱུང་བས་མདོ་སྔགས་དར་བར་གྱུར། །ནང་སྟོང་བོན་ཉིད་དབྱིངས་ཟླུམ་ཚུལ། །བསྟན་པའི་སྙིང་བོ་སྒོམ་སྒྲུབ་དར། །སྙན་པའི་སྒྲ་དབྱངས་སྒྲོགས་པ་ཡིས། །བོན་སྒྲས་ཕྱོགས་ཀུན་ཁྱབ་པར་གྱུར། །གསང་རྒྱུད་རིན་ཆེན་ཕྲེང་བ་ལས། །ངོ་མཚར་གསེར་དངུལ་ཟངས་མ་ཡི། །ཅག་པ་ཞེས་པ་གསེར་ཟངས་གཉིས། །བསྲེས་པར་ཕོ་སྐད་ཅོང་པོ་དང་། །དངུལ་ཟངས་མོ་སྐད་སེང་ངར་ཅན། །ཡོང་བའི་རོལ་མོ་ཆེ་ཆུང་གང་། །ཕོ་བྲང་ཆ་བྱེད་འདབ་མ་བྱ། །སིལ་ཆོལ་ལའང་ཕོ་བྲང་གི ། །ཆ་གཉིས་འཕེལ་བར་སྤོས་ཤེལ་གྱིས། །བརྒྱག་ཚུལ་གསང་སྔགས་སྤྱི་རྒྱུད་ལས། །སེང་གེ་སྒྲ་དབྱངས་མ་དང་བུ། །ཀླུ་ཁྱུང་ཕྱག་རྒྱས་ཉེར་བླངས་ཏེ། །ཞེས་པ་གསུངས་ཕྱིར་ཆ་ལང་ནི། །ཕྱི་མ་མ་ལ་ནང་མ་བུ། །ལག་གཡོན་ཁྱུང་གི་ཕྱག་རྒྱ་ཡིས། །ཅག་པའི་མ་དང་གཡས་སྦྲུལ་གྱི། །ཕྱག་རྒྱས་བུ་བླང་མཐོ་དམའ་ནི། །ལག་གཡོན་གྲུ་མོས་མཁའ་ཁུང་མནན། །ལག་གཡས་གྲུ་མོས་ནུ་མ་མནན། །ཁ་ཕྱེད་ཆེ་ཆུང་ཚད་ཆེ་བར། །ཚེས་བཞིའི་ཟླ་བ་ལྟ་བུ་དང་། །ཆུང་བར་ནས་འབྲུ་ཐར་ཙམ་དགོས། །ཕྱི་མཚམས་སྤྱན་འདྲེན་བསང་མཆོད་མགོ །ཞི་བའི་སྐུ་བསྟོད་ལ་སོགས་པ། །ཤིན་ཏུ་དལ་བའི་རིགས་རྣམས་ལ། །ཉི་མ་ལ་སྐོར་བརྡུང་དགོས་ཏེ། །དང་པོ་ལྟེ་ཐད་དྲང་པོ་རུ། །བཟུང་ནས་ཚིང་ཚིང་ལན་གསུམ་བྱ། །དེ་ནས་གཡས་ཀྱིས་ནང་ཕྱོགས་ནས། །ཕྱི་རུ་བླང་ཞིང་བསྐོར་ཏེ་ཕྱར། །གཡོན་ཕྱོགས་ཡར་བཀྱགས་གཡོན་ཕྱོགས་ནི། །སྔོན་དུ་ཕོག་པའི་ཚུལ་གྱིས་བརྒྱག །ནང་མཚམས་གསང་མཚམས་བསྐུལ་བ་དང་། །དྲག་པོའི་སྐུ་གསོལ་ཟློག་གསོད་དང་། །དམར་ལམ་གཏོར་འབུལ་རིགས་རྣམས་ལ། །ཅུང་ཟད་མགྱོགས་པར་བརྡུང་དགོས་པས། །གླང་ཆེན་མཆོང་སྟབས་བརྡུང་དགོས་ཏེ། །བླངས་ཤིང་བཟུང་ལུགས་གོང་དང་འདྲ། །མདུན་ཕྱོགས་ནས་བླང་མདུན་ཕྱོགས་སུ། །སྔོན་དུ་ཕོག་པའི་ཚུལ་དུ་བརྒྱག །བསྐང་བ་མཆོད་འབུལ་བྱིན་འབེབ་བསང་། །ཚོགས་ཀྱི་གཏོར་འབུལ་རིགས་རྣམས་ལ། །མགྱོགས་བུལ་རན་པ་ཡིན་པས་ན། །རི་བོ་བང་སྐོར་བརྡུང་དགོས་ཏེ། །བླང་ལུགས་ཀྱང་ནི་གོང་དང་མཚུངས། །གཡས་ཀྱི་ཕྱོགས་ནས་ཡར་བླངས་ཤིང་། །བསྐོར་བའི་ཚུལ་བྱེད་གཡས་སྔོན་བརྒྱག །འཇོག་ཚེ་སྔོན་དུ་གཡས་སྦྲུལ་གྱི། །ཕྱག་རྒྱས་སྦུབ་ཀྱི་བུ་འཇོག་སྟེ། །དེའི་སྟེང་ཁྱུང་གི་ཕྱག་རྒྱ་ཡིས། །སྦུབ་ཀྱི་མ་འཇོག་ཀླུ་ཁྱུང་གཉིས། །ཁྱུང་ཉིད་རྒྱལ་བའི་ཚུལ་བྱའོ། །ཕྱོ་ནི་ཉོན་མོངས་དག་པའི་ཕྱོ། །ལམ་ནི་ཡེ་ཤེས་རྒྱས་པའི་ལམ། །ཕྱོ་ནི་སྲིད་གསུམ་དོང་སྤྲུག་ཕྱོ། །ལམ་ནི་སྐུ་གསུམ་འབྲས་ཐོབ་ལམ། །ཞེས་པའི་ཡོན་ཏན་མཐའ་ཡས་སོ། །སིལ་ཆོལ་དཀྲོལ་བའི་ཚུལ་ལ་ཡང་། །བྱ་རྒོད་གཤོག་སྤྲུག་བརྡུང་བར་བྱའོ། །

5

གྷ་ཏི་ཤག་ཅེས་རྐང་གླིང་ནི། །བྱུང་ཚུལ་སྔོན་ཚེ་རྩ་གསུམ་གྱི། །ལྷ་གནས་གཡུ་ལུང་ཤེལ་བྲག་ཏུ། །འཆི་མེད་གསང་འདུས་རྣམ་གཉིས་ཀྱིས། །རུ་ཏྲ་ཕོ་མོའི་བརླ་རྐང་མཛད། །ཞང་ཡུལ་བྲག་ཕུག་རོང་ཆེན་དུ། །སྟག་ལས་སྲིན་པོའི་བརླ་རྐང་བྱས། །སྟོང་རྒྱུང་དྲན་པས་བཅོ་ལྔ་བ། །རྟ་གྲི་ཕོ་ཡི་རྐང་གླིང་དང་། །བཅུ་དྲུག་ཐོག་གྲི་མོའི་རྐང་བྱས། །མཁའ་འགྲོ་རྩ་རྒྱུད་ལས་མཁའ་འགྲོ། །འབོད་བརྡ་དུང་ཆེན་མི་རྐང་གླིང་། །ཞེས་པ་མཁའ་འགྲོ་འབོད་པའི་བརྡ། །གཡུལ་དུ་ཤི་བའི་གྲི་རྐང་དང་། །དཔའ་བོ་འབོད་པའི་བརྡ་སྐད་ནི། །བུ་མོ་དར་མའི་གྲི་རྐང་ཡིན། །བྱ་ཚུལ་ཕོ་མོ་གང་རུང་དེའི། །རོ་རྩར་ཕྱིན་ནས་རྟེན་འབྲེལ་བརྟག །རོ་ཁ་ཤར་གྱུར་ཚེ་རིང་ལ། །བྱང་གྱུར་མཐུ་ཆེ་ལྷོར་གྱུར་བཟང་། །ནུབ་ཏུ་གྱུར་ན་ངན་ཏེ་སྤང་། །གང་དེའི་སྙིང་རྗེའི་ངང་ནས་ཐབས། །ཉེ་ལམ་ཟབ་མོའི་འཕོ་བ་དང་། །ལུས་སྦྱིན་བྱ་ལ་སངས་རྒྱས་ཀྱི། །ས་ལ་འགོད་པའི་སྐཐཡབས་དམིགས་དང་། །སྟོང་བ་ཉིད་ཀྱི་རྒྱས་གདབ་ཅིང་། །བརླ་གཉིས་སྟེང་ནས་གཤག་པར་བྱ། །རུས་པ་བླང་ལ་དང་པོ་ནི། །བྱ་མར་ཟླ་བ་ཙམ་དུ་སྦངས། །རྐང་རྣམས་ཕྱི་རུ་ཐོན་ཐབས་བྱ། །དེ་ཡང་ཆུ་རུ་བཙོས་ནས་སུ། །ངར་ལྡན་གྲི་ཡིས་བཅད་བཞོག་བྱ། །ཡར་སྣེའི་རུས་ལྷག་མཚམས་ནས་བཅད། །རྐང་མགོ་པད་སྤུངས་ཁ་ཕྱིར་འཕྱར། །སྐེད་པ་སྐ་རགས་ཀྱིས་བརྒྱན་པ། །ལྟེ་བར་རྡོ་རྗེ་རྒྱ་གྲམ་དང་། །འཕོང་དུ་ཨ་ལུང་ལྡན་པར་བྱ། །མར་སྣེ་མཁའ་འགྲོ་གསང་གཅོད་ལས། །ལྷ་བ་མ་ལ་མཁའ་འགྲོ་འདུ། །ཟངས་ཁ་མ་ལ་དམ་ཅན་འདུ། །རྒྱུན་བུ་མཉེན་མོས་ལྕག་ལྕེ་བྱ། །ཟངས་ཁ་མ་ནི་ཆུ་སྲིན་གྱི། །གཟུགས་སུ་བཅོས་ཏེ་གཞན་རྣམས་འདྲ། །རྭ་ཁ་མ་ལ་དྲི་ཟ་འདུ། །ཞེས་པས་ལྷ་བ་ཆེ་ཆུང་ནི། །ལེགས་པར་བཅོས་ཤིང་དམའ་བ་གསོ། །གྱེན་དུ་མིག་གཉིས་ཚོར་རེ་ཕུག །འཁྱུད་གང་བར་དུ་ཞིང་ལྤགས་ཀྱིས། །གཡོགས་ལ་རྩེ་རྐེད་མཐའ་གསུམ་ནི། །གྲི་རྒྱུས་ཀྱིས་སྡོམ་དམར་པོ་བྱ། །རྭ་ཁ་མ་ནི་གོང་བཤད་ལྟར། །བྱ་རྒོད་དར་མའི་རྒྱུས་པ་སྐྲིས། །གཡག་རོག་གླང་རོག་རྭ་ཅོ་ལ། །ཆུ་སྲིན་འབྲུག་གི་བྱའོ། །རྐང་གླིང་ཇི་ལྟར་འབུད་པ་ནི། །མཁའ་འགྲོ་གསང་གཅོད་ལས་གསུངས་པ། །སྨན་རི་བ་ཡི་སྙན་རྒྱུད་དང་། །མཁའ་འགྲོ་གསང་གཅོད་ཞལ་མཐུན་པས། །ཕྲིན་ལས་རྣམ་བཞིའི་ལས་གྲུབ་བརྡ། །བྱིན་རླབས་ཆར་ཆེན་འབེབ་པ་ཡིས། །ཡེ་ཤེས་ལྷ་ཚོགས་མངོན་སྤྱན་འདྲེན། །ཞེས་པས་ཕྱི་མཚམས་སྤྱན་འདྲེན་དང་། །ཞི་བའི་སྐུ་བསྟོད་བསང་མཆོད་དབུ། །བཀའ་སྐྱོང་དབུ་ལ་འདི་ལྟར་འབུད། ། ___ ཧཧྷཱཧྷཱཧྷཧྷཧྷཱཧ ལྷུན་གྲུབ་ཞི་བའི་རྐང་གླིང་སྒྲས། །ཞི་ལས་མཁའ་ལྟར་འགྲོ་ལ་ཁྱབ། །བྱིན་རླབས་ཆར་འབེབ་མ་འདིའོ། །བྱིན་ཆེན་དབྱིངས་ནས་འབེབ་པ་ཡིས། །སྣ་ཚོགས་མཆོད་པས་མགྲོན་བཞི་མཉེས། །ཞེས་པས་མཆོད་སྐོང་བསྟོད་པའི་རིགས། །བསང་དང་ཚོགས་ཀྱི་གཏོར་འབུལ་ལ། ། ___ ཧཧཧཧྷཧྷཱཧ མཐར་ཕྱིན་རྒྱས་པའི་རྐང་གླིང་སྒྲས། །རྒྱ་ལས་འགྲོ་ཀུན་བདེ་ལ་བཀོད། །བྱིན་ཆེན་དབྱིངས་འབེབ་མ་འདིས་རིགས། །གཏད་པ་མདའ་གཞུ་མ་དེ་ཡིས། །ཀླགས་ལྟའི་ཉམས་སོད་དབང་དུ་སྡུད། །ཅེས་པས་ནང་མཚམས་གསང་མཚམས་དང་། །དབང་སྡུད་ཟིལ་སྣོན་ཟློག་པ་དང་། །བཀའ་སྐྱོང་མཐའ་ཡི་གཏོར་འབུལ་ལ། ། ___ ཧཧྷཱཧྷཱཧྷཱཧ སྨིན་གྲོལ་དབང་གི་རྐང་གླིང་སྒྲས། །དབང་ལས་སྐྱེ་རྒུ་ཐར་ལམ་འདྲེན། །གཏད་པ་མདའ་གཞུ་མ་འདི་བྱེད། །དགྲ་བགེགས་དཔུང་ཚོགས་འཇོམས་པ་མས། །དགྲ་དང་བགེགས་ལ་དམོད་མདའ་བསྣུན། །ཞེས་པས་འགུགས་པ་ལྷ་དབྱེ་དང་། །བསད་པ་དམོད་བཅོལ་རྣམས་ལ་ནི། ། ___ ཧཧཧྷཱཧ མངོན་སྤྱོད་དྲག་པོའི་རྐང་གླིང་སྒྲས། །དྲག་ལས་བསྟན་དགྲ་རྡུལ་དུ་རློག །དགྲ་བགེགས་དཔུང་འཇོམས་མ་འདིས་སོ། །དེ་ལྟར་གཤེན་གྱི་ཕྱག་ཆ་ལྔས། །མནོ་དགུ་འགྲུབ་པའི་གྲོགས་མཛད་དོ། །

6

ཊ་རུ་ཕྱི་རྒྱུད་འདུལ་ཁྲིམས་པའི། །ཕྱག་ཆ་ཊ་རུ་ཅང་ཏེའུ་དང་། །གསང་བ་དགོངས་ཉམས་ལྡན་པ་ཡི། །ཕྱག་ཆ་བྷན་དྷ་ལྟག་སྤྲོད་ཅེས། །གསུངས་མོད་སྒྱུ་འཕྲུལ་དྲ་བ་ལས། །ཊ་རུ་ཅང་ཏེའུ་མཚན་ཉིད་ནི། །ཙན་དན་དཀར་དམར་སེང་ལྡེང་དང་། །མ་ཡི་ཐོད་སོགས་གང་ཡང་རུང་། །གསུངས་མོད་དེ་བཞིན་མ་འབྱོར་ན། །ཤིང་ལས་བྱས་པའི་ཊ་མ་རུ། །ཆེ་ཚད་སོར་མོ་བཅུ་གཉིས་ལ། །འབྲིང་བོ་དགུ་དང་ཆུང་བ་ལྔ། །ཆུ་ཞེང་མཉམ་པའི་ཚད་དུ་བླང་། །ཞེས་དང་སྔགས་ཀྱི་རྒྱུད་སྡེ་ལས། །གསང་བའི་རྔ་ཆུང་ཅང་ཏེའུ་ནི། །བཅུ་དྲུག་ཕོ་དང་བཅུ་གཉིས་མོ། །ཐོད་པ་ལས་བྱས་བསྐོར་བ་ཉིད། །ལྟག་སྤྲད་བདེ་བའི་ཁྱད་པར་ཅན། །ཞེས་པ་དེ་ཡང་ཕོ་མོ་ནི། །བཅུ་དྲུག་པ་ལ་ཁུ་བ་འཛག །བུད་མེད་ལོ་ནི་བཅུ་གཉིས་པར། །ཟླ་མཛན་འབྱུང་བ་ཡིན་པས་ན། །དེ་དག་མཉམ་པོར་སྦྱར་བ་ལས། །དགའ་བདེ་ཁྱད་པར་ཅན་སྐྱེ་བས། །དེའི་གོང་ཁུ་ཁྲག་མི་འཛག་པས། །གཞན་གྱིས་དེ་ལྟར་མི་འགྲུབ་བོ། །སྤྲེལ་ལྤགས་ཞེས་ཀྱང་ཀོ་ལྗང་གཡོགས། །བརྡུང་བྱེད་སྲིན་བལ་དྲིལ་པ་ལ། །དར་དམར་གཡོགས་ཤིང་དར་སྐུད་ཀྱིས། །མིག་འབྲས་ཚུལ་དུ་ཡོང་བར་བྱ། །བརྡུང་ཐག་དམར་པོ་མིག་རྩའི་ཚུལ། །བྱ་ལ་ཕན་ཚུན་རེ་རེ་བཏགས། །ཊ་མ་རུའམ་ཅང་ཏེའུ་ནི། །གཟུགས་ནི་ཐབས་ཀྱི་བདེ་བ་ཆེ། །སྒྲ་སྐད་ཤེས་རབ་སྟོང་ཉིད་ཀྱི། །སྒྲ་སྒྲོག་ཚུལ་དུ་མཚན་པ་ཡིན། །གཉིས་བརྡུང་མ་དང་མཁའ་འགྲོ་དང་། ། བརྒྱ་དང་རྩ་བརྒྱད་ཅེས་པ་དང་། །གསུམ་བརྡུང་མ་དང་མཁའ་འགྲོ་དང་། །བརྒྱ་དང་རྩ་བརྒྱད་སྟོང་རྩ་གཉིས། །ཞེས་པ་ངེས་ཚིག་ལྟར་བྱའོ། །

7

ཐོད་ཞལ་རྣམ་པར་བཤད་པ་ནི། །སྡེ་ཚན་བདུན་གྱི་སྒོ་ནས་བསྟན། །དང་པོ་མི་ལ་བརྟག་པ་ནི། །བླ་མ་གདུང་རྒྱུད་ཁྱད་འཕགས་དང་། །མཁས་བཙུན་གྲུབ་ཐོབ་རྟོགས་ལྡན་གྱི། །དབུ་ཐོད་མཆོག་གི་ཐོད་པའོ། །དེ་མིན་ཕོ་མོའི་ཐོད་པ་ནི། །གསོན་དུས་མིག་བཀྲག་ཞན་པ་དང་། །མཆེ་རྣོ་རྣ་ཆེའི་ཐོད་པ་ནི། །མཁྲེགས་ཤིང་ཡིད་དུ་འོང་བ་ཡོད། །སྔོན་སོ་གཉིས་པར་སོ་ལྷག་དང་། །རྐན་ལ་སོ་ཡོད་མི་ཚེ་ལ། །དབུལ་བ་རྣམས་ལ་ནོར་ཐོད་འབྱུང་། །སྣ་རྐེད་ཉག་ཅིང་སྣ་ཆེ་ལ། །ཁྱུང་མཆུ་བཟང་བ་དེ་འབྱུང་ངོ་། །དཔྲལ་ཟུར་རྒྱས་པ་དེ་ལ་ནི། །གླང་ཆེན་མཆེ་བ་བཟང་བ་འབྱུང་། །དབང་པོ་རྣོ་ཞིང་སྐད་བདེ་བའི། །རིགས་ལ་ཚངས་བུག་ཡངས་པ་འབྱུང་། །སྤྱི་བོ་འབུར་བའི་མི་དེ་ལ། །བ་མོའི་ནུ་རྗེས་གསལ་བ་འབྱུང་། །གཉིས་པ་རོ་ལ་བརྟག་པ་ནི། །རང་ལ་རོ་ཡི་སྤྱི་བོ་ནི། །བསྟན་པར་དུམ་བུ་གཅིག་པ་ཡོང་། །དེ་བཞིན་མདུན་བསྟན་དུམ་གསུམ་པ། །གཡས་གཡོན་བསྟན་པར་གཉིས་པའམ། །བཞི་བ་འབྱུང་ལ་བླང་ན་རུང་། །ལྟག་པ་གཏད་ན་ངན་ཏེ་སྤང་། །མདུན་བསྟན་བསྟན་ཡང་ཡས་མར་གྱིས། །སྔོན་སོ་མེད་ན་ཕུང་ཐོད་དང་། །བརླག་ཐོད་ཡིན་པས་མི་རུང་ངོ་། །རུང་བ་གང་དེའི་སྐེ་བཅད་དེ། །ས་ལ་དྲང་པོར་བཞག་བྱས་ནས། །དཀོན་མཆོག་གསུམ་ལ་གསོལ་བཏབ་སྟེ། །རུང་ངམ་མི་རུང་པྲ་ལྟས་ནི། །སྟོན་ཅིག་ཅེས་པའི་དམོད་བཙུག་ཅིང་། །ཆོས་སྐོར་བསྐོར་ལ་ལན་གསུམ་བརྟག །རང་ཉིད་ལ་ནི་མདུན་བསྟན་བཟང་། །རྒྱབ་བསྟན་ངན་པས་བཟང་རྟགས་གཉིས། །ངན་རྟགས་གཅིག་ཡིན་བཟང་བར་བཤད། །ངན་རྟགས་མང་ན་སྤང་བར་བྱའོ། །གསུམ་པ་དུམ་བུར་བརྟག་པ་ནི། །བྱེ་བྲག་རུང་བིའ་ཐོད་པ་དེ། །སྨིན་མཚམས་རྣ་ལྷན་གཡས་གཡོན་དང་། །ལྟག་པའི་མདུད་སྒོའི་དཀྱིལ་བཅས་པ། །སྒོར་མོར་ཐིག་བཏབ་དྲས་པར་བྱ། །རྒྱ་སྲུབ་ཅུང་ཙམ་མི་མངོན་པར། །ཤེལ་སྒོང་བཞིན་དེ་ཐོད་མཆོག་སྟེ། །བྱ་རི་ཡོངས་རྪོགས་ཐོད་ཆེས་བྱ། །ལྷན་དང་ལྟག་ལྷན་མི་བརྩི་ལ། །རྒྱ་སྲུབ་ཕྱི་ནང་འབྲེལ་མ་འབྲེལ། །དུང་དང་རྒྱ་སྲུབ་ཆད་མ་ཆད། །བརྟག་སྟེ་དུམ་བུར་བརྩི་བར་བྱ། །དུམ་བུ་གཅིག་པ་བོན་ལ་དབང་། །གཉིས་པ་ནོར་གསུམ་པ་ཟས། །སྔགས་ཀྱི་དངོས་གྲུབ་ཆ་བཞི་བ། །ལྔ་པ་ལ་ནི་ཞི་དང་རྒྱས། །དངོས་གྲུབ་སྒྲུབ་པའི་གནས་སུ་སྟེ། །ནོར་བུ་དེ་ནི་སྤང་མི་བྱ། །དུམ་བུ་གཞན་རྣམས་གོ་སླ་ལ། །སྔགས་ཀྱི་དངོས་གྲུབ་ཆ་བཞི་བ། །ཟེར་བ་ནལ་བུ་ཐོད་པ་སྟེ། །ཐོད་པའི་རྒྱ་སྲུབ་སྣའི་ཐད་ནས། །དཔྲལ་བའི་གཞུང་ལ་ཡོད་པ་ཡིན། །ནལ་བུ་མིན་པར་དེ་མི་འབྱུང་། །དུམ་བུ་དྲུག་ཡན་སྤང་བར་བྱ། །བཞི་བ་ཁ་དོག་བརྟག་པ་ནི། །ཐོད་མདོག་དཀར་པོར་རྒྱལ་རིགས་དང་། །དཀར་ལ་དམར་བའི་མདངས་ཆགས་པར། །བྲམ་ཟེའི་རིགས་ཏེ་མཆོག་གཉིས་སོ། །སེར་དང་དམར་སེར་རྗེའུ་རིགས་འབྲིང་། །ལྗང་ཁུ་དམངས་རིགས་སྔོ་སྐྱ་ནི། །གདོལ་བའི་རིགས་ཏེ་སྤངས་པར་བྱ། །ལྔ་བ་དབྱིབས་ལ་བརྟགས་པ་ནི། །ཞི་བ་དཀར་ལ་ཟླུམ་པོའི་ཚུལ། །རྒྱས་པ་སེར་ལ་གྲུ་བཞི་སྟེ། །དབྱིབས་ནི་སྒོང་གཤགས་འདྲ་བའམ། །སྨུག་ལ་པད་འདབ་འདྲ་ན་བཟང་། །དྲག་པོ་ཟུར་གསུམ་སྔོ་གཏིང་ཟབ། །དེ་ལྟར་རང་རེའི་འཕྲིན་ལས་འགྲུབ། །དྲུག་པ་ལྗོན་ཤིང་ལ་བརྟག་པར། །དབུས་སུ་གཤོང་བུ་བཞི་ཡོད་ན། །འདོད་འཇོ་བ་མོའི་ས༼བ༽སྟེ་བཟང་། །དབུས་སམ་མདུན་དུ་གཤོང་བུ་གཉིས། །ཡིད་བཞིན་ནོར་བུར་ཞེས་བྱར་བཤད། །ཤིང་ལོ་རྣ་ལྷན་གཡས་གཡོན་ནས། །རྩེ་མོ་ཡལ་ག་རྒྱས་པ་ལྟར། །ཚངས་བུག་ཐད་དུ་འཐེན་འདྲ་ནི། །དཔག་བསམ་ལྗོན་ཤིང་ཞེས་པ་ཡིན། །ཤིང་ལོ་ཐམས་ཅད་མདུན་ཕྱོགས་སུ། །འཁྱིལ་བ་བཟང་ལ་ཁ་ཕྱིར་བསྟན། །སྡོང་སྐམ་འདྲ་ན་ངན་ཏེ་སྤངས། །ལོ་འདབ་རང་ཕྱོགས་བསྟན་ན་བླང་། །ལྗོན་ཤིང་རྩ་བ་ཚངས་བུག་ནས། །བྱུང་ཞིང་རང་ལ་ཁ་བལྟས་ན། །ནོར་ཐོད་ཡིན་ཏེ་ལས་ཀུན་འགྲུབ། །ལྟག་པའི་མདུད་སྒོ་ཚངས་བུག་བར། །ཁུང་བུའི་རི་མོ་ཕྲེང་༼འཕྲད༽ན་བཟང་། །ནང་གི་གདུང་དེར་ཁྱུང་མཆུའམ། །སྣ་ཞེས་ཟེར་ཏེ་མཛུབ་མོ་ལ། །བཀལ་ནས་བསྒུལ་རུང་འཕྱང་ཐུབ་ན། །རྣལ་འབྱོར་བ་ཡི་སྲོག་ཤིང་ཡིན། །ངན་པ་དགུ་ཐུབ་ཅེས་ཀྱང་ཟེར། །ཁྱུང་མཆུའི་གཡས་གཡོན་སོར་བཞི་རེ། །བཅམ་༼བཅལ༽བའི་སོ་ན་གླང་མཆེ་ལྟར། །ཕྱི་རུ་ཡོད་ན་རྣལ་འབྱོར་བའི། །དབང་ཕྱུག་ཅེས་ཏེ་ཕ་རོལ་གྱི། །གཡུལ་ལས་རྒྱལ་བའི་ཐོད་ཞལ་ལོ། །དེ་ཡང་རྣ་ལྷན་གཡས་གཡོན་གྱི། །ཐད་ཀྱི་ཁ་དང་མདུན་རྒྱབ་ཀྱི། །གཡས་གཡོན་ཕྱེད་ཕྱེད་བགོས་པ་ཡི། །རེ་རེ་ལའང་གཡས་གཡོན་གྱི། །ཆ་དེ་སོ་སོར་ཕྱེ་བ་ཡི། །ཐིག་ནི་གླིང་ཙེ་དགུར་ཕྱེས་པས། །དབུས་ནི་བླ་མ་སློབ་དཔོན་ཟས། །ནོར་གྱི་ས་སྟེ་མདུན་རང་ས། །གཡས་མདུན་ཚེ་འདས་གཡོན་ཉེ་འབྲེལ། །དབུས་གཡས་བུ་ཚ་གཡོན་ཕ་མ། །རྒྱབ་ནི་དགྲ་ས་དེའི་གཡས་གཡོན། །གཟུངསམའི་ས་དང་ཡོན་བདག་སར། །སྲིན་ཁུང་གཅིག་དང་གཉིས་གསུམ་བཞིར། །འབྲེལ་བ་དང་ནི་སྦྲུལ་རིས་དང་། །བྱ་རྗེས་ཁྱི་རྗེས་འབུ་རྗེས་དང་། །ལྕགས་ཀྱུ་ལྟ་བུ་དགྲ་ས་དང་། །ཚེ་འདས་ས་རུ་ཡོད་ན་བཟང་། །དེ་མིན་གར་ན་ཡོད་པ་ངན། །རང་ས་ལ་སོགས་བཟང་འོས་སར། །སྲིན་ཁུང་ཤིང་ལོའི་འབྲས་འདྲའང་བཟང་། །རང་སར་ཐིག་ཟླུམ་ཉི་ཟེར་ལྟར། །འདུག་ན་སྐྱིད་ཀྱི་ཉི་མ་དང་། །རི་མོ་སྨུག་ལ་འཁྱིལ་འདུག་ན། །ཆུ་མིག་དང་ནི་སོག་སྣའི་ནང་། །རི་མོ་དཀར་པོ་ཕྲ་དོད་ནི། །རྣལ་འབྱོར་ཚེ་ལོ་ཡིན་པས་བཟང་། །དེ་ཡང་ས་ཁད་མཉན་པ་ལ། །ཐོད་པ་བཞག་པའི་རང་མདུན་ཕྱོགས། །མཐོ་ན་ཁ་རྗེ་དགེ་སྦྱོར་འཕེལ། །རང་སར་ཡངས་ཤིང་མཐུག་པ་དང་། །དགྲ་སར་དོག་ལ་སྲབ་པ་བཟང་། །དེ་གཉིས་གོ་ལོག་གྱུར་ན་ངན། །ཆ་མཉམ་བྱུང་ན་འབྲིང་དུ་བཤད། །འདོད་འཇོ་བ་ཡིས་ནུ་རྗེས་བཟང་། །ཟས་ནོར་འཕེལ་ལོ་དེ་མིན་པའི། །རྗེས་ཡོད་བྱུང་ན་མྱ་ངན་འོང་། །ཡོ་བར་འདུག་ན་ཡིད་མི་བདེ། །ཤིང་ལོ་ཕྱིར་ལོག་ཟས་ནོར་འཛད། །དགྲ་མཆུ་རྣོ་ན་དགྲ་ངོ་ཆེ། །ཞེས་པའི་རྟགས་རྣམས་ཤེས་པར་བྱ། །བདུན་པ་བུ་གར་བརྟག་པ་ནི། །ཚངས་དབུ་གཅིག་པ་རྒྱལ་རིགས་ཏེ། །ཡངས་ན་ཞོ་ཟས་དོག་ན་ཆུ། །ཐུབ་པར་ཤེས་ཏེ་བཏང་བའོ། །ཚངས་དབུ་གཉིས་པ་བྲམ་ཟེ་འབྲིང་། །གསུམ་པ་རྗེའུ་རིགས་ཐ་མའོ། །ཚངས་བུག་བཞི་དང་མང་པོ་ནི། །གདོལ་རིགས་ཡིན་ཕྱིར་སྤངས་པར་བྱ། །ཚངས་བུག་མེད་ན་ལྐུགས་ཐོད་ཅེས། །ཡོན་ཏན་གཞན་རྣམས་བཟང་ཡང་སྤང་། །དེ་ལྟར་སྐྱེ་བ་མེ་དཔས་ཀ །འགག་པ་མེད་པས་པ་ཞེས་ཏེ། །གཉིས་སུ་མེད་པས་ལ་ཞེས་བྱ། །མཚན་ཉིད་ཡོངས་སུ་རྫོགས་པ་ཡི། །ཐོད་པ་ནོར་བུ་རིན་པོ་ཆེ། །བཅང་བར་བྱེད་པའི་རྣལ་འབྱོར་བས། །དངོས་གྲུབ་རྣམ་གཉིས་འཐོབ་པར་འགྱུར། །དེ་ཡང་ཡིད་བཞིན་ནོར་བུ་ལྟར། །གཅེས་པར་བཟུང་ཞིང་ཐུ་ཡུག་དང་། །འགོམ་ཡུག་ལ་སོགས་སྤང་བྱས་ན། །གང་འདོད་འབྱུང་ལ་གདོན་མི་ཟ། །ཁ་ཊམ་ཀ་ཡི་བྱ་ཚུལ་ནི། །ཡེ་ཤེས་ལྷ་ཡི་སྐུ་རྟེན་ཏེ། །ཕོ་རྒྱུད་རྣམས་ཀྱིས་ཁ་ཊམ་ཀ །ཡུམ་གྱི་ཚུལ་དུ་བསྟེན་པ་དང་། །མོ་རྒྱུད་རྣམས་ཀྱིས་ཁ་ཊམ་ཀ། །ཡབ་ཀྱི་ཚུལ་དུ་བསྟེན་པ་ཡིན། །དེ་ཕྱིར་གསང་བའི་བདག་ཉིད་ཆེ། །རྣལ་འབྱོར་ཕོ་མོ་གང་ཡིན་དེས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཉིད། །རང་མཐུན་འཁོར་ལོ་གང་བསྒྱུར་ཡིན། །ཟག་མེད་ཐབས་ཤེས་ཡབ་ཡུམ་སྐུ། །ཟག་བཅས་དངོས་སུ་དཔེ་མཚན་ཞིང་། །སེམས་ལ་བདེ་སྟོང་ཁྱད་པར་ཅན། །སྐྱེ་བར་བྱེད་པའི་ཏྲི་ཤུལ་ནི། །ཡུ་བ་དཀར་པོ་འདོམ་གང་བའི། །མར་སྣེ་རྡོ་རྗེ་རྩེ་ལྔ་བྱ། །ཡར་སྣེའི་སྟེང་དུ་བུམ་པ་ནི། །སེར་པོ་སོར་དྲུག་དེའི་སྟེང་དུ། །སྣ་ཚོགས་རྡོ་རྗེས་མཚོན་པའི་སྟེང་། །མི་མགོ་རློམ་པ་ནག་པོ་དང་། །རྙིད་པ་དམར་པོ་སྐམ་པོ་དཀར། །དེ་གསུམ་སོར་བཞིའི་ཚད་རེ་བྱ། །དེའི་སྟེང་ལྕགས་ཀྱི་རྩེ་གསུམ་གྱི། །དབུ་མ་མཐོ་གང་གཡས་གཡོན་གཉིས། །མཛུབ་གང་ཡོད་པའི་འཁྱུལ་༼འཁྱུས༽ཁུགས་སུ། །ཨ་ལུང་གསུམ་གསུམ་དྲུག་བཏགས་པ། ། བུམ་པའི་རྩ་བར་དྲིལ་ཆུང་དང་། །སྣ་ཚོགས་དར་གྱི་ཅོད་པན་གྱིས། །མཛེས་པར་བྱ་ལ་དེ་བཞིན་དུ། །གཡུང་དྲུང་ཁ་ཊམ་རིན་ཆེན་དང་། ། པད་མ་འཁོར་ལོ་ཁ་ཊམ་སོགས། །སོ་སོར་བསྒྱུར་བར་ཤེས་པར་མཛོད། །ཁ་ཊམ་འབྲིང་ཚད་ཁྲུ་གང་དང་། །ཐུང་ཚད་མཐོ་གང་བྱེད་ན་ཡང་། །འདོམ་གང་བ་དེའི་རྫས་ཐམས་ཅད། །ཚང་བར་ཆེ་ཆུང་རིག་པས་དཔྱོད། །དོན་ནི་ལྷ་དྐུ་བདེ་ཆེན་གྱི། །རང་བཞིན་དོན་དམ་བྱང་ཆུབ་ཀྱི། །སེམས་ཀྱི་ངོ་བོ་ཡིན་ངེས་ནས། །རྩེ་གསུམ་དུག་གསུམ་རྩད་གཅོད་པ། །ཨ་ལུང་དྲུག་ནི་ཕར་ཕྱིན་དྲུག །ཐོད་པ་སྐམ་རྙིད་རློམ་གསུམ་ནི། །བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །རྡོ་རྗེའི་རལ་པའི་དོ་ཀེར་ལ། །མཚོན་པས་འགྲོབ་འི་དོན་སྣ་ཚོགས། །སྒྲུབ་པ་དང་ནི་བུམ་པ་ནི། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་། །དྲིལ་བུ་དར་སྣ་ཐེག་ཆེན་གྱི། །བོན་སྒྲས་འགྲོ་ཀུན་ཐར་གསུམ་དུ། །བཀྲི་ཞིང་ཉོན་མོངས་མ་སྤངས་པ། །ཡེ་ཤེས་རྒྱན་དུ་གྱུར་བ་དང་། །ཡུ་བ་ལུས་ཚད་ཡོད་པ་ནི། །རང་དང་མཉམ་པའི་ལྷར་སྦྱོར་ནས། །སེམས་ལ་བདེ་བ་ཆེན་པོ་སྐྱེ། །བདེ་སྟོང་ཆེན་པོ་བདག་མེད་པ། །བྱང་ཆུབ་སེམས་ཀྱི་རང་རྩལ་དུ། །ཤེས་ཏེ་ཡུ་བའི་མར་སྣེ་རུ། །རྡོ་རྗེ་རྩེ་ཕྱེད་ཀྱིས་མཚོན་པ། །འཁོར་བ་གཞི་མེད་རྩ་བྲལ་དུ། །བཏང་བའི་བརྡ་རུ་ཤེས་པར་བྱའོ། །

8

ཕྲེང་བའི་རྣམ་པར་བཤད་པ་ནི། །དམ་པའི་དོན་ལ་འཕྲེང་བ་ཡིས། །འཁོར་བར་མི་འཕྲེང་བགྲང་བའི་ཕྱིར། །ཞེས་པ་མདོ་ལས་གསུངས་པ་ལྟར། །རྒྱུ་ནི་མན་ངག་རྫོང་འཕྲང་ལས། །རྭ་དང་རུས་པའི་ཕྲེང་བ་དང་། །མི་མིན་དུང་གིས་མཛེས་པ་ཡིན། །རྒྱས་པ་གསེར་དངུལ་བ་སོ་སྟེ། །ཚེ་རིང་ནད་མེད་དགེ་བ་ཡིན། །བྱུ་རུ་ཟངས་དང་ཙན་དན་དམར། །འགུག་བྱེད་དབང་གི་ལས་ཀུན་མྱུར། །རྒྱུ་རག་ཤ་དང་ལུང་ཐང་འབྲས། །ཐོད་པ་མངོན་སྤྱོད་དྲག་པོ་ལ། །བོ་ཏི་ཙི་ནི་སྤྱི་རུ་རྒྱུག །ཞེས་པ་དེ་ལྟར་སྣང་བླང་གཟབ། །གྲངས་ནི་བརྒྱ་དང་རྩ་བརྒྱད་བྱ། །ཕྲེང་ཐག་བལ་ལམ་རས་སྐུད་ཀྱི། །ཞི་བ་ལ་ནི་སུམ་སྒྲིལ་དང་། །རྒྱས་པར་བཞི་སྒྲིལ་དབང་ཉིས་སྒྲིལ། །དྲག་པོ་ལ་ནི་དགུ་སྒྲིལ་བྱ། །ཁ་དོག་ལས་བཞི་རང་མདོག་མཐུན། །རྒྱུན་བུར་བྱེད་ཚེ་ཞི་བར་གླང་། །རྒྱས་པ་ལ་ནི་ར་ཁམ་པ། །དབང་ལ་བ་དམར་དྲག་པོ་ལ། །ཞིང་ཆེན་རས་མ་འཐད་པར་བྱ། །མཛོ་དང་མགར་༼མགལ༽བའི་ཕྲང་ཐག་སྤང་། །སྒོ་བཞི་མཛོད་ལྔ་ལ་སྦྱར་ན། །དཔོན་གསས་དུང་གི་ཕྲེང་བར་བགྲང་། །ཆབ་ནག་ཤེལ་གྱི་ཕྲེང་བར་བགྲང་། །ཆབ་དཀར་རག་ཤའི་ཕྲེང་བར་བགྲང་། །འཕན་ཡུལ་མན་ལུང་ཕྲེང་བར་བགྲང་། །གཙང་མ་མཐོ་ཐོག་སྤྱི་རྒྱུག་གི །ཐིག་ལེ་ཆེན་པོ་བཟླས་པ་ལ། །བོ་ཏི་ཙི་ཡི་ཕྲེང་བར་བགྲང་། །ཕྲེང་ཐག་ཁ་དོག་རིམ་བཞིན་དུ། །དཀར་ལྗང་དམར་སྔོ་སེར་པོར་བྱ། །ཕྲེང་ཐག་རིན་ཆེན་གའུ་ལས། །ཕྲེང་ཐག་ཐུགས་རྗེའི་ཉག་ཐག་ལ། །ཕྲེང་རྡོག་རང་གཞུང་ལྷ་ཡི་ཚོགས། །བཅུ་འཛབ་ལས་བྱེད་ཕོ་ཉ་སྟེ། །མདོ་འཛིན་ཟླུམ་པོ་བོན་སྐུ་དང་། །བུམ་པ་ངོ་བོ་ཉིད་སྐུར་མཚོན། །ཕྲེང་བའི་དཀྱིལ་ཁོག་སྟོང་བ་ནི། །བོན་ཉིད་དེ་བཞིན་ཉིད་དུ་མཚོན། །ཐུགས་རྗེའི་ཉག་ཐག་ཅེས་དེའང་། །ཞི་བར་ལུ་གུ་རྒྱུད་ཀྱི་དང་། །རྒྱས་པར་བ་ཐག་གཟེངས་བའི་དང་། །དབང་ལ་གློག་དམར་འོད་ཀྱི་དང་། །དྲག་པོར་གནམ་ལྕགས་ཞུན་མ་ཡི། །ཉག་ཐག་ཏུ་ཤེས་གཞན་རྣམས་སླ། །ལྷ་ཚོགས་འདུས་པའི་དཀྱིལ་འཁོར་ནི། །ཕྲེང་བར་ཚང་བའི་དམ་ཚིག་པར། །དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས། །གཉིས་མེད་གཅིག་ཏུ་བསྲེས་པ་ལ། །ཕྲེང་བ་བྱིན་རླབས་དབྱངས་གསལ་དང་། །ཡི་དམ་གང་བསྙེན་དེའི་འཛབ་དང་། །རྟེན་འབྲེལ་སྙིང་པོ་ལ་སོགས་པ། །ཤིས་བརྗོད་སྙིང་པོ་ཅི་རིགས་ཀྱི། །རབ་ཏུ་གནས་པར་བྱ་བའོ། །འདྲེན་ལུགས་ལུང་ལས་འདི་སྐད་དོ། །ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་པ་གོང་མོ་དབང་སྲིན་ལག །དྲག་པོ་མཐེའུ་ཆུང་སྟེང་ནས་འདྲེན། །ཟློག་བསད་ཕར་ལ་བགྲང་བར་བཤད། །མཐེ་པོང་ལྕགས་ཀྱུས་ལྷ་རྣམས་འགུག །ཅེས་པས་གང་བབས་སྟེང་བཞག་ལ། །མཐེ་བོང་གིས་ནི་ཚུར་བགྲང་བྱ། །ཟློག་བསད་ལག་གཡོན་གྱིས་བཟུང་ནས། །ལག་པ་གཡས་ཀྱི་མཐེ་བོང་དང་། །མཐེའུ་ཆུང་གཉིས་ཀྱིས་ཕར་ལ་བགྲང་། །དམ་ཚིག་འགོམ་ཡུག་སྨེ་བ་དང་། །རང་གི་ཞབས་སུ་བཅུག་པ་དང་། །སྡིག་ཅན་ལག་ནས་བྱུང་བ་སྤང་། །བཟླས་དུས་གཞན་ལ་མི་བསྟན་ཞིང་། །གཞན་གྱི་ལག་ཏུ་འགྲིམ་མི་བྱ། །གཞན་ལ་བརྩི་སླད་དུ་བཤར་མི་བྱེད། །ཚུལ་འཆོས་ཀྱིས་ལག་ཏུ་མི་འདྲེན། །ས་ལ་མི་འཇོག་ལུས་ལ་བཅང་། །རབ་གནས་མེད་པ་མི་བཅང་ངོ་། །སྦྱིན་སྲེག་མཛད་པའི་ཕྱག་ཆ་ནི། །ཞི་རྒྱས་དབང་དྲག་རྒྱུན་དང་ལྔར། །དང་པོ་ཞི་བའི་དགང་གཟར་དང་། །བླུག་གཟར་གཉིས་ཀའི་ཆག་ཚད་ནི། །ཆག་གང་ཟླུམ་བྱས་བླུག་གཟར་ན། །ཟླུམ་པོ་རིམ་གཉིས་ཟབས་སུ་བྱ། །ནང་དུ་ཨ་མ་བཀོད་པའི་ཁར། །གཡུང་དྲུང་ར་བ་ཕྱི་རུ་ནི། །སོར་གཉིས་འཕེལ་བའི་རྩེ་ཕྱོགས་སུ། །རྡོ་རྗེ་རྩེ་ཕྱེད་ཀྱི་དབུས་ནས། །སྦུ་གུའི་མཆུ་ནི་དོད་པར་བྱ། །ཡུ་བའི་མར་སྣེར་ཆུ་སྲིན་གྱི་ཁ་དང་རྐེད་པར་རྒྱ་མདུད་དང་། །མར་སྣེར་རྡོ་རྗེ་རྩེ་ཕྱེད་ཀྱིས། །མཚོན་ཞིང་རིང་ཐུང་འདོམ་གང་བྱ། །རྒྱས་པའི་ཧོམ་གཟར་འབྱམས་གཟར་ནི། །ཆག་ཚད་གོང་ལྟར་དབྱིབས་གྲུ་བཞི། །འབྱམས་གཟར་ནང་དུ་རིམ་གཉིས་བྱེད། །ཁ་ལ་རྡོ་རྗེའི་ར་བ་ཕྱིར། །འཕེལ་ལུགས་སོགས་ནི་གོང་དང་མཚུངས། །དབང་གི་དགང་བླུག་ཆག་ཚད་ནི། །གོ་དང་འདྲ་ཞིང་དབྱིབས་ཟླ་གམ། །བླུགས་གཟར་རིམ་གཉིས་ཁ་ལ་ནི། །པད་མས་བསྐོར་སོགས་གོང་བཞིན་འདྲེས། །དྲག་པོ་དགང་བླུགས་ཆག་ཚད་ནི། །གོང་བཞིན་དབྱིབས་ནི་ཟུར་གསུམ་ལ། །བླུགས་གཟར་རིམ་གཉིས་ཐོད་ཕྲེང་གིས། །བསྐོར་བ་སོགས་ནི་གོང་ལྟར་མཚུངས། །སྤྱི་རྒྱུག་རྒྱུན་གྱི་དགང་བླུག་ནི། །ཧོམ་གཟར་ཞེས་པ་དགང་གཟར་ནང་། །ཞི་རྒྱས་དབང་དྲག་བཞི་ཚང་བའི། །ཁ་ར་ཟླུམ་པོར་དོད་པ་ལ། །པད་མའི་ར་བ་བསླང་བར་བྱ། །འབྱམས་གཟར་ཞེས་པ་བླུགས་གཟར་ནང་། །།ཞི་རྒྱས་དབང་དྲག་དབྱིབས་ཚང་ཞིང་། །ཁ་ལ་པད་ར་སོར་གཉིས་ཕྱིར། །འཕེལ་ཞིང་ཡུ་བ་སྦྱོར་ལུགས་སོགས། །གོང་བཞིན་ཤེས་པར་བྱ་བ་འཚལ། །དེ་ཡང་སྦྱིན་སྲེག་བྱ་བའི་སྐབས། །འདུལ་ཆས་སྔགས་ཆས་གང་མཛད་པ། །རང་ལུགས་མཛེས་པའི་ཆས་སྤྲས་ལ། །ཕྱག་གཉིས་དེ་བཞིན་གཤེགས་པ་ཡི། །ཕྱག་རྒྱས་དགང་བླུགས་ཁ་སྦྱོར་དུ། །བསྣམས་ལ་སྟེང་མ་ཐབས་དང་ནི། །འོག་མ་ཤེས་རབ་ཡིན་པས་ན། །སྟོང་ཉིད་སྙིང་རྗེ་ཨ་ཅང་ལ། །དེ་བཞིན་ཡིད་ལ་དྲན་བྱས་པནས། །བྱ་བ་རྩོམ་ན་ཤིན་ཏུ་ལེགས། །

9

ཞྭ་ནག་རྣམ་པར་བསྙད་པ་ལ། །མཆོག་གསུམ་སྤྱི་གཟུགས་བླ་མ་ནི། །རྟག་ཏུ་སྤྱི་བོར་བཀུར་བའི་བརྡར། །མཐོ་ཁྱུད་ཚད་ལྡན་གཙུག་གི་རྒྱན། །ཁབ་དང་སྐུད་པ་སྦྲེལ་བ་དེ། །ཐབས་ཤེས་ཟབ་མོ་ཟུང་འབྲེལ་རྟགས། །སྨྱུག་མ་དར་དམར་སྦྱར་བ་འདི། །དབྱིངས་ཡེ་གསལ་སྟོང་ཟུང་འཇུག་བརྡ། །ཕྱི་ཆས་དར་ནག་ཡིན་པ་འདི། །ཉོན་མོངས་ཟིལ་གྱིས་གནོན་པའི་བརྡ། །དབུ་འབུར་རྒྱལ་མཚན་རྒྱན་གྱི་དོན། །བོན་ནི་མི་ནུབ་རྒྱལ་མཚན་དུ། །གྱུར་བཞིན་འགྱུར་མེད་རྟག་གནས་བརྡ། །རྩེ་ལ་ཐོད་སྐམ་བརྒྱན་པའི་དོན། །སྤྲོས་བྲལ་ཀ་ནས་དག་པའི་བརྡ། །ནོར་བུ་འབར་བའི་ཏོག་མངའ་བ། །ཀུན་བཟང་དབུ་ལ་བཞུགས་པའི་བརྡ། །དར་ཚོན་སྣ་ལྔའི་རྒྱན་ལྡན་པ། །རིགས་ལྔའི་མཁའ་འགྲོ་འདུས་པའི་བརྡ། །གཟུགས་མོ་བྱི་དུར་རྒྱན་ཆས་འདི། །རིས་མེད་འགྲོ་བའི་དོན་མཚད་བརྡ། །ཟངས་མའི་སྦུག་གུར་བཅུག་པ་དེ། །རང་སེམས་དམར་ཐག་ཆོད་པའི་བརྡ། །སྣང་གསལ་ཨ་དར་ཤ་འདི་ཡང་། །སྣང་སྲིད་ས་ལེ་གཟིགས་པའི་དོན། །ཕག་རྒོད་མཆེ་བའི་ཟླ་ཚེས་འདི། །ཀླུ་གཉན་ས་བདག་འདུལ་བའི་བརྡ། །།ཞྭ་མཐའ་དོམ་གྱིས་སྤྲས་པ་འདི། །ལྷ་འདྲེ་དབང་དུ་འདུས་པའི་བརྡ། །ཚོན་སྐུད་ཐོག་རིས་བྲན་པ་འདི། །རིག་པ་རྡུལ་ཤུགས་ལྡན་པའི་བརྡ། །ཨག་སྒྲོག་ལྷས་རྒྱུད་བྱས་པ་འདི། །བོན་སྤྱོད་རྒྱུན་ཆད་མེད་པའི་དོན། །ཨོག་མདུད་རྒྱ་མདུད་བྱས་པ་འདི། །ངན་སོང་སྒོ་མོ་གཅོད་པའི་རྟགས། །ཞྭ་ནི་ཐམས་ཅད་གཞིར་ཐིམ་སྟེ། །ནག་ནི་ལྷ་འདྲེ་གཉིས་འཛིན་བྲལ། །མ་རིག་སེམས་ཅན་སྲིད་དོ་ཅོག །ནམ་ཞིག་བྱང་ཆུབ་མ་ཐོབ་པར། །དྲིན་ཆེན་བླ་མའི་ངོ་བོ་ཉིད། །གསང་སྔགས་ཐང་ཞུ་དབུར་བཀོད་དེ། །ཕྱོགས་མེད་གཉན་ས་འགྲིམ་པར་མཛད། །བྱང་ཆུབ་སེམས་ཀྱི་སྡོམ་པ་ལ། །གནས་པའི་རྣལ་འབྱོར་བ་རྣམས་ནི། །སྤྲང་པོ་བཞིན་ཏེ་ཆ་བྱད་ལ། །སྤང་བླང་གཉིས་མེད་རང་གྲོལ་གྱི། །ཟབ་ལམ་རྣམ་དག་ཡིན་པའི་ཕྱིར། །དགག་དང་བསྒྲུབ་ཏུ་མེད་ནའང་། །བླ་མེད་ཐེག་ཆེན་གྱི་ལུང་ལས། །རྫས་དང་ཡོ་བྱད་ཉུང་བ་ལ། །ཐེག་པ་ཆེན་པོའི་རྣལ་འབྱོར་བརྗོད། །ཅེས་པའི་གསུང་ལྟར་རེ་ཞིག་ཏུ། །རང་གཞུང་དང་མཐུན་རྣལ་འབྱོར་གྱི། །བྱ་ཆ་སྣ་བདུན་ཞེས་པར་བཤད། །སྒོམ་ཞུ་སྒོམ་ཐག་རྔུལ་གཟན་དང་། །ཨང་ར་ཊར་སིལ་ཐོལ་ཞལ་དང་ཕྱག་འཁར་བདུན་གྱི་དང་པོ་ལ། །

10

སྒོམ་ཞུ་དཀར་མོ་རྩེ་རྒྱལ་གྱི། །རྒྱུ་འདི་བལ་ལ་བྱས་པ་ནི། །ཀུན་གཞི་བལ་བས་འཇམ་པའི་རྟགས། །བལ་ལ་ཆུ་བཅགས་བྱས་པ་ནི། །བོན་རྒྱུད་ཆུ་ལས་རིང་བའི་རྟགས། །གཞི་ལ་ཕྱིང་དཀར་དང་ལ་ཕུབ། །ཀ་དག་ལྷུན་གྱིས་གྲུབ་པའི་རྟགས། །རས་དཀར་དག་གི་ཕྱི་ནས་གཡོགས། །གཞི་རིག་གཉིས་མེད་མཉམ་པའི་རྟགས། །ཚེམ་བུ་ཞིབ་ཏུ་རྒྱོབ་པ་འདི། །བོན་ལ་རྒྱུ་འབྲས་ཞིབ་བླངས་རྟགས། །ཞྭ་མཐའ་དར་གྱི་མུ་ཁྱུད་འདི། །བསྟན་པ་མཐའ་ནས་དར་བའི་རྟགས། །རྩེ་ལ་རྒྱལ་མཚན་བཙུག་འདི་བོན། །ནུབ་མེད་རྒྱལ་མཚན་འཛུག་པའི་རྟགས། །འཁྱིལ་སྐུད་དམར་པོ་བྱས་པ་འདི། །སེམས་ཉིད་དམར་ཐག་ཆོད་པའི་རྟགས། །གཡས་ནས་གཡོན་དུ་བསྐོར་བ་འདི། །དཔའ་བོ་ཡབ་རྣམས་འབྱོན་ལམ་ཡིན། །ངོ་སྒོ་སྟོང་པ་ཡོད་པ་འདི། །དོན་དམ་སྟོང་ཉིད་རྟོགས་པའི་རྟགས། །སྒོ་རྒྱན་ནོར་བུ་གསུམ་སྤུངས་འདི། །སྐུ་གསུང་ཐུགས་དང་ལྡན་པའི་རྟགས། །ཚོན་སྐུད་གསུམ་གྱིས་བསྐོར་བ་འདི། །ཕྱི་ནང་གསང་གསུམ་ཐུགས་ཆུད་རྟགས། །འདི་ཡང་རྩེ་གསུམ་ཡིན་པ་ལ། །ཚད་གསུམ་ཟུང་དུ་འབྲེལ་བའི་རྟགས། །ཞྭ་འདབ་གཉིས་སྦྱར་སྦྱོར་བ་ནི། །བདེན་གཉིས་དོ་ར་མཉམ་པའི་རྟགས། །ཚོན་ལྔས་མཐའ་རས་བྱ་བ་ནི། །ཐུགས་ལ་སྒོ་བཞི་མཛོད་ལྔ་ལྡན། །ཁྱུང་གཤོག་གཡས་གཡོན་རྒྱངས་པ་འདི། །སྤྱི་རྒྱ་རླབས་ཀྱིས་གཅོད་པའི་རྟགས། །གཅན་གཟན་འོབ་ཀྱིས་བརྒྱན་པ་འདི། །སྡེ་བརྒྱད་ཟིལ་གྱིས་གནོན་པའི་རྟགས། །གཤོག་རྩེ་དམར་པོ་ཡོད་པ་འདི། །གང་ལ་ཐོགས་རྡུགས་མེད་པའི་བརྡ། །མདུན་ནས་བལྟས་ན་དགྱེས་པ་འདྲ། །འཁོར་བར་ཞེན་པ་ལོག་པའི་རྟགས། །རྒྱབ་ནས་བལྟས་ན་སྒུར་བ་འདྲ། །བོན་དང་བླ་མར་གུས་པའི་རྟགས། །འགྲམ་ནས་བལྟས་ན་ནོར་བུ་འདྲ། །འདོད་དགུ་ལྷུན་གྱིས་གྲུབ་པའི་རྟགས། །ཞྭ་ཕུག་སྟོང་ལ་ཟླུམ་པ་དེ། །བོན་ཀུན་སེམས་ལ་འདུས་པའི་རྟགས། །གཤེན་གྱི་གཤེན་ཞྭ་དཀར་པོ་འདི། །འབྲིང་མཚམས་མཐའ་དཀར་དབེན་ཁྲོད་དུ། །སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ལ། །རྨ་རྒྱལ་པོམ་རས་ང་ཉིད་ཀྱི། །གནས་རི་ལྟ་བུ་དགོས་ཞུས་པའི། །ལུང་བསྟན་ཡི་གེར་བཀོད་པ་དགེ། །གཉིས་པ་པ་སྒོམ་ཐག་གི་རྒྱུ་ནི། །རས་ཕྲུག་འཇམ་ལེགས་དམར་པོར་བྱ། །རིང་ཚད་ཉིས་ཁུགས་བྱས་པ་ཡི། །རང་མགོར་སྐྲིས་ནས་ཆངས་པ་གསུམ། །བྱེད་པ་དེ་ནི་དཀྱིལ་ཀྲུང་གི། །པུས་མོ་གཉིས་ནས་རོ་སྟོད་དང་། །རྒྱབ་གྱི་བར་དུ་བསྐྲིས་པའོ། །འབྲིང་ཚད་ཉིས་ཁུགས་མགོ་གང་དང་། །ཆངས་གཉིས་པུས་མོ་གཡས་གཡོན་གཉིས། །

གང་རུང་ཞིག་ལ་སྐོན་ནས་ནི། །སྟོད་རྒྱབ་ཏུ་སྐྲི་གོང་ལྟར་རོ། །ཐུང་ཚད་ཉིས་ཁུགས་མགོ་གང་དང་། །ཆངས་པས་ལུས་གནད་ཐབས་དྲུག་གམ། །དྲང་སྲོང་ཙོག་པུར་བཞུགས་པ་ཡི། །སྒོམ་ཐག་རྒྱུན་དུ་འཆང་བར་བད། །སེམས་གནད་སྒོམ་པའི་སྒོམ་ཐག་ཡིན། །ལུས་གནད་གཅུས་པའི་གཅུས་ཐག་ཡིན། །མི་ཡེངས་པ་ཡི་དྲན་ཐག་ཡིན། །མི་བརྗེད་པ་ཡི་གཟུངས་ཐག་ཡིན། །་སྐྱོ་པ་ཡི་ངང་ཐག་ཡིན། །འགྲོ་དུས་སེ་རལ་ཁ་རུ་འཁྱུད། །འདུག་པའི་དུས་སུ་ལུས་གནད་གཅུན། །ཉལ་བའི་དུས་སུ་སྔས་མགོ་ལ། །བཞག་པ་བྱའོ་ལུང་ལྟར་བཀོད། །གསུམ་པ་རྔུལ་གཟན་རྣལ་འབྱོར་གྱི། །རྒྱུད་ལས་ཟླ་ཞུན་ཐིག་འདྲ་བའི། །རས་དཀར་སྐུ་ལ་གསོལ་ཞེས་པས། །གཟན་དཀར་གཏུམ་མོ་ཨ་ཐུང་གི། །གོས་ཡིན་བདེ་དྲོད་ནང་ན་འབར། །འཁོར་བའི་སྐྱི་དང་བྲལ་བའི་བརྡའོ། །ཡང་ན་ཨ་རྡི་ཁ་དམར་ཞེས། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་བརྡར། །འཕྲེད་དུ་ཞིང་གསུམ་བྱ་པ་བ་ལ། །ཐབས་ཤེས་འདུ་འབྲལ་མེད་པའི་བརྡ། །དཀར་ལ་དམར་བས་མཐའ་རྒྱན་བརྟགས། །ཆག་ཚད་ཐུར་དུ་ཁྲུ་གསུམ་དང་། །འཕྲེད་དུ་ཆུ་རས་སྐབས་སུ་ནི། །རིང་ནི་ལེགས་ཕྱིར་ཁྲུ་དགུ་བྱའོ། །བཞི་བ་ཨང་ར་གསང་རྒྱུད་ལས། །དར་ནག་ཨང་ག་་མནབས་ན། །ཟབ་ལམ་རྩ་རླུང་བདེ་དྲོད་འབར། །ཞེས་པས་ཨང་རའི་གོང་བ་དང་། །བར་ཆིངས་སྣམ་ཕྲུག་གིས་བྱས་ཏེ། །གོང་བ་གཉིས་ལྡེབ་ལ་མཛུབ་དོ། །བར་ཆིངས་ལྡེབ་ལ་མཐོ་གང་གསུངས། །མདོར་ན་རང་ལུས་ལ་འབྱོར་ཚད། །མཐིང་ནག་དར་གྱི་འཕུར་ཤམ་བཏགས། །རྩ་རླུང་ཐིག་གསུམ་འཁྲུལ་འཁོར་གྱི། །ཉམས་སུ་ལེན་པའི་དུས་ཡིན་ལ། །དེ་མ་ཡིན་པའི་དུས་སུ་ཡང་། །ཨང་ར་མི་ལ་མི་བསྟན་པའི། །དམ་ཚིག་ཡིན་གསུངས་དེ་ལྟར་བྱ། །ལྔ་བ་ཊར་སིལ་དྲུག་པ་ནི། །ཐོད་ཞལ་ཞེས་པ་གོང་ལྟར་ཡིན། །བདུན་པ་ཕྱག་མཁར་སྔགས་ཆས་སུ། །བཤད་པའི་ཁ་ཊམ་ཀ་ཡིན་ལ། །ཡང་ན་སྦ་སྨྱུག་ཀྱང་རུང་སྟེ། །རྣལ་འབྱོར་བ་ཡི་ཕྱག་ཆ་ལས། །སྦ་ཡི་མ་རྩ་བཅད་པ་དེ། །འཁོར་བའི་གཞི་རྩ་བཅད་པའི་བརྡ། །ཡ་ཐོག་རྩེ་མོ་བཅད་པ་དེ། །ཐེ་ཚོམ་གོལ་བ་བཅད་པའི་བརྡ། །སྦ་མཐའ་ལྕགས་ཀྱིས་སྐྲིས་པ་དེ། །ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་བརྡ། །ཡ་ཐ་ཟངས་ཀྱིས་སྐྲིས་པ་དེ། །སེམས་ཉིད་དམར་ཐག་ཆོད་པའི་བརྡ། །སྦ་ལ་ཁྲུ་བཞི་ཡོད་པ་དེ། །ཆད་མེད་བཞི་དང་ལྡན་པའི་བརྡ། །ཚིགས་པ་གསུམ་དང་ལྡན་པ་དེ། ཚད་གསུམ་ཟུང་དུ་འབྲེལ་བའི་བརྡ། །སྦ་ལ་ལུང་སུལ་ཡོད་པ་དེ། །རྣལ་འབྱོར་རི་ཁྲོད་འགྲིམ་པའི་བརྡ། །ལོགགཅིག་འདོམ་བརྒྱར་སྐྱེས་འོས་འདི། །ཚེ་གཅིག་སངས་རྒྱས་ཐོབ་པའི་བརྡ། །མགོ་གཞུག་ཤ་དོད་མཉམ་པ་འདི། །འཁོར་འདས་དབྱེར་མེད་རྟོགས་པའི་བརྡ། །ཁོང་སེང་ཟང་ཐལ་ཡོད་པ་འདི། །རིག་པར་སྒྲིབ་གཡོགས་མེད་པའི་བརྡ། །ཉག་ཕྲ་མང་པོ་གཤིབས་པ་འདི། །གཅིག་ཤེས་ཀུན་ལ་མཁས་པའི་བརྡ། །སྦ་ལ་ལྕག་ས་འཛེར་རྒྱབ་པ་དེ། །རྣལ་འབྱོར་སྙིང་རུས་ཆེ་བའི་བརྡ། །དེ་ལ་ཨ་ལུང་ཡོད་པ་དེ། །བུ་སློང་རྗེས་སུ་འཛིན་པའི་བརྡ། །དེ་ལ་དར་སྣ་བཏགས་པ་དེ། །ཐེག་ཆེན་བསྟན་པ་དར་བརྡ། །ཞེས་སོགས་གསུང་ལྟར་སྦྱོར་བར་རིགས། །དེ་ལྟར་བྱང་སྡོམ་ཆས་རྣམས་ཀྱི། ། རྣམ་པར་བཞག་པ་བཤད་ཟིན་དོ། ། ཞེས་པ་རྒྱལ་རོང་ཀེའུ་སེང་གེ་ཡོངས་རྫོང་དུ་བཞུགས་པའི་རྟོགས་ལྡན་འགའ་ཞིག་གིས་འདི་ལྟར་གྱི་རྣམ་པར་བཤད་པ་གོ་བདེ་ཞིག་དགོས་འདུག་ཆེས་པའི་བསྐུལ་བ་ལ་བརྟེན་ནས་སྐྱང་ནམ་གྱིས་བགྱིས་པས་སརྦ་མངྒལཾ། ། ། །

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།